▶ 2015ལོ་ནས་བཟུང་། ཧྥུའུ་ཅན་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་དགུ་པའི་སྨན་བཅོས་རིགས་གཅིག་མཁས་ཅན་གྱི་ཙུའུ་ཀྲང་ལིན་ཅན་ཧའོ་བོད་དུ་ཐེངས་30ལྷག་ཙམ་ཡོང་བ་དང་ཚོགས་པའི་སྣེ་ཁྲིད་དེ་རིམ་རྩིས་བྱས་ན་མི་གྲངས་3500ལྷག་ཙམ་ལ་འོས་འགན་སྨན་བཅོས་བྱས་ཡོད།
▶ ཧྥུའུ་ཅན་བོད་སྐྱོར་ལས་དོན་རུ་ཁག་དང་། པེ་ཅིང་གཅེས་སེམས་གྲུམ་བུའི་བདེ་ཐང་སྤྱི་ཕན་ཐེབས་རྩ་ལྷན་ཚོགས། ཀྲུང་གོའི་ཕྱི་སྦྱོང་སློབ་མའི་ཤེས་ལྡན་མི་སྣ་འཕེལ་རྒྱས་ཐེབས་རྩ་ལྷན་ཚོགས་སོགས་ཚན་པས་ཁྱོན་མ་དངུལ་སྒོར་ཁྲི་400གྲབས་གསོག་བྱས་ཏེ་ད་བར་གྲུམ་བུ་ཚིགས་ཆེན་གྱི་ནད་པ་150ལ་སྨན་རིན་མི་དགོས་པར་གཤགས་བཅོས་ཐེངས་172བྱས།
བོད་ལྗོངས་ཆབ་མདོ་གྲོང་ཁྱེར་ལྷོ་རོང་རྫོང་ཤོ་པ་མདོ་གྲོང་རྡལ་ཤོ་པ་མདོ་གྲོང་ཚོའི་ལོ་61ལ་སླེབས་པའི་ཞ་ཟླ་དཀར་ཐང་ཤ་དོད་པ་དང་ཁོང་གིས་མ་ལག་བདེ་པོས་ཞིང་ལས་བྱེད་བཞིན་མཆིས།
ལོ་གཉིས་ལྷག་ཙམ་གྱི་གོང་རང་ཉིད་གཅིག་པུ་ཡར་ལངས་ནས་འགྲོ་རྒྱུ་དེ་ཁོང་གི་ངོས་ནས་བརྗོད་ན་རྨི་ལམ་ལྟ་བུ་ཞིག་རེད། གང་ལགས་ཤེ་ན་ཁོང་གི་རྐང་པ་གཉིས་ཀར་གྲུམ་བུ་ཚིགས་ཆེན་གྱི་ནད་ཕོག་ནས་ལོ་20ཙམ་རིང་འཁར་རྒྱུག་དང་རྐུབ་སྟེགས་འཁོར་ལོར་བརྟེན་ནས་འཚོ་བ་སྐྱེལ་དགོས་པས་རེད།
པེ་ཅིང་ནས་ཕེབས་པའི་སྨན་པ་ལིན་ཅན་ཧའོ་ཡིས་ཞ་ཟླ་དཀར་གྱི་འཚོ་བར་རེ་བ་གསར་པ་སྦྱིན། ཁོང་ནི་པེ་ཅིང་སློབ་ཆེན་མི་དམངས་སྨན་ཁང་གི་གྲུམ་བུ་ཚིགས་ཆེན་ཚན་ཁག་གི་ཀྲུའུ་རེན་ཡིན་ཞིང་། ཧྥུའུ་ཅན་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་དགུ་པའི་སྨན་བཅོས་རིགས་གཅིག་མཁས་ཅན་གྱི་ཙུའུ་ཀྲང་ལ་གདན་ཞུ་བྱས་ཡོད། 2015ལོ་ནས་བཟུང་ལིན་ཅན་ཧའོ་བོད་དུ་ཐེངས་30ལྷག་ཙམ་ཡོང་བ་དང་ཚོགས་པའི་སྣེ་ཁྲིད་དེ་རིམ་རྩིས་བྱས་ན་མི་གྲངས་3500ལྷག་ཙམ་ལ་འོས་འགན་སྨན་བཅོས་བྱས་ཡོད།
ནད་བརྟག་སྨན་བཅོས་བྱས་པ་བརྒྱུད་ལིན་ཅན་ཧའོ་ཡིས་ཞ་ཟླ་དཀར་ལ“རང་གི་ནད་གཞི་སྨན་བཅོས་བྱེད་ཐུབ་ཀྱི་རེད”ཅེས་བརྗོད།
“སྨན་རིན་ཚང་མ་ང་ཚོས་བཏང་ཆོག”ཅེས་ལས་དོན་མི་སྣས་ཞ་ཟླ་དཀར་ལ་བརྗོད།
2019ལོའི་ཟླ་8པར་ཞ་ཟླ་དཀར་པེ་ཅིང་དུ་གཤགས་བཅོས་བྱས་རྗེས་དྲག་སྐྱེད་ཡག་པོ་ཐུབ་ཡོད།
ཧྥུའུ་ཅན་བོད་སྐྱོར་ལས་དོན་རུ་ཁག་དང་། པེ་ཅིང་གཅེས་སེམས་གྲུམ་བུའི་བདེ་ཐང་སྤྱི་ཕན་ཐེབས་རྩ་ལྷན་ཚོགས། ཀྲུང་གོའི་ཕྱི་སྦྱོང་སློབ་མའི་ཤེས་ལྡན་མི་སྣ་འཕེལ་རྒྱས་ཐེབས་རྩ་ལྷན་ཚོགས་སོགས་ཚན་པས་ཁྱོན་མ་དངུལ་སྒོར་ཁྲི་400གྲབས་གསོག་བྱས་ཏེ་ད་བར་གྲུམ་བུ་ཚིགས་ཆེན་གྱི་ནད་པ་150ལ་སྨན་རིན་མི་དགོས་པར་གཤགས་བཅོས་ཐེངས་172བྱས་ཡོད་པ་རེད།
“མིག་སྔར་ཆབ་མདོ་གྲོང་ཁྱེར་དུ་གྲུམ་བུ་ཚིགས་ཆེན་གྱི་ནད་པ་5700ལྷག་ཙམ་ཡོད་པའི་ཁྲོད་མང་ཆེ་བ་ཞ་ཟླ་དཀར་དང་འདྲ་བར་ནད་གཞིའི་རྐྱེན་གྱིས་ངལ་རྩོལ་ནུས་ཤུགས་ཤོར་ཡོད”ཧྥུའུ་ཅན་གྱི་བོད་སྐྱོར་ལས་བྱེད་པ་ཆབ་མདོ་གྲོང་ཁྱེར་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཤུས་ཀྲེང་ཕིང་གིས“ང་ཚོས་ནུས་ཤུགས་ཡོད་རྒུས་ཁོང་ཚོར་སྨན་བཅོས་བྱ་རྒྱུ་དང་ཆབས་ཅིག་ཡུལ་འདི་གའི་སྨན་བཅོས་ཤེས་ལྡན་མི་སྣ་གསོ་སྐྱོང་ཤུགས་ཆེན་བྱས་ཏེ། ཆབ་མདོར་ནམ་ཡང་གནས་ཐུབ་པའི་སྨན་བཅོས་རུ་ཁག་ཅིག་འཇོག་རྒྱུ་ཡིན”ཞེས་ངོ་སྤྲོད་བྱས་པ་རེད།
ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་མི་དམངས་སྨན་ཁང་གི་ཡོན་ཀྲང་གཞོན་པ་བློ་བཟང་ཆོས་གྲུབ་ནི་ཡུལ་དེ་གའི་གཞོན་དར་གསོ་རིག་ཚན་ཁག་གི་སྣེ་ཁྲིད་པ་ཞིག་རེད། རེས་སྐོར་མང་བའི་གསོ་སྦྱོང་དང་སློབ་སྦྱོང་བརྒྱུད། ད་ཆ་ཁོང་གཅིག་པུས་གྲུམ་བུ་ཚིགས་ཆེན་གྱི་ནད་སྨན་བཅོས་བྱེད་ཐུབ་པ་དང་། འདི་ལོ་ཚུན་རིམ་རྩིས་བྱས་ན་ཁོང་གིས་རུས་ཚིགས་བརྗེ་བའི་གཤགས་བཅོས་ཐེངས་42བྱས་ཡོད་པ་རེད།
ཉེ་བའི་ལོ་ཤས་རིང་། ཆབ་མདོས་ཆུ་སྤུས་ལེགས་སུ་གཏོང་བ་དང་། འབྲུ་རིགས་བརྗེ་བ། སེ་རྒྱུ་གསབ་པ། ཡུལ་གཞན་དུ་གནས་སྤོ་སོགས་ཀྱི་ཕྱོགས་བསྡུས་འགོག་བཅོས་ཀྱི་ཐབས་ཤེས་སྤྱད་དེ་གྲུམ་བུ་ཚིགས་ཆེན་ནད་མ་མཆེད་པ་བྱས་ཡོད། དཔའ་ཤོད་རྫོང་གྲོང་གསར་གྲོང་ཚོར་སྲིད་གཞུང་གིས་མ་དངུལ་སྒོར་ཁྲི་བཅུ་ཕྲག་བཏང་ནས་ཆུ་ལེན་ས་བརྒྱབ་སྟེ་ཆུ་སྤུས་ལེགས་སུ་བཏང་བས། ན་གཞོན་ཚོར་གྲུམ་བུ་ཚིགས་ཆེན་ནད་ཕོག་ཚད་ཉུང་དུ་ཤུགས་ཆེན་ཕྱིན་ཡོད། མཛོ་སྒང་རྫོང་རབ་ཅན་ཤང་རབ་སེར་གྲོང་ཚོར་སྤྱིར་ན་དུད་ཚང་ཚང་མར་གྲུམ་བུ་ཚིགས་ཆེན་གྱི་ནད་ཕོག་མཁན་ཡོད་པས། ད་ཆ་གྲོང་ཚོའི་མི་མང་ཆེ་བ་སྤྱི་ལེ་100ཡི་སར་གནས་པའི་ཁང་པ་གསར་པར་སྤོས་ཡོད།
དཔའ་ཤོད་རྫོང་སྤྱི་དར་ཤང་ཐང་འཁོར་གྲོང་ཚོའི་སྤེན་པ་མཚོ་མོར་གྲུམ་བུ་ཚིགས་ཆེན་ནད་ཕོག་ནས་ཡུན་རིང་སོང་བས་འགྲོ་སྐྱོད་ཁག་པོར་གྱུར་ཏེ་ངལ་རྩོལ་ནུས་ཤུགས་ཤོར་ཡོད། འོན་ཀྱང་གཟུགས་པོའི་གནས་ཚུལ་རྐྱེན་གྱིས་ཁོང་ལ་ཞ་ཟླ་དཀར་ལྟར་གཤགས་བཅོས་བྱེད་ཐབས་མེད།
ཡུལ་དེའི་ཏང་ཨུད་དང་སྲིད་གཞུང་གིས་སྤེན་པ་མཚོ་མོར་ཙག་ཙིག་ཚོང་ཁང་ཞིག་འཛུགས་རོགས་བྱས་པ་དང་། ཤང་འཕྲོད་བསྟེན་ཁང་གི་སྨན་པས་དུས་ངེས་མེད་དུ་ཁོང་ལ་གཟུགས་པོར་བརྟག་དཔྱད་བྱེད་པ་དང་སྨན་རྫས་སྤྲོད་ཀྱི་ཡོད། “ཤང་གི་ཐོན་ལས་ཁག་གཅིག་གི་བགོ་འགྲེམས་ལེན་རྒྱུ་ཡོད་ལ། བཟའ་ཟླར་ཡང་དེ་མཚུངས་ཀྱི་སྲིད་ཇུས་རང་བཞིན་གྱི་ལས་གནས་ཡོད་པས་ཁྱིམ་གྱི་འཚོ་བ་ཇེ་ལེགས་སུ་སོང་ཡོད”ཅེས་སྤེན་པ་མཚོ་མོས་བརྗོད།
བོད་ཀྱིས་གྲུམ་བུ་ཚིགས་ཆེན་གྱི་ནད་པ་སྐྱོབ་བཅོས་བྱ་རྒྱུ་དེ་དམངས་འཚོའི་འདུ་འགོད་ནང་བཅུག་ཡོད། “ཆབ་མདོ་གྲོང་ཁྱེར་དུ་གྲུམ་བུ་ཚིགས་ཆེན་གྱི་ནད་པ་མང་པོ་ཡོད་པས། ང་ཚོས་རྒྱུན་མཐུད་ངང་གྲུམ་བུ་ཚིགས་ཆེན་གྱི་ནད་པ་གྲལ་བཤེར་དང་། སྨན་བཅོས། རོགས་སྐྱོབ་བཅས་བྱས་ཏེ་ལམ་ལུགས་ཅན་གྱི་སྒོ་ནས་གྲུམ་བུ་ཚིགས་ཆེན་གྱི་ནད་འགོག་བཅོས་ལ་སྐུལ་འདེད་བཏང་ཡོད”ཅེས་ཆབ་མདོ་གྲོང་ཁྱེར་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་ཏང་ཙུའི་ཧྲུའུ་ཅི་ཀྲུའུ་རེན་གཞོན་པ་ཝང་ཅིང་ཧུའུ་ཡིས་དེ་ལྟར་བརྗོད་པ་དང་ཁོང་གིས“ང་ཚོས་ས་ཆ་འདི་གའི་སྨན་བཅོས་ཞབས་ཞུའི་ནུས་པ་དང་བོད་སྐྱོར་སྟོབས་ཤུགས་བསྡུ་སྒྲིལ་བྱེད་གང་ཐུབ་བྱས་ཏེ་ནད་ཕོག་པའི་མང་ཚོགས་སྐྱོབ་བཅོས་ནུས་ལྡན་ཐུབ་པ་དང་གྲུམ་བུ་ཚིགས་ཆེན་གྱི་ནད་ལས་རྣམ་པར་རྒྱལ་ཐུབ་པ་བྱ་རྒྱུ་ཡིན”ཞེས་བརྗོད།