དབུ་ཤོག>ཆེད་སྒྲིག
  • བོད་ལ་ཐེངས་གཅིག་བསྐྱོད་པ་ན། ཚེ་གང་ལ་རྒྱའི་མདུད་པ་ཐེབས།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     རྩོམ་པ་པོ།  ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཡེ་ཆན་དང་སུན་ཧྥེ།   |     སྤེལ་དུས།  2021-08-26

    འདི་ལོ་ནི་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བའི་ལོ་ཞིག་རེད། བོད་དུ་ལས་འབྲེལ་བྱུང་བའི་རྒད་པོ་གཉིས་ལོ་56འདས་རྗེས་སླར་ཡང་བོད་དུ་ཐུག་འཕྲད་བྱུང་བ་རེད།

    གཅིག་ནི་མི་ལོ་བདུན་ཅུར་སོན་པའི་བོད་རིགས་ཀྱི་བརྐོས་རིས་མཁས་ཅན་ཁྱི་སྐྱག་ཟླ་བ་ཡིན་པ་དང་། གཅིག་ཤོས་ནི་མི་ལོ་བརྒྱད་ཅུར་སླེབས་པའི་ལིང་ནན་བྲིས་རྒྱུན་གྱི་རྒྱུན་འཛིན་པ་མི་རབས་གསུམ་པ་ལེང་ཧྲི་ཞུང་རེད།

    ཐུག་འཕྲད། ཞིང་བྲན་ལ་ཡར་ལངས་བཅིངས་འགྲོལ་ཐོབ་ཚུལ་རགས་བྲིས།

    རྒད་པོ་གཉིས་ཀྱི་གཏམ་རྒྱུད་ནི་ལོ་ངོ་56སྔོན་ནས་གླེང་དགོས་པ་སྟེ། 1965ལོར་བོད་རང་སྐྱོང་ལྗོངས་དབུ་བརྙེས་པ་དང་། ལོ་དེའི་ཟླ་8པར་ལོ་32ལ་སླེབས་པའི་ཀོང་ཀྲོའུ་མཛེས་རྩལ་སློབ་གླིང་གི་གཞོན་ནུ་རི་མོ་མཁས་ཅན་ལེང་ཧྲི་ཞུང་ཀྲུང་དབྱང་སྐུ་ཚབ་ཚོགས་པ་དང་ལྷན་དུ་བོད་དུ་ཡོང་བ་དང་། ཀྲུང་གོ་གསར་པའི་དངོས་ཡོད་རིང་ལུགས་བརྗོད་གཞིར་བྱས་ནས་བོད་ལྗོངས་མཚོན་པར་བྱེད་མཁན་གྱི་རི་མོ་མཁས་ཅན་སྔ་ཤོས་ཀྱི་གྲས་སུ་གྱུར།

    “སྐབས་དེ་དུས་རིག་གནས་པུའུ་ནས་མི་དམངས་ཚོགས་ཁང་ཆེ་མོའི་བོད་ལྗོངས་ཚོམས་ཆེན་དུ་རང་རྒྱལ་གྱི་སྲོལ་རྒྱུན་རི་མོ་ཆེན་པོ《གངས་རིའི་ཐང་དཀར་རྒོད་པོ》འབྲི་བའི་དོན་དུ་རི་མོ་མཁས་ཅན་ཁག་གཅིག་བོད་དུ་མངགས་པ་རེད”ཅེས་ལེང་ཧྲི་ཞུང་གིས་བཤད།

    མཉམ་དུ་བོད་དུ་ཡོང་མཁན་གྲས་སུ་ད་དུང་མི་རིགས་ཀྱི་རི་མོ་མཁས་ཅན་ཁ་ཤས་ཡོད། ལོ་19ལ་སླེབས་པའི་བོད་རིགས་གཞོན་ནུ་ཁྱི་སྐྱག་ཟླ་བ་ནི་དེའི་གྲས་ཤིག་ཡིན་ཞིང་། སྐབས་དེ་དུས་ཁོང་སི་ཁྲོན་མཛེས་རྩལ་སློབ་གླིང་ནས་ཐོན་མ་ཐག་རེད།

    1946ལོར་སི་ཁྲོན་དཀར་མཛེས་ཀྲོའུ་རུ་སྐྱེས་པའི་ཁྱི་སྐྱག་ཟླ་བ་ནི་ཆུང་དུས་ནས་ཁྱིམ་ཚང་གི་འཁོས་ཀ་ཞན་པས་སྤུན་མཆེད་དང་ཁྱིམ་མཚེས་ཀྱི་རོགས་རམ་ལ་བརྟེན་དགོས་ཀྱི་ཡོད། ལོ་13ལ་སླེབས་སྐབས་སི་ཁྲོན་མཛེས་རྩལ་སློབ་གླིང་མི་རིགས་འཛིན་གྲྭར་སློབ་མ་བསྡུ་སྐབས་ཆུང་དུས་ནས་གང་སར་རི་མོ་འབྲི་བར་དགའ་བའི་ཁྱི་སྐྱག་ཟླ་བར་འོས་སྐྱེལ་གྱི་ཐོབ་ཐང་རག་ནས་སློབ་གྲྭར་ཆེད་ལས་བརྐོས་རིས་སྦྱོང་བའི་བསྐལ་བ་ཐོབ།

    1964ལོར་ཁོང་སློབ་མཐར་ཕྱིན་རྗེས་སི་ཁྲོན་ཞིང་ཆེན་མཛེས་རྩལ་པའི་མཐུན་ཚོགས་སུ་ལས་བགོས་བརྒྱབ་པ་དང་། དེ་རྗེས་རང་ཉིད་སྐད་གྲགས་ཆོད་པའི་བརྐོས་རིས《ལམ་འབྱེད་པ》ཞེས་པ་བརྩམས་པ་རེད། 1965ལོའི་ཟླ་9ཚེས་1ཉིན། ཁྱི་སྐྱག་ཟླ་བས་མི་རིགས་མཛེས་རྩལ་གྱི་འཐུས་མིའི་ངོས་ནས་བོད་རང་སྐྱོང་ལྗོངས་དབུ་བརྙེས་པར་བདེན་དཔང་བྱས།

    ལ་ཀླུང་སྟོང་གིས་རྒྱང་དུ་ཆོད་པའི་ན་གཞོན་སྒྱུ་རྩལ་མཁས་ཅན་གཉིས་གངས་ལྗོངས་ས་མཐོར་འཕྲད།

    རུམ་དུ་དམར་འབྱར་ཉར་བའི་ཨ་མ་དང་རྟ་བཞོན་ནས་ལ་གླུ་ལེན་མཁན་འབྲོག་པ་སོགས་དམངས་གཙོའི་བཅོས་སྒྱུར་རྗེས་ཀྱི་བོད་མི་དམངས་ལ་བདེ་སྐྱིད་དང་སྤྲོ་སྣང་གིས་ཁེངས་པའི་འཚོ་བས་ཁྱི་སྐྱག་ཟླ་བ་དང་ལེང་ཧྲི་ཞུང་ལ་ཡང་ཤུགས་རྐྱེན་ཆེན་པོ་ཐེབས།

    ཁྱི་སྐྱག་ཟླ་བ་ཞིང་འབྲོག་ཁུལ་དུ་འཚོ་བ་ཟླ་བ་ལྔ་ལྷག་ཙམ་བསྐྱལ་ཏེ་ཁོང་དང་བརྐོས་རིས་མཁས་ཅན་གཞན་དག་གཉིས་ཀྱིས་མཉམ་དུ་བརྩམས་པའི《བོད་རང་སྐྱོང་ལྗོངས་དབུ་བརྙེས་པར་རྟེན་འབྲེལ་ཞུ་བའི་ཤིང་བརྐོས་མུ་འབྲེལ་རི་མོ》《བོད་ལྗོངས་ཉིན་རེའི་ཚགས་པར》དུ་སྤེལ་བ་རེད།

    གྱེས་པ། གསར་རྩོམ་ལ་བརྟེན་ནས་གངས་ལྗོངས་ས་མཐོར་བག་ཆགས་ཟབ་མོ་བཞག་པ།

    ཟླ་ཤས་རིང་བོད་དུ་བསྡད་པའི་མྱོང་བ་ལས་ལེང་ཧྲི་ཞུང་དང་ཁྱི་སྐྱག་ཟླ་བའི་རི་མོའི་ལམ་བུར་ཤུགས་རྐྱེན་ཟབ་མོ་ཐེབས།

    “བོད་དུ་བསྐྱོད་པ་དེ་ནི་བརྗེད་པར་དཀའ་བའི་ཉམས་མྱོང་ཞིག་རེད། དེ་ནི་རི་མོ་ཁག་གཅིག་བྲིས་པ་ཙམ་མ་ཡིན་པར་བསམ་བློ་དང་། འཚོ་བ། འབྲི་རྩལ་བཅས་ཕྱོགས་གསུམ་ཀར་སྦྱོང་བརྡར་ཟབ་མོ་ཞིག་རེད་སྙམ་གྱི་འདུག”ཅེས་ལེང་ཧྲི་ཞུང་གིས་ཉིན་ཐོའི་ནང་དེ་ལྟར་བྲིས་ཡོད།

    ཀོང་ཀྲོའུ་རུ་ལོག་རྗེས་ལེང་ཧྲི་ཞུང་གིས་སྔ་རྗེས་སུ《ས་མཐོའི་སྔོ་ལྗང་མཛེས་ལྗོངས་ཁུལ》དང་། 《ཀ་ལ་མཚོ་འགྲམ》 《སྤྲིན་དཀར་འོག་ཏུ་རྟ་ཕོ་རྒྱུག》སོགས་བོད་ལྗོངས་མཚོན་པའི་བརྩམས་ཆོས་གསར་རྩོམ་བྱས་པ་རེད། ཀྲུང་གོ་མཛེས་རྩལ་ཁང་གིས་1965ལོར་ལེང་ཧྲི་ཞུང་གི《བོད་ཀྱི་དངོས་བྲིས》ཞེས་པའི་རི་མོ་སྐྱོ་སྦྱར་ཤོག་ལྷེ་བཅུ་ལྷག་ཙམ་ཉར་ཚགས་བྱས་པ་མ་ཟད། བོད་ཀྱི་རྣམ་པ་གསར་པ་མཚོན་པའི་བརྩམས་ཆོས་མང་པོ་ཞིག་ཀྱང་ཉར་ཚགས་བྱས་པ་རེད།

    ཁྱི་སྐྱག་ཟླ་བ་སི་ཁྲོན་དུ་ལོག་རྗེས་བོད་ཀྱི་བརྗོད་བྱ་གཙོ་བོར་བྱས་པའི་བརྐོས་རིས་མང་པོ་ཞིག་བྲིས་ཡོད་པ་རེད། 1977ལོར་ཁོང་སླར་ཡང་བོད་དུ་རྒྱུ་ཆ་འཚོལ་བསྡུ་དང་གསར་གཏོད་བྱེད་པར་ཡོང་བ་དང་། ཕྱིས་སུ་སི་ཁྲོན་ཞིང་ཆེན་མཛེས་རྩལ་མཁས་ཅན་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པའི་འགན་འཁུར།

    《གསེར་མདོག་གི་སྟོན་ཁ》ཞེས་པ་དེ་ནི་བོད་རིགས་བུད་མེད་ཀྱི་འདྲ་པར་དམིགས་བཀར་བྲིས་པ་ཞིག་ཡིན་ཞིང་། འབྲས་བུའི་ཁུར་གྱིས་ལྗིད་པའི་ནས་ཀྱི་སྙེ་མ་དང་ལོ་ལེགས་བྱུང་བའི་དགའ་སྤྲོའི་རྣམ་པས་ཁེངས་ཡོད།

    《ནགས་གསོ་བ》ཞེས་པར་གངས་རི་དང་ནགས་ཚལ་གྲོགས་སུ་བྱེད་པའི་བོད་རིགས་ཀྱི་ནགས་གསོ་རྒད་པོ་ཞིག་བྲིས་ཡོད་པ་དང་། ནགས་གསོ་བ་ནི་ཐང་དཀར་རྒོད་པོ་ལྟར་རྫིག་ཅིང་ངར་བའི་རང་བཞིན་ཡོད་ལུགས་མངོན་པར་བྱས་པ་མ་ཟད། རྒྱལ་སྤྱིའི་བྱ་དགའ་ཡང་ཐོབ་པ་རེད།

    བསྐྱར་འཛོམས། མཛེས་སྡུག་ལྡན་པའི་འཚོ་བའི་རྣམ་པ་གསར་པ་གཏོད་པ།

    སྐབས་དེ་དུས་འཕྲིན་གཏོང་ཆ་རྐྱེན་ཞན་པའི་དབང་གིས་ཁྱི་སྐྱག་ཟླ་བ་དང་ལེང་ཧྲི་ཞུང་གཉིས་ལྷ་ས་ནས་ཁ་གྱེས་རྗེས་འབྲེལ་བ་ཆད་པ་དང་། འཁྱུག་ཙམ་ཞིག་ལ་རབ་བྱུང་ཧྲིལ་པོ་གཅིག་ཙམ་འདས།

    1999ལོར་ཁྱི་སྐྱག་ཟླ་བ་ཧྲེན་ཀྲེན་རི་མོ་ཁང་དུ་ལས་བསྒྱུར་བྱས་པ་དང་རྒན་ཡོལ་ཞུས་རྗེས་ཧྲེན་ཀྲེན་དུ་འཚོ་བ་བསྐྱལ་ནས་བསྡད།

    འདི་ལོའི་ཟླ་5པའི་ཟླ་མཇུག་ཏུ། ཁྱི་སྐྱག་ཟླ་བས་ས་གནས་དེ་གའི་གསར་འགྱུར་ནས་ལེང་ཧྲི་ཞུང་གི་རི་མོའི་འགྲེམས་སྟོན་ཧྲེན་ཀྲེན་དུ་གཉེར་བ་མཐོང་བ་དང་ལྷག་པར་དུ《གངས་རིའི་ཐང་དཀར་རྒོད་པོའི》མ་ཟིན་མཐོང་རྗེས་ཁོང་སྤྲོ་བས་མྱོས་ཏེ་མཚན་གང་གཉིད་ཀྱང་ཁུག་མེད།

    དེ་རྗེས་ཁོང་གིས་ཀོན་ཧྲན་གཡོད་མཛེས་རྩལ་ཁང་གི་ལས་དོན་མི་སྣ་བརྒྱུད་ལེང་ཧྲི་ཞུང་ལ་འབྲེལ་བ་བྱས། ལོ་ངོ་56སོང་རྗེས་རྒད་པོ་གཉིས་ཀྱིས་སེམས་འགུལ་ཆེན་པོ་ཐེབས་བཞིན་དུ་ཁ་པར་དང་པོ་དེ་བརྒྱབ་པ་རེད།

    མི་ཡུལ་གྱི་བློ་སེམས་འགུལ་ཤོས་ཀྱི་བྱ་བ་ནི་ཐུག་འཕྲད་མ་རེད་བསྐྱར་འཛོམས་རེད།

    ཟླ་6ཚེས་2ཉིན། རི་མོའི་འགྲེམས་སྟོན་མཇུག་འགྲིལ་བའི་ཉིན་དེར་ལོ་88ལ་སླེབས་པའི་ལེང་ཧྲི་ཞུང་གིས་ནང་མི་དང་མཉམ་དུ་རི་མོའི་འགྲེམས་སྟོན་དུ་ཡོང་ནས་ལོ་75ལ་སླེབས་པའི་ཁྱི་སྐྱག་ཟླ་བ་དང་བསྐྱར་འཛོམས་བྱས་པ་དང་། ཁོང་གཉིས་པོས་སྐབས་དེ་དུས་བོད་དུ་སྐྱོད་པའི་གནས་ཚུལ་བགྲང་བཞིན་མྱོང་ཚོར་ཟབ་མོ་བྱུང་།

    ཁྱི་སྐྱག་ཟླ་བས་ལོ་ངོ་56གོང་ལྷ་སར་ལེང་ཧྲི་ཞུང་དང་མཉམ་དུ་བརྒྱབ་པའི་པར་ད་བར་ཉར་ཡོད་པ་དང་། ད་ཐེངས་ཀྱི་བསྐྱར་འཛོམས་ཆེད། ཁོང་གིས་ཆེད་མངགས་པར་དེ་ཡང་བསྐྱར་གཅིག་བཤུས་ནས་ལེང་ཧྲི་ཞུང་ལ་སྤྲད། ཁོང་གཉིས་དབར་གྱི་ལ་རྒྱ་དེ་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བའི་རྐྱེན་གྱིས་སྔར་བས་ཟབ་ཏུ་ཕྱིན་ཡོད།

    ད་ཐེངས་ཀྱི་རི་མོའི་འགྲེམས་སྟོན་ཐོག་ཆེད་མངགས་འགྲེམས་སྟོན་བྱས་པའི《གངས་རིའི་ཐང་དཀར་རྒོད་པོའི》མ་ཟིན་ནི་ལེང་ཧྲི་ཞུང་གིས་གངས་ལྗོངས་ས་མཐོར་བཅངས་པའི་བརྩེ་བ་མཚོན་པའི་རི་ཀླུང་རི་མོའི་བརྩམས་ཆོས་ཀྱི་དཔེ་མཚོན་ཞིག་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།