དབུ་ཤོག>ཆེད་སྒྲིག
  • “བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”ཀྱིས་ས་མཐོའི་འཕོ་འགྱུར་ཆེན་པོར་སྣེ་ཁྲིད་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-08-25

    ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ཁྲོད་ལོ་ངོ་70ནི་དུས་ཐུང་ཞིག་ཡིན། འོན་ཀྱང་བོད་ཀྱིས་དུས་ཐུང་དེ་དམ་འཛིན་གྱིས་ས་ཁམས་རིག་པའི་ཐོག་ནས“མིའི་རིགས་འཚོ་སྡོད་བྱ་རྒྱུར་འཚམ་པོ་མེད་པའི་ས་ཆའི་གྲས་ཤིག་ཡིན་པ”ནས་སྤྱི་ཚོགས་བརྟན་ལྷིང་དང་། དཔལ་འབྱོར་དང་རིག་གནས་དར་རྒྱས། སྐྱེ་ཁམས་ཁོར་ཡུག་མཛེས་པ། མི་དམངས་ཀྱི་འཚོ་བ་བདེ་སྐྱིད་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པར་འཕེལ་རྒྱས་བཏང་ཡོད།

    སྟོབས་ཤུགས་གང་འདྲ་ཞིག་གིས་གངས་ལྗོངས་ས་མཐོར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་ལོ་རྒྱུས་ཀྱི་འཕོ་འགྱུར་ཆེན་པོ་བྱུང་ནས“སའི་གོ་ལའི་གླིང་སྣེ་གསུམ་པར”སྐྱེ་སྟོབས་ཀྱི་དཔལ་འབར་བར་བྱས་ཡོད་དམ།

    དཀོན་ཤོས་ནི་གསོ་རླུང་དང་རྩ་ཆེ་ཤོས་ནི་སྙིང་སྟོབས་ཡིན།

    ཆ་སྙོམས་ས་བབ་མཐོ་ཚད་སྨི་4000ལས་བརྒལ་བའི་བོད་དུ་གསོ་རླུང་འདུས་ཚད་ནང་ས་ལྟར་མེད། ཞི་བས་བཅིངས་འགྲོལ་མ་བཏང་གོང་དེ་གའི་སྐྱེ་ཁམས་ཉམས་ཞན་དང་། དཔལ་འབྱོར་རྗེས་ལུས། ཁོར་ཡུག་ཞན་པ་བཅས་ཡིན་པས་གཞུང་ལམ་དང་། སློབ་གྲྭ སྨན་ཁང་། བཟོ་གྲྭ གློག་ཁང་བཅས་གཅིག་ཀྱང་མེད། འདི་ནི་མི་རྣམས་ཀྱིས་རྟག་ཏུ་བརྗོད་པའི“སྲོག་གནས་དཀའ་ཁུལ”ཡིན།

    “མཐའ་གཅིག་ཏུ་སྐར་ལྔའི་དར་དམར་རི་བོ་ཧི་མ་ལ་ཡར་བཙུགས་ནས་བདེ་སྐྱིད་ལྡན་པའི་མེ་ཏོག་བོད་ཡོངས་སུ་བཞད་པར་བྱེད”ཅེས་པའི་བརྗིད་ཆེའི་དམ་བཅའ་བརྟན་པོ་ཞིག་ནས་རླབས་ཆེའི་ལོ་རྒྱུས་ཀྱི་བྱ་སྤྱོད་རླབས་པོ་ཆེ་ཞིག་སྤེལ་འགོ་བརྩམས། 1950ལོའི་ཟླ་གསུམ་པར་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་དམག་སྡེ་བཅོ་བརྒྱད་པའི་གཙོ་ཤུགས་བོད་སྐྱོད་དཔུང་སྡེས་རྐང་ཐང་མར་ས་མཐོར་སྤྱི་ལེ་3000ཙམ་བསྐྱོད་དེ་གངས་རི་བརྒལ་བ་དང་། འཁྱགས་རོམ་སྒྲོལ་བ། རྩྭ་ཐང་ཐོག་ཞག་སྡོད་བཅས་བྱས་ནས། བོད་ཞི་བས་བཅིངས་འགྲོལ་གཏོང་བའི་ལོ་རྒྱུས་ཀྱི་ལས་འགན་ལེགས་སྒྲུབ་བྱས། ལོ་རྒྱུས་ཀྱི་གནས་ཚད་ནང་ཁོང་ཚོས་ཐུན་མོང་ཐོག“བོད་སྐྱོད་པ་རྒན་གྲས”ཞེས་པའི་མིང་རྟགས་བཀོད་པ་དང་། ཁོང་ཚོས་བོད་ཀྱི་འཕེལ་རྒྱས་ལ་བསམ་པའི་རྒྱུ་ནོར་རྩ་ཆེ་ཤོས་བཞག་པ་སྟེ། སྡུག་བསྲན་ཁྱད་པར་ཐེག་པ་དང་། དམག་འཐབ་ཁྱད་པར་འཇོན་པ། བཟོད་བསྲན་ཁྱད་པར་ཐུབ་པ། མཐུན་སྒྲིལ་ཁྱད་པར་ཐུབ་པ། ལེགས་སྐྱེས་ཁྱད་པར་འབུལ་བ་བཅས་ཀྱི“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”ཞེས་པ་དེ་རེད།

    རྣ་ཐོས་ལར་ཁ་བས་རི་རྒྱ་ལོ་ཕྱེད་ཙམ་སྡོམ་གྱི་ཡོད། བོད་ལྗོངས་གྲོ་མོ་རྒྱལ་མཚམས་འཛུལ་གྲོལ་མཐའ་སྲུང་ཞིབ་བཤེར་ས་ཚིགས་ཀྱི་མི་དམངས་ཉེན་རྟོག་པ་ལེའོ་ཅིན་དང་དབྱང་ལིན་བཟའ་ཚོས་འདི་གར་མཐའ་མཚམས་སྲུང་བའི་གདམ་ག་བྱས།

    གྲོ་མོ་མཐའ་སྲུང་ས་ཚིགས་ནི་མཐོ་གྲང་ཁུལ་དུ་གནས་ཤིང་། དྲོད་ཚད་དམའ་ཤོས་སུ་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་40ཟིན་པ་དང་། ལོ་གཅིག་ཞག་མ་365ལས་ཉིན་200ཙམ་ལ་ལྷགས་པ་རིམ་པ་8ཡན་རྒྱག་པ། ཉིན་100ལྷག་ཙམ་ལ་གངས་ཆར་འབབ་པའི་གནམ་གཤིས་སྟོན་གྱི་ཡོད། མཐོ་གྲང་གསོ་རླུང་དཀོན་པ་དང་རླུང་འཚུབ་དྲག་པོ་ལྡང་ཡང་བཟའ་ཟླ་ཁོང་གཉིས་ཀྱིས་ཕྱིར་བཤོལ་གཏན་ནས་མ་བྱས་པར་གངས་རིར་སྐོར་གཡེང་བྱས་ཏེ་ལྷག་བསམ་རྣམ་དག་གི་དད་སེམས་མཐའ་མཚམས་ཀྱི་ས་གཞི་ཆེན་པོར་མངོན་པར་བྱས་ཡོད། དེ་ནི་ཁོ་ཚོའི་བརྩེ་དུང་གི་དཔང་པོ་ཡག་ཤོས་སུ་གྱུར་ཡོད།

    “ས་མཐོར་ལས་ཀ་བྱེད་པར་དཀོན་ཤོས་ནི་གསོ་རླུང་དང་རྩ་ཆེ་ཤོས་ནི་སྙིང་སྟོབས་རེད” ལོ་ངོ་70ཡི་གོང་དེ་ལྟར་རེད་ལ་ལོ་ངོ་70ཡི་རྗེས་སུ་ཡང་དེ་ལྟར་རེད།

    གངས་ལྗོངས་ས་མཐོའི“མྱུར་ཚད”རིམ་བཞིན་མགྱོགས་སུ་ཕྱིན་པ།

    “ཕོ་གཞོན་བློ་སྟོབས་རྒྱས་ཚེ་རྒྱལ་ཁབ་དོན་དུ་བརྩོན། བོད་རྒྱ་མཐུན་སྒྲིལ་རི་རབ་ལྷུན་པོ་ལས་ཀྱང་ལྕི། གཞོན་ནུའི་ལང་ཚོ་ས་མཐོར་འབུལ་རྒྱུ་བྱུང་བས་ན། ཀོ་བཏུམས་བརྒྱབ་ནས་འཆི་དགོས་བྱུང་ཡང་འགྱོད་པ་ཅི”ལོ་ངོ་70ཡི་གོང་མི་དམངས་བཅིངས་འགྲོལ་དམག་གིས་དར་དམར་མཐོན་པོར་བསྒྲེངས་ནས། ལྷ་སར་སྐྱོད་པའི་མཚན་མོ་དེར་དམག་སྡེ་བཅོ་བརྒྱད་པའི་ཆབ་སྲིད་ཨུ་ཡོན་ཐན་ཀོན་སན་གྱིས་སེམས་ཀྱི་སྤྲོ་སྣང་མཚོན་བྱེད་དུ《མི་དམངས་བཅིངས་འགྲོལ་དམག་ལྷ་སར་བཅའ་སྡོད་བྱེད་པར་རྟེན་འབྲེལ་ཞུ》བའི་སྙན་ངག་བརྩམས་པ་དང་ཆབས་ཅིག བོད་དུ་རང་སྲོག་བློས་གཏོང་བྱེད་པའི་བརྗིད་ཆེའི་ཆོད་སེམས་ཀྱང་མཚོན་པར་བྱས་ཡོད།

    ད་ཆའི་བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་དུ་དམག་དཔོན་ཐན་ཀོན་སན་གྱི་དྲན་གསོའི་རྡོ་རིང་བཙུགས་ཡོད། ཁོང་གི་ཞལ་ཆེམས་ལྟར་དམག་དཔོན་གྱི་སྤུར་ཐལ་ནམ་ཡང་ཁོང་གིས་གཉེར་མྱོང་བ་དང་ངལ་རྩོལ་བྱེད་མྱོང་བའི་ལྷ་སའི“བརྒྱད་གཅིག་ཞིང་རའི”ཀུ་ཤུའི་ལྡུམ་རར་བཞག་ཡོད།

    2006ལོའི་ཟླ་7ཚེས་1ཉིན་མཚོ་བོད་ལྕགས་ལམ་དུ་མེ་འཁོར་ཤར་གཏོང་ཐུབ་ནས་གཉེར་སྐྱོང་བྱེད་འགོ་ཚུགས་ཏེ། བོད་དུ་ལྕགས་ལམ་ཤར་གཏོང་མི་ཐུབ་པའི་ལོ་རྒྱུས་མཇུག་འགྲིལ་ཡོད། གླུ་གཞས《མཁའ་ལམ》ལས་བོད་རིགས་མི་དམངས་ཀྱི་བསམ་འདུན་མཚོན་པར་བྱེད། 2014ལོའི་ཟླ་8ཚེས་15ཉིན་མཚོ་བོད་ལྕགས་ལམ་གྱི་སྣུར་སྲིང་ལམ་ཐིག་ལྷ་ས་ནས་གཞིས་རྩེ་བར་གྱི་ལྕགས་ལམ་དུ་མེ་འཁོར་དངོས་སུ་ཤར་གཏོང་ཐུབ་ནས་གཉེར་སྐྱོང་བྱེད་འགོ་ཚུགས་ཏེ་མཚོ་བོད་ལྕགས་ལམ་འཛུགས་སྐྲུན་ལོ་རྒྱུས་ཀྱི་ལམ་ཚད་རྡོ་རིང་གཞན་ཞིག་ཏུ་གྱུར་ཡོད། 2021ལོའི་ཟླ་6ཚེས་25ཉིན་ལྷ་ཉིང་ལྕགས་ལམ་དུ་མེ་འཁོར་ཤར་གཏོང་ཐུབ་ནས་གཉེར་སྐྱོང་བྱེད་འགོ་ཚུགས་པ་དང་། དེ་ནི་བོད་ཀྱི་ས་ཁོངས་ཀྱི་གློག་རླངས་ཅན་གྱི་ལྕགས་ལམ་ཐོག་མ་ཡིན་པས། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་འབབ་འཕར་གྱི་ལམ་བུ་ཞིག་སླར་ཡང་བསུས་ཡོད།

    ལྕགས་ལམ་གསུམ་ཤར་གཏོང་ཐུབ་པ་ནི་འགག་སྒྲོལ་དམག་འཐབ་གསུམ་རེད།

    འདི་ལོ་ལོ་56ལ་སླེབས་པའི་ཀྲུའུ་ཅིན་ཐང་སྔ་རྗེས་སུ་མཚོ་བོད་ལྕགས་ལམ་དང་། ལྷ་གཞིས་ལྕགས་ལམ། ལྷ་ཉིང་ལྕགས་ལམ་བཅས་འཛུགས་སྐྲུན་ལ་ཞུགས་མྱོང་བས། ཁོང་ལ་ས་མཐོའི་ལྕགས་ལམ་འཛུགས་སྐྲུན་གྱི“གླང་རྒན”ཞེས་འབོད་ཀྱི་ཡོད། བྱེ་རླུང་ལྡང་བ་དང་། བྲག་རྡོ་གས་པ། ས་དྲོད་ཆེ་བ་སོགས་ས་མཐོའི་ལྕགས་ལམ་འཛུགས་སྐྲུན་གྱི་དཀའ་གནད་རབ་དང་རིམ་པའི་མདུན་དུ་ཀྲུའུ་ཅིན་ཐང་གིས་སྣེ་ཁྲིད་དེ་འགག་སྒྲོལ་སྒྲིག་འཛུགས་བྱས་ནས་ཁེ་བེད་བདག་ཐོབ་32དང་ཨར་པོ་རྒྱག་ཐབས་8གྲུབ་ཡོད། ལ་དུག་ཚབས་ཆེན་ཕོག་སྐབས་ཁོང་གིས་གསོ་རླུང་རྔུབ་ཞོར་དུ་ལས་ཀ་བྱེད་པ་དང་། ལྷ་ཉིང་ལྕགས་ལམ་གྱི་སྦུག་ཡུལ་ཕུག་ལམ་དུ་ཨར་ལས་ལ་ཞིབ་བཤེར་བྱེད་སྐབས། གློ་བུར་དུ་བྲག་རྡོ་ཆེན་པོའི་རགས་སྐྱོར་ཤོར་ནས་སྲོག་ཤོར་གྲབས་བྱས།

    ཀྲུའུ་ཅིན་ཐང་དང་འདྲ་བའི་མི་རབས་ནས་མི་རབས་བར་གྱི་ལྕགས་ལམ་སྐྲུན་མཁན་གྱིས་གསོ་རླུང་དཀོན་པ་དང་འཁྱགས་ས་སོགས་ཀྱི་དཀའ་ངལ་ཁྱད་བསད་ཀྱིས་དཀའ་ཉེན་ལ་མི་སྐྲག་པར་གངས་ལྗོངས་ས་མཐོའི“མྱུར་ཚད”རིམ་བཞིན་མགྱོགས་སུ་བཏང་ནས། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་རྒྱལ་ཡོངས་ཀྱི་ཆུ་ཚད་དང་མཉམ་དུ་མཐོ་རུ་གཏོང་བཞིན་ཡོད།

    “བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”ལ་དུས་རབས་གསར་པའི་ནང་དོན་རྒྱུན་ཆད་མེད་པར་བསྣན་པ།

    བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་ཀླུ་ནང་གྲོང་རྡལ་གྱི་རྒྱལ་ཡོངས་བོད་སྐྱོར་འགྲེམས་སྟོན་ཁང་དུ་ཁུང་ཧྥན་སེན་གྱི་ཉིན་ཐོ“ང་གང་དུ་གྲོངས་ཚེ་དེ་གར་སྦེད་རོགས”ཞེས་པར་ལྟ་སྐོར་བ་མང་པོ་ཧ་ལས་ཧང་སངས། བོད་དུ་སླེབས་མ་ཐག“གང་དུ་སླེབས་ཀྱང་དེ་གར་སྦེད་རོགས་ཞུ། སེམས་ནུས་ཡོད་ཚད་ས་མཐོར་སྐྱེས་སུ་འབུལ”ཞེས་འབྲི་མཁན་གྱི་ལས་བྱེད་པ་བཟང་པོ་དེས་མཐར་ཚེ་སྲོག་བོད་ལ་སྐྱེས་སུ་ཕུལ་ཡོད། རང་འགུལ་ངང་བོད་དུ་སྐྱོད་པའི་རེ་བ་ཐོག་མར་ཞུས་པ་ནས་བོད་དུ་ཐེངས་གཉིས་པ་ཕེབས་པ་དང་། མཐར་བོད་ལྗོངས་མངའ་རིས་ས་ཁུལ་དུ་ཕྱག་ལས་གནང་ནས་ཞུགས། གངས་ལྗོངས་ས་མཐོར་ཁུང་ཧྥན་སེན་གྱི་དཀའ་སྤྱད་འབད་འཐབ་ཀྱི་རྗེས་ཤུལ་བཞག་ཡོད།

    མིག་དཔེའི་སྟོབས་ཤུགས་ནི་ཟད་མཐའ་མེད་པ་ཞིག་རེད། བོད་དུ་སླེབས་ཚེ། གྲོང་ཁྱེར་དང་གྲོང་རྡལ་ལམ་ཡང་ན་གྲོང་གསེབ་གང་དུ་ཡིན་ན་ཡང་ནང་སའི་ལས་བྱེད་པ་མང་པོ་མཐོང་ཐུབ་པ་སྟེ། ཞིང་ནང་དང་མུ་ཁར་ཐོན་སྐྱེད་ལ་མཛུབ་ཁྲིད་བྱེད་མཁན་དང་། ཞིང་པར་དངུལ་བུན་གནད་དོན་ཐག་གཅོད་བྱེད་མཁན། གྲོང་གསེབ་ལ་རིག་གནས་ཡུལ་སྐོར་གླིང་འཆར་འགོད་འཛུགས་སྐྲུན་བྱེད་མཁན་སོགས་ཧ་ཅང་མང་པོ་ཡོད། 《བོད་ཞི་བའི་བཅིངས་འགྲོལ་དང་དར་རྒྱས་གོང་འཕེལ》གྱི་རྒྱབ་ཤ་དཀར་པོའི་དེབ་ཏུ། 1994ནས་2020ལོའི་བར་ཁ་གཏད་བོད་སྐྱོར་བྱེད་མཁན་ཞིང་ཆེན་དང་གྲོང་ཁྱེར་དང་། ཀྲུང་དབྱང་རྒྱལ་ཁབ་ལས་ཁུངས་དང་ཀྲུང་དབྱང་ཁེ་ལས་ཁག་གིས་ཁག་དགུར་དབྱེ་ནས་བོད་ལ་དཔལ་འབྱོར་དང་སྤྱི་ཚོགས་འཛུགས་སྐྲུན་རྣམ་གྲངས་ཁྱོན་6330བསྐྲུན་པར་མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར་527ཟིན་པ་དང་ཁྱོན་ཕུལ་བྱུང་ལས་བྱེད་པ་9682བཏང་ནས་བོད་སྐྱོར་བྱས་ཡོད་པ་རེད།

    ལོ་གསུམ་ནི་བོད་སྐྱོར་ལས་བྱེད་པ་ཁག་གཅིག་གི་ལས་སྒྲུབ་དུས་ཡུན་རེད་ལ། ཁོ་ཚོའི་ཁྲོད་ཀྱི་མི་མང་པོ་ཞིག་གིས་ལོ་གསུམ་བྱས་པ་མང་པོ་བོད་སྐྱོར་ལས་ལ་ཞུགས་ཡོད། མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་ཨུད་ཀྱི་རྒྱུན་ཨུ་རྫོང་དཔོན་གཞོན་པ་ལུའེ་ཀྲི་ཡུང་ནི་ཧྲའན་ཤིས་ཞིང་ཆེན་གྱི་ཁག་དྲུག་པ་དང་། བདུན་པ། དགུ་པ་བཅས་ཀྱི་བོད་སྐྱོར་ལས་བྱེད་པ་རེད་ལ། ཁོང་གིས་རང་ཉིད་ཀྱི་སྐད་འཕྲིན་མིང་ལ“གནས་རིའི་འདབས་ཀྱི་རྩྭ་རྐང་གཅིག”ཅེས་བཏགས་པ་དང་འདྲ་བར་ས་མཐོ་འདིར་སྔ་ས་ནས་རྩ་བ་ཚུགས་ཡོད་པ་རེད།

    ལོ་ངོ་70རིང་། “བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”ཀྱིས་ཀྲུང་གོ་གུང་ཁྲན་ཏང་མི་རབས་རེ་རེར་སྙིང་སྟོབས་རབ་ཏུ་འཕེལ་བ་དང་། གངས་ལྗོངས་ས་མཐོར་རྩ་བ་ཚུགས་པ། སེམས་ཐག་བཅད་དེ་འབད་འབུངས་ཡར་བརྩོན་བཅས་བྱས་ཏེ། སྙིང་སྟོབས་དང་། དད་སེམས། འབད་འབུངས་བཅས་ལ་བརྟེན་ནས་བོད་འཕེལ་རྒྱས་ཀྱི་བརྗིད་ཆེའི་ལེའུ་རེ་རེ་བཞིན་བརྩམས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།