བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་སྨན་གླིང་རྫོང་གནས་ཡུལ་ལྷོ་པ་མི་རིགས་ཤང་ཁྱུང་གླིང་གྲོང་ཚོ་ནི་ལྷོ་པ་རིགས་འདུས་སྡོད་བྱ་ཡུལ་མཐའ་མཚམས་གྲོང་ཚོ་ཞིག་རེད། ཉེ་བའི་ལོ་ཤས་རིང་། ཁྱུང་གླིང་གྲོང་ཚོའི་ཏང་ཀྲི་པུས་ཐོག་མཐའ་བར་གསུམ་དུ་དབུལ་སྒྲོལ་འགག་སྒྲོལ་དང་གྲོང་གསེབ་དར་རྒྱས་ལ་དམིགས་ཤིང་། དམག་ས་མཉམ་སྐྲུན་དང་། ཐོན་ལས་དམངས་ཕྱུག ཏང་སྐྱོང་མཐའ་སྟོབས་བཅས་ལ་དམིགས་ནས། ཏང་ཡོན་དང་མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་རང་རྟོགས་ངང་བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་ཞིག་བྱས་ཏེ། མཐའ་མཚམས་ཀྱི་འཐབ་ས་དང་པོར་ཏང་དར་ལྷབ་ལྷུབ་ཏུ་གཡོ་བར་བྱས་ཡོད།
བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་ཡག་པོ་བྱེད་པ།
“བོད་རྙིང་པར་ང་ཚོ་ལྷོ་པ་རིགས་ཐང་གཤོངས་སུ་འཚོ་བ་སྐྱེལ་བར་ཡོང་ཆོག་གི་མེད་པས་རི་ཁུག་ཏུ་སྡོད་རྒྱུ་ལས་མ་འདས། ལྟོས་གྲོད་པ་མི་རྒྱགས་པ་དང་གོས་ཀྱིས་ལུས་པོ་མི་དྲོས་པ་མ་ཟད། ལྷམ་དང་གྱོན་གོས་ངོ་དྲག་པ་གཅིག་ཀྱང་མེད། དུས་རབས་གོང་མའི་ལོ་རབས་50པའི་དུས་མཇུག་ཏུ་ང་ཚོ་ལ་གཤམ་དུ་སྤོས་རྗེས་འཚོ་བ་ཉིན་རེ་བཞིན་ཡག་ཏུ་ཕྱིན་སོང་། ཀྲུང་གོ་གུང་ཁྲན་ཏང་གི་སྣེ་ཁྲིད་འོག་ང་ཚོ་ལྷོ་པའི་རང་ཁྱིམ་རང་བདག་གི་འདུན་པ་མངོན་འགྱུར་བྱུང་སོང”ཞེས་ཏང་ལ་ཞུགས་ནས་ལོ་50སོང་བའི་ཡག་ཅོག་གིས་གསར་འགོད་པར་དྲན་གསོ་བྱེད་བཞིན་དུ་བཤད།
སྨན་གླིང་རྫོང་ཨུད་རྩ་འཛུགས་པུའི་པུའུ་ཀྲང་ཞུས་ཏེང་ཧྲུན་གྱིས་ཁྱུང་གླིང་གྲོང་ཚོ་ནི་མཐའ་མཚམས་གྲོང་ཚོ་ཞིག་ཡིན་པས། སྔ་རྗེས་སུ་མ་དངུལ་སྒོར་ཁྲི་7500བཏང་ནས་གྲོང་ཚོ་ཧྲིལ་པོ་གནས་སྤོས་པར་ཁྱོན་དུད་ཚང་60ཡི་མི་263ཡོད།
“ཏང་དང་རྒྱལ་ཁབ་ཀྱིས་ང་ཚོ་སྡོད་ཁང་གསར་པར་སྤོ་རུ་བཅུག་ནས། ནད་གཞི་ལྟ་བ་དང་སློབ་གྲྭར་སྐྱོད་པར་འགན་ལེན་བྱུང་སོང་། སྲིད་ཇུས་བཟང་པོ་འདི་འདྲ་ཡོད་པས་ང་ཚོས་གཅེས་སྤྲས་ལྡབ་བརྒྱ་བྱས་ནས་འབད་འཐབ་ལྷོད་མེད་བྱེད་དགོས། སོ་སོའི་ལག་གཉིས་ལ་བརྟེན་ནས་ཕྱུག་པོ་ཆགས་པར་བྱེད་དགོས། མང་ཚོགས་དབུལ་པོའི་གནས་ལས་རྦད་དེ་སྒྲོལ་ཆེད། ཏང་ཀྲི་པུས་མང་ཚོགས་སྐྱེ་ཁམས་ཡུལ་སྐོར་ཐོན་ལས་ལ་ཞུགས་པར་ཁྲིད་སྟོན་ཧུར་ཐག་བྱས་ཏེ། ས་གནས་དེ་གའི་གནས་ཡུལ་རོང་མཛེས་ལྗོངས་ཁུལ་དུ་ཁྱད་ལྡན་ཡུལ་སྐོར་ཐོན་རྫས་ཕྱིར་ཚོང་ཚོགས་ཆུང་4བཙུགས་པས་ལོ་5བསྟུད་མར་གྲོང་ཚོ་ཡོངས་ལ་རིམ་རྩིས་བྱས་ན་ཡོང་འབབ་སྒོར་ཁྲི་50ལྷག་ཙམ་བྱུང་། གནས་ཡུལ་ལུང་ཤུར་གྱི་ཀོ་ཤ་དང་འདབ་བདུན་མེ་ཏོག་རྐང་གཅིག་སོགས་རྩ་ཆེའི་སྨན་རྒྱུ་དང་རི་སྐྱེས་ཤ་མོའི་རིགས་སོགས་ནགས་ཁྲོད་ཐོན་ཁུངས་ལས་མང་ཚོགས་ལ་ཁྱིམ་གྱི་སྒོ་རྩ་ནས་འབབ་འཕར་བརྟན་པོ་བྱུང་ཡོད”ཅེས་ཁྱུང་གླིང་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཟླ་བས་བཤད།
2020ལོར་ཁྱུང་གླིང་གྲོང་ཚོའི་དཔལ་འབྱོར་ཡོང་འབབ་བསྡོམས་འབོར་སྒོར་ཁྲི་550ཟིན་པ་དང་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་ཁྲི་2.5ཟིན་ཡོད། ད་ཆ་ཁྱུང་གླིང་གྲོང་ཚོའི་དུད་ཚང་ཚང་མ་རྒྱ་ཆེ་ལ་དཀར་ཆ་དོད་པའི་ཁང་པར་སྡོད་པ་མ་ཟད། སྐྱེ་ཁམས་ཡུལ་སྐོར་གྱི་ཡོང་འབབ་ཀྱང་བྱུང་ནས་ལྟོ་གོས་ལ་སེམས་ཁྲལ་མེད་པའི་འབྱོར་འབྲིང་འཚོ་བ་སྐྱེལ་བཞིན་ཡོད།
མཛེས་སྡུག་ལྡན་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་ཡག་པོ་བྱེད་པ།
གནས་ཡུལ་ལུང་ཤུར་གྱི་ས་བབ་མཐོ་ཤོས་ཀྱི་གནམ་མཐའི་འབྲོག་རར་སྐྱོད་སྐབས“ཁྱུང་གླིང་འཛུགས་སྐྲུན་ཡག་པོ་བྱེད། རང་རྒྱལ་གྱི་སྒོ་མོ་བརྟན་པོར་སྲུང”བརྗོད་དོན་གཙོ་བོར་བྱས་པའི་འབྲོག་པའི་ཁང་ཆུང་དམར་པོ་སྔར་བས་མངོན་གསལ་དོད་པོར་སྣང་། སྔོན་ཆད་དེ་ག་ནི་ལྷོ་པ་རིགས་ཀྱི་མང་ཚོགས་རྔོན་རྒྱག་སའི་སྡོད་གནས་ཡིན་པ་དང་ད་ཆ་མང་ཚོགས་ཀྱིས་མཐའ་མཚམས་སུ་སྐོར་གཡེང་བྱེད་པ་དང་ཕྱུགས་འཚོ་བའི“ས་ཚིགས”ཤིག་རེད།
ཏང་ཡོན་རྒན་གྲས་ཟླ་ཡོད་ཀྱིས་མཐའ་མཚམས་སུ་ཕྱུགས་འཚོས་ནས་སྐོར་གཡེང་བྱས་ཏེ་ལོ་34འགྲོ་ཡི་ཡོད། ཁོང་ལ་བོད་དམག་ཁུལ་ཁང་གིས་བྱས་རྗེས་རིམ་པ་གཉིས་པའི་བྱ་དགའ་ཐེངས་གཅིག་སྤྲད་ཡོད། ཁོང་ལ་རྩེར་སླེབས་རིམ་བཞིན་གྲམ་རྡོས“ཀྲུང་གོ”ཞེས་པའི་ཡིག་འབྲུ་གཉིས་སྒྲིག་གི་ཡོད། ཉེ་བའི་ལོ་ཤས་རིང་། མང་ཚོགས་ཀྱི་རྒྱལ་གཅེས་མཐའ་སྲུང་གི་འདུ་ཤེས་སྔར་བས་ཟབ་ཏུ་ཕྱིན་ནས་ཟླ་ཡོད་ལ་སློབ་སྦྱོང་བྱེད་མཁན་ཡང་སྔར་བས་མང་དུ་ཕྱིན་ཡོད། ང་ཚོས་རྒྱལ་ཁབ་ཀྱི་མངའ་ཁོངས་མཐའ་གཅིག་ཏུ་སྲུང་སྐྱོང་བྱས་ཏེ་རང་ཉིད་ཀྱི་བྱ་སྤྱོད་དངོས་ལ་བརྟེན་ནས་ཏང་གི་དྲིན་ལན་འཇལ་བ་དང་ཁྱིམ་གཞིས་སྲུང་སྐྱོང་བྱེད་དགོས། ད་ཆ་ཁྱུང་གླིང་གྲོང་ཚོའི་ཏང་ཡོན་དང་མང་ཚོགས་དེ་བས་མང་བ་མཐའ་བརྟན་མཐའ་སྲུང་ལ་ཞུགས་ཏེ། དྲག་ཆར་རླུང་འཚུབ་ལ་མ་འཛེམས་པར་བྱ་སྤྱོད་དངོས་ལ་བརྟེན་ནས་རྒྱལ་ཁབ་ཀྱི་བདག་དབང་སྲུང་སྐྱོང་བྱེད་ཀྱི་ཡོད་ཅེས་ཟླ་ཡོད་ཀྱིས་བཤད།
ད་ཆ་ཁྱུང་གླིང་གྲོང་གསར་གྱི་དུད་ཚང་ཚང་མས་ཐོག་ཁར་རྒྱལ་དར་འཛུགས་པ་དང་གྲོང་མི་ཚང་མས་རང་ཉིད་བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་ཞིག་བྱས་ནས་རང་འགུལ་ངང་རི་སྐོར་མཐའ་སྲུང་གི་འགན་འཁྲི་འཁུར་གྱི་ཡོད།
དམག་དམངས་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་ལག་ལེན་པ་ཡག་པོ་བྱེད་པ།
“མཉམ་ལས་ཁང་བཙུགས་མ་ཐག་པའི་སྐབས་སུ་བཅའ་སྡོད་དཔུང་སྡེས་ང་ཚོར་ཐགས་ཁྲི་དང་སྤུན་དོག་དཀོན་པའི་གནད་དོན་ཐག་གཅོད་བྱེད་རོགས་བྱས་པ་མ་ཟད། ད་དུང་འཐག་མཁན་རྒྱུན་འཛིན་པ་རྒན་རབས་གདན་དྲངས་ནས་ང་ཚོར་འཐག་ལས་བསླབས་བྱུང་བས། ང་ཚོར་ཕན་ཐོགས་ཆེན་པོ་བྱུང”ཞེས་ཡག་ཤར་གྱིས་དགའ་ཚོར་ཆེན་པོས་བཤད།
ཡག་ཤར་ནི་ས་སྐྱེས་རྡོ་སྐྱེས་ཀྱི་ཁྱུང་གླིང་བ་ཞིག་ཡིན་ཞིང་། 2014ལོ་ནས་བཟུང་ཁོང་གིས་གྲོང་ཚོའི་བུད་མེད་10སྒྲིག་འཛུགས་བྱས་ཏེ་ལོ་3རིང་ལྷོ་པའི་འཐག་ལས་སྦྱངས། རང་ཁྱིམ་དུ“ལྷོ་པའི་རས་འཐག་གི་ཞིང་འབྲོག་པའི་མཉམ་ལས་ཁང”བཙུགས་ནས་གྲོང་ཚོ་ཡོངས་ཀྱི་བུད་མེད་38མཉམ་ལས་ཁང་དུ་ཞུགས་སུ་བཅུག་ནས་མཉམ་དུ་ཕྱུག་པོ་ཆགས་པར་སྐུལ་ཁྲིད་བྱས་པར་ཆ་སྙོམས་དུད་ཚང་རེར་ཁེ་སྤོགས་སྒོར་3000བྱུང་ཡོད། 2020ལོར་ཁྱུང་གླིང་གྲོང་ཚོའི་ཏང་ཀྲི་པུས་བཅའ་སྡོད་དཔུང་སྡེའི་རོགས་རམ་འོག རོགས་སྐྱོར་མ་དངུལ་སྒོར་ཁྲི་110བརྩོན་ལེན་བྱས་ནས་འཐག་ཁང་གསར་པ་བཙུགས་པ་དང་། འཐག་ཁྲི་མང་པོ་ཉོས་ནས་ལྷོ་པའི་འཐག་ལས་ཀྱི་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་སྲུང་སྐྱོང་དང་རྒྱུན་འཛིན་བྱས་ཡོད།
ཉེ་བའི་ལོ་ཤས་རིང་། ཁྱུང་གླིང་གྲོང་ཚོའི་ཏང་ཀྲི་པུའུ་དང་བཅའ་སྡོད་དཔུང་སྡེས་གསར་གཏོད་རང་བཞིན་གྱི་ཆ་སྒྲིག་མཉམ་སྐྲུན་བྱེད་སྒོ་སྤེལ་ནས། གྲོང་ཚོ་ཡོངས་ཀྱི་མཐའ་མཚམས་སྐོར་གཡེང་ཕྱུགས་འཚོ་སའི་འབྲོག་ས་ཆུང་ངུ་32ལ་སྒྱུར་བཀོད་དང་རིམ་པ་སྤར་ཞིང་། རྒྱལ་དར་གྱི་དེ་སྔའི་ཤིང་གི་དར་ཤིང་དེ་བཙའ་མི་རྒྱག་པའི་ལྕགས་ཀྱི་དར་ཤིང་བརྗེས་པ་དང་། སྒྲོག་ཙེ་དང་། རྐུབ་སྟེགས། སྨན་སྒམ། ཆར་གོས། ཆུ་ལྷམ། སྦི་ཅི་ལིན་སོགས་སྤྲད། ཏང་ཡོན་ཚོགས་ཆུང་4རུ་བགོས་ནས་ཏང་འཛུགས་སྐྱོང་གི་དེ་བས་ལེགས་པའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད།
དེ་དང་ཆབས་ཅིག དམག་དཔུང་དང་ས་གནས་ཀྱི་ཏང་ཀྲི་པུས་ད་དུང《མཉམ་སྐྲུན་གྲོས་མཐུན》ལ་མིང་རྟགས་བཀོད་ནས“མཐའ་མཚམས་ལས་དོན་བློ་འདྲི་བ”དང“ཏང་འཛུགས་སྐྱོང་གི་མཛུབ་སྟོན་བ”གདན་དྲངས་ཏེ་དམག་དཔུང་དང་ས་གནས་ཀྱི“ཏང་དང་མང་ཚོགས་ཀྱི་ཁྱིམ་ཚང”དང“གསར་བརྗེའི་མཚན་མོའི་སློབ་གྲྭ”བཙུགས་ནས“ཕྱོགས་གཉིས་ཀྱི་ཏང་གི་སློབ་ཚན”དང་རྒྱལ་སྲུང་སློབ་གསོའི་སློབ་ཚན་ཁྲིད་ཡོད། “ཏང་གི་བཀའ་དྲིན་མཐའ་མཚམས་སུ་ཁྱབ། མཐའ་མཚམས་དམག་དམངས་ཀྱི་སེམས་པ་ཏང་ལ་ཕྱོགས”དང་། “མཉམ་དུ་དར་ཆ་གཅིག་སྒྲེང་། མཉམ་དུ་རྒྱལ་གླུ་གཅིག་ལེན། མཉམ་དུ་མཐའ་མཚམས་བརྟན་པོར་སྲུང”སོགས་ཀྱི་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་ནས་ཏང་འཛུགས་སྐྱོང་གི་ཐོན་ཁུངས་མཉམ་སྤྱོད་དང་དམག་དཔུང་དང་ས་གནས་ཀྱི་ཏང་ཡོན་མཉམ་སྒུལ་ལ་སྐུལ་འདེད་བཏང་ཡོད།