སྔོན་སྐྱོད་ལེན་ཤོག་གིས་དཔུང་སྐྱོད་དམ་བཅའ་བཞག་ནས་བོད་དུ་སྐྱོད་པའི་གྲོང་ཚོ་དང་པོ་སྟེ། ཕུའུ་ལུའུ་གྲོང་ཚོ།
ཕུའུ་ལུའུ་གྲོང་ཚོར་རྒྱང་ལྟ་བྱེད་པ།
ལེ་ཚན་གཏོད་པའི་གཏམ།
1950ལོའི་ཟླ་7པའི་ཚེས་31ཉིན། “བོད་ལ་དཔུང་སྐྱོད་དང་བོད་བཅིངས་འགྲོལ་གཏོང་བའི”སྐོར་གྱི་ཏང་ཀྲུང་དབྱང་དང་མའོ་ཀྲུའུ་ཞིའི་འཐབ་ཇུས་ལག་བསྟར་དོན་འཁྱོལ་བྱ་ཆེད། ནུབ་བྱང་དམག་ཁུལ་གྱི་དམག་གཉིས་པའི་རང་ཚུགས་རྟ་དམག་ཧྲི་ཤོག་གིས་ལི་ཏི་སན་ཏང་གི་སྐུ་ཚབ་དང་སྤྱི་ཁྱབ་བཀོད་འདོམས་པ་གཅིག་ལྕོགས་སུ་མངགས་གཏོང་བྱས་ཤིང་། མི་རིགས་7གྱི་མི་136ལས་གྲུབ་པའི་བོད་སྐྱོད་སྔོན་སྐྱོད་ལེན་ཤོག་གིས་ཤིན་ཅང་ཡུས་ཐེན་གྱི་ཕུའུ་ལུའུ་གྲོང་ཚོ་ནས་ལམ་ལ་ཆས་ཏེ་བོད་སྐྱོད་སྔོན་སྐྱོད་ལས་འགན་བསྒྲུབ། སྔོན་སྐྱོད་ལེན་ཤོག་གི་དཔའ་བོ་ཚོས་བསམ་ཚོད་དཀའ་བའི་དཀའ་ངལ་རབ་དང་རིམ་པ་ཁྱད་བསད་བྱས་ནས་1950ལོའི་ཟླ་9པའི་ཟླ་འགོར་བོད་ལྗོངས་མངའ་རིས་སྒེར་རྩེ་ས་ཁུལ་དུ་བསྐྱོད་དེ་མངའ་རིས་སྒར་དཔོན་སྲིད་གཞུང་དང་ཆབ་སྲིད་ཞི་བའི་གྲོས་མཐུན་བཞག་ནས་བོད་ཞི་བས་བཅིངས་འགྲོལ་གཏོང་རྒྱུར་སྐུལ་འདེད་ནུས་ལྡན་བཏང་ཡོད།
ད་ལོ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བའི་ལོ་ཞིག་རེད། དཔའ་བོ་ཚོའི་མི་སེམས་འགུལ་བའི་གཏམ་རྒྱུད་བློ་ལ་བརྟན་པོར་ངེས་པ་དང་གསར་བརྗེའི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་གཏོང་ཆེད། བོད་ལྗོངས་ཉིན་རེའི་ཚགས་པར་ཁང་གིས་མངའ་རིས་ས་ཨུད་དྲིལ་བསྒྲགས་པུའུ་དང་མཉམ་འབྲེལ་ཐོག་བཅར་འདྲི་འཕྲིན་སྤེལ་ཚོགས་ཆུང་ཆེ་གྲས་བཙུགས་ནས་སྔོན་སྐྱོད་ལེན་ཤོག་གི་རྗེས་ཤུལ་བརྒྱུད་དེ་རླབས་ཆེན་གྱི་མིག་དཔེའི་སྟོབས་ཤུགས་ཉམས་སུ་མྱོང་བ་དང་ལོ་ངོ་70ཡི་འཕོ་འགྱུར་ཆེན་པོ་ཟིན་ཐོར་བཀོད་དེ་ས་མཐོའི་བུ་ཕྲུག་ཚོར་སྔོན་བྱོན་དཔའ་བོའི་བྱས་རྗེས་མི་བརྗེད་པར་མུ་མཐུད་ཞུན་བརྡར་བྱས་ནས་མདུན་སྐྱོད་བྱ་རྒྱུའི་ལྕག་སྐུལ་བྱ་རྒྱུ་ཡིན། འདི་ག་ཚགས་པར་ཁང་གིས་དེ་ཉིན་ནས་བཟུང《ལོ་བརྒྱའི་འབད་འཐབ་ལམ། རྒྱང་སྐྱོད་གསར་པ་ཚུགས——སྔོན་སྐྱོད་ལེན་ཤོག་གི་རྗེས་ཤུལ་འཚོལ་བ》ཞེས་པའི་རིམ་སྤེལ་གནས་ཚུལ་སྤེལ་བར་དོ་ཁུར་ཡོད་པ་ཞུ།
1950ལོའི་ཟླ་8པའི་ཚེས་1ཉིན། ཡུས་ཐེན་རྫོང་གི་ཕུའུ་ལུའུ་གྲོང་ཚོར་དར་དམར་གང་སར་བཀལ་བ་དང་རྔ་དང་འཁར་རྔ་བརྡུངས་ནས་སྔོན་སྐྱོད་ལེན་ཤོག་གི་དཔོན་དམག་136ལི་ཏི་སན་གྱི་སྣེ་ཁྲིད་འོག་དམག་རྟ་བཞོན་ནས་གྲལ་སྟར་བསྒྲིགས་ཏེ་རྡོག་ཐོན་གྲ་སྒྲིག་བྱས་པ་རེད།
ལི་ཙེ་ཞང་གིས“མེ་སྒྱོགས་ཀྱི་སྒྲ་དེ་ང་ཚོ་སྔོན་སྐྱོད་ལེན་ཤོག་དཔོན་དམག་གི་དམ་བཅའ་རེད། སྐབས་དེ་དུས་ང་ཚོས་གྲལ་འགྲིག་ཅིང་བློ་རྩ་བརྟན་པའི་གོམ་སྟབས་སྤོས་ཏེ་སྡིངས་ཆར་སྐོར་བ་ཐེངས་གཅིག་བརྒྱབ་པས་སེམས་ནང་དེ་མ་ཉིད་དུ་སྤོབས་སེམས་སྐྱེས་བྱུང་ལ། ལྷག་པར་དུ་ངའི་ཕྲག་ཐོག་གི་ཁུར་པོ་དེ་བས་ལྕི་རུ་ཕྱིན་སོང་། འོན་ཀྱང་ངས་བབ་བརླིང་ལྡན་པའི་སྤྱི་ཁྱབ་བཀོད་འདོམས་པ་ལི་ཏི་སན་དང་། དཔའ་ངར་ཆེ་ཞིང་དམག་འཐབ་ལ་མཁས་པའི་ལན་ཀྲང་ཚའོ་ཧའེ་ལིན། སྟག་ལྟར་ངར་བའི་དམིགས་བསལ་རིམ་པའི་འཐབ་འཛིང་དཔའ་བོ་ལན་ཀྲང་གཞོན་པ་ཕོང་ཆིང་ཡུན་བཅས་མཐོང་སྐབས་སེམས་ནང་གདེང་ཚོད་ཆེན་པོ་བྱུང་། ཡང་དེ་ནས་དཔའ་ངར་ཆེ་བའི་འཐབ་འཛིང་པ་135ཚོར་ལྟ་སྐབས། མི་ཚང་མའི་ངོ་གདོང་ལ་རྣམ་པར་རྒྱལ་ངེས་ཀྱི་ཡིད་ཆེས་ཀྱིས་ཁེངས་འདུག ཁོང་ཚོ་ནི་འཐབ་འཛིང་པ་ཅི་འདྲའི་ཡག་པོ་ཞིག་རེད་ཨང་། དེ་ནི་འཆི་གསོན་གང་ཡོང་མི་ཤེས་པའི་རྒྱང་སྐྱོད་ཅིག་རེད། གཅིག་བྱས་ན་ནམ་ཡང་ལོག་མི་ཐུབ་པ་ཞིག་ཡིན་སྲིད་ཀྱང་ཚང་མས་ཐེ་ཚོམ་མེད་པར་མདུན་སྐྱོད་བྱེད་པ་ལས་ཕྱིར་བཤོལ་གཏན་ནས་བྱེད་ཀྱི་མེད”ཅེས་བརྗོད།
ཧོ་ཅ་ཁྲན་གྱིས་ཝང་ཀྲེན་གྱི་ཚབ་བྱས་ནས་དཔུང་སྡེར་དར་ཆ་སྤྲད།
བཀོད་འཐབ་པས་དམག་དར་ལ་ཁ་ཕྱོགས་ནས་དམ་བཅའ་བཞག
—— 《བོད་སྐྱོད་དཔའ་བོའི་སྔོན་སྐྱོད་ལེན་ཤོག》ཅེས་པ་ལས་དྲངས།
མངོན་གསལ་དེ་ཙམ་མེད་པའི་གྲོང་ཚོ་ཆུང་ཆུང་ཞིག་ཐོག་མཐའ་བར་གསུམ་དུ་བློ་ལ་བརྟན་པོར་ངེས་པར་ལོ་རྒྱུས་ཀྱི་བྱས་རྗེས་གང་འདྲ་ཞིག་དགོས་སམ། ཤིན་བོད་འབྲེལ་མཚམས་ཀྱི་གྲོང་ཚོ་ཆུང་ཆུང་དེ་དཔའ་བོའི་ལོ་རྒྱུས་དེབ་ཐེར་དུ་འཁོད་པར་སྐབས་དང་བསྟུན་པའི་གོ་སྐབས་གང་འདྲ་ཞིག་དགོས་སམ་ཞེ་ན།
1950ལོའི་ཟླ་7ཚེས་31ཉིན། ཤིན་ཅང་དང་བོད་ལྗོངས་འབྲེལ་མཚམས་ཀྱི་གྲོང་ཚོ་ཆུང་ཆུང་ཞིག་ཏུ་དར་དམར་ལྷབ་ལྷུབ་ཏུ་གཡོ་བ་དང་། རྔ་དང་འཁར་རྔ་རྡུང་བ། དམག་རྟའི་འཚེར་སྐད་གྲགས་པ་སོགས་ཀྱི་ཁྲོད་དུ་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་རྟ་དམག་ཧྲི་ཤོག་གི་སྔོན་སྐྱོད་ལེན་ཤོག་གིས་བོད་དུ་དཔུང་སྐྱོད་བྱེད་པའི་དམ་འཇོག་ཚོགས་ཆེན་གཟབ་རྒྱས་ངང་འཚོགས་པ་རེད།
གྲོང་ཚོ་འདི་ནི་ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཧོ་ཐེན་གྲོང་ཁྱེར་ཡུས་ཐེན་རྫོང་ཨ་ཆང་ཤང་ཕུའུ་ལུའུ་གྲོང་ཚོ་ཡིན་ཞིང་། གྲོང་ཚོ་དེ་ཐ་ལི་མུའུ་གཤོང་སའི་ཤར་ལྷོའི་ཟུར་དང་ཁུ་ནུ་རི་བོའི་འདབས་སུ་ཆགས་ཡོད།
དེས་ན་ཕུའུ་ལུའུ་གྲོང་ཚོ་འདི་ཉིད་ལོ་རྒྱུས་ཀྱི་དེབ་ཐེར་ནང་འཁོད་ནས་དཔའ་བོ་སྔོན་སྐྱོད་ལེན་ཤོག་དང་མཉམ་དུ་གཞན་གྱིས་ཡང་ཡང་གླེང་བ་དང་གཞན་གྱིས་བསྔགས་བརྗོད་བྱས་ཏེ་དཔའ་བོ་སྔོན་སྐྱོད་ལེན་ཤོག་གི་འཐབ་འཛིང་པར་དོ་ཁུར་བྱེད་མཁན་མི་རེ་ངོ་རེའི་ཡིད་སྨོན་འཆོར་ས་དང་དད་གུས་བྱེད་ས་ཞིག་ཏུ་གྱུར།
2021ལོའི་ཟླ་6ཚེས་17ཉིན། བོད་ལྗོངས་ཉིན་རེའི་ཚགས་པར་གྱི“སྔོན་སྐྱོད་ལེན་ཤོག་གི་རྗེས་ཤུལ་འཚོལ་བའི”བཅར་འདྲི་འཕྲིན་སྤེལ་ཚོགས་ཆུང་ཕུའུ་ལུའུ་གྲོང་ཚོར་བསྐྱོད་ནས་ས་གནས་ས་ཐོག་ཏུ་བཅར་འདྲི་དང་བརྙན་ཕབ་བྱས་པ་ཡིན།
“ཕུའུ་ལུའུ་གྲོང་ཚོ་དེ་རྫོང་གྲོང་དང་བར་ཐག་སྤྱི་ལེ་110ཡིས་ཆོད་ཅིང་། དེ་ནི་ང་ཚོའི་རྫོང་གི་ལམ་ཐག་རིང་ཤོས་ཀྱི་རི་ཁུལ་གྲོང་ཚོ་ཞིག་རེད”ཅེས་ང་ཚོ་བཅར་འདྲི་ཚོགས་ཆུང་དང་མཉམ་དུ་ཕེབས་མཁན་རྫོང་ཨུད་དྲིལ་བསྒྲགས་པུའི་ལས་འཛིན་པ་ཨ་ཐི་ཁན་མུའུ་ཡིས་བཤད།
ཕུའུ་ལུའུ་གྲོང་ཚོ་ནི་ཁེ་ལི་ཡ་གཙང་པོ་གྲོག་རོང་བརྒྱུད་རྗེས་ཆགས་པའི་གྲོག་རོང་ཁུལ་དུ་གནས་ཡོད་པས་གྲོག་རོང་གི་སྔོ་ལྗང་ལ་ཕྱོགས་པ་དང་ཁུ་ནུ་རི་བོར་རྒྱབ་གཏོད་ཅིང་། གྲོང་ཚོ་ནས་ཁུ་ནུ་རི་བོའི་རི་རྒྱུད་ལ་རྒྱང་ལྟ་བྱས་ཚེ། རི་བོ་མཐོན་པོ་འགྱིང་ངེར་ལངས་ཤིང་བརྗིད་ཆགས་ཡིད་དུ་འོང་བ་ཞིག་འདུག
ང་ཚོ་གྲོང་ཚོའི་ལྟེ་བར་གནས་པའི་སྔོན་སྐྱོད་ལེན་ཤོག་གི་དཔུང་སྐྱོད་དམ་འཇོག་ཚོགས་ཆེན་འཚོག་སའི་དེ་སྔའི་གནས་ཡུལ་དུ་སླེབས་སྐབས་རིང་ཚད་སྨི་4དང་མཐོ་ཚད་སྨི་2ལྷག་ཙམ་ཡོད་པའི་གསར་བརྗེའི་དྲན་གསོའི་གྱང་ངོས་སུ“ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་རྟ་དམག་ཧྲི་ཤོག་གི་སྔོན་སྐྱོད་ལེན་ཤོག་བོད་དུ་དཔུང་སྐྱོད་བྱེད་པའི་དམ་འཇོག་ཚོགས་ཆེན་གྱི་གནས་ཡུལ”ཞེས་པའི་གསེར་མདོག་ཅན་གྱི་ཡི་གེ་དེ་དག་མིག་ལམ་དུ་འཆར་བྱུང་། གྱང་གི་ཤར་ངོས་སུ“ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་དཔའ་བོ་སྔོན་སྐྱོད་ལེན་ཤོག་བོད་དུ་སྐྱོད་པའི་ངོ་སྤྲོད་མདོར་བསྡུས”དང་། “རང་ཚུགས་རྟ་དམག་ཧྲི་ཤོག་སྔོན་སྐྱོད་ལེན་ཤོག་གི་བོད་སྐྱོད་ལམ་ཐིག་གི་དཔེ་རིས” “སྔོན་སྐྱོད་ལེན་ཤོག་བོད་དུ་སྐྱོད་པའི་ལམ་བར་གྱི་རྩ་ཆེའི་པར་རིས་8ལས་གྲུབ་པའི་འགྲེམས་སྟོན་བྱང་བུ་བཅས་བསྒར་འདུག དེ་སྔའི་གནས་ཡུལ་གྱི་དྲན་གསོའི་བྱེད་སྒོ་སྤེལ་ཡུལ་རྒྱ་ཁྱོན་ཆེན་པོ་མེད་ཀྱང་བཀོད་སྒྲིག་བྱེད་ཚུལ་ཚགས་དམ་ལ་གཙང་སྦྲ་དོད་ཅིང་སྒམ་བརླིང་ལྡན་པ་ཞིག་ཡོད་པ་མ་ཟད། བབ་ཆགས་ལ་ཉེ་འཁོར་གྱི་ཞིང་ཁ་དང་གྲོང་ཚོ་དང་ཡང་གཞི་གཅིག་ཏུ་འདྲེས་འདུག
ཧ་ལི་མུའུ་ལ་ཐེ·སའེ་ཏི་ནི་ཕུའུ་ལུའུ་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་རུ་དཔོན་དང་ཧྲུའུ་ཅི་དང་པོ་གཅིག་ལྕོགས་ཡིན་ཞིང་། ཁོང་གིས“ཕུའུ་ལུའུ་གྲོང་ཚོའི་སྔོན་སྐྱོད་ལེན་ཤོག་གི་དམ་འཇོག་ཚོགས་ཆེན་གྱི་དེ་སྔའི་གནས་ཡུལ་གྱི་དྲན་གསོ་བྱ་ཡུལ་ནི་ཡུས་ཐེན་རྫོང་གི་གསར་བརྗེའི་མཛེས་ལྗོངས་ཁུལ་གཙོ་བོ་གཉིས་ཀྱི་གྲས་ཤིག་རེད། ལོ་ལྟར་གྱི་དྭངས་གསལ་དུས་ཚིགས་དང‘བདུན་གཅིག’སོགས་དུས་ཆེན་གལ་ཆེན་སྐབས། རྫོང་གིས་དེ་གར་མཆོད་འབུལ་དང་དམ་འཇོག་སོགས་ཀྱི་བྱེད་སྒོ་སྣ་ཚོགས་སྒྲིག་འཛུགས་བྱེད་ཀྱི་ཡོད”ཅེས་བཤད།
“སྔོན་སྐྱོད་ལེན་ཤོག་གི་དཔུང་སྐྱོད་དམ་འཇོག་ཚོགས་ཆེན་གྱི་དེ་སྔའི་གནས་ཡུལ་ནི་ང་ཚོའི་རྫོང་གི་བསམ་པའི་རྒྱུ་ནོར་རྩ་ཆེན་ཞིག་དང་། གསར་བརྗེའི་སྲོལ་རྒྱུན་སློབ་གསོ་དང་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་གཏོང་ཡུལ་ཡག་ཤོས་ཤིག་རེད”ཅེས་ཨ་ཐི་ཁན་མུའུ་ཡིས་བཤད།
ལས་ཀར་ཞུགས་ནས་ལོ་40སོང་བའི་ཀྲི་པུའི་ཧྲུའུ་ཅི་རྒན་གྲས་ཤིས་རི་ཕུའུ·དབྱི་པུའུ་ཏི་འདི་ལོ་ལོ་65ལ་སླེབས་ཤིང་། ཁོང་ནི་བྱམས་བརྩེ་ཆེ་བའི་ཡུ་གུར་རིགས་ཀྱི་ཨ་ཁུ་ཞིག་རེད། 2015ལོར་རྒན་ཡོལ་ཞུས་པ་ནས་ད་བར་ཕུའུ་ལུའུ་གྲོང་ཚོར་འཚོ་བ་བསྐྱལ་ནས་བསྡད།
“ངའི་ཨ་ཕས་ང་ལ་དམ་འཇོག་ཚོགས་ཆེན་སྐབས་བཅིངས་འགྲོལ་དམག་གི་འཐབ་འཛིང་པ་མང་པོ་ཡོང་བས་ཧ་ཅང་འཁྲུག་པོ་འདུག རྗེས་སུ་ལམ་བཟོ་སྐབས་བཅིངས་འགྲོལ་དམག་གི་འཐབ་འཛིང་པ་དེ་བས་མང་བ་སླེབས་སོང་ཞེས་ཤོད་མྱོང”ཞེས་ཤིས་རི་ཕུའུ·དབྱི་པུའུ་ཏིས་ཕྱིར་དྲན་བྱེད་བཞིན་བཤད།
“བཅིངས་འགྲོལ་དམག་གི་འཐབ་འཛིང་པ་དཀའ་སྡུག་དང་དཀའ་ངལ་ལ་མི་སྐྲག་པ་མ་ཟད་སྐད་གསང་མཐོན་པོས་དམག་གླུ་ལེན་རྒྱུར་ཧ་ཅང་དགའ་པོ་འདུག” དེ་ནི་ཤིས་རི་ཕུའུ·དབྱི་པུའུ་ཏིའི་ཕར་བོད་སྐྱོད་འཐབ་འཛིང་པ་ལས་བྱུང་བའི་བག་ཆགས་ཟབ་ཤོས་ཤིག་རེད།
གྲོང་ཚོ་ཨུ་ལྷན་གྱི་གཞུང་ལས་ཁང་ནང་ཧ་ལི་མུའུ་ལ་ཐི་·སའེ་ཏིས་ང་ཚོར་ཕུའུ་ལུའུ་གྲོང་ཚོའི་གཞི་རྩའི་གནས་ཚུལ་ངོ་སྤྲོད་བྱས་ཤིང་། གྲོང་ཚོ་ཧྲིལ་པོར་ཁྱོན་གྲོང་མིའི་ཚོགས་ཆུང་4དང་དུད་ཚང་406གི་མི་1316ཡོད་པ་དང་། 2020ལོར་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་5000ཡན་ཟིན་ཡོད། གྲོང་ཚོ་ཡོངས་སུ་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་186གི་མི་567ཡོད་པ་དང་དུད་ཚང་དབུལ་པོས་རེ་ཞུ་དང་། དམངས་གཙོའི་དཔྱད་མོལ། ཞིབ་བསྡུར་ཁས་ལེན། ཡོངས་བསྒྲགས་གཏན་འཁེལ་བཅས་བྱས་པ་བརྒྱུད། མིག་སྔའི་བར་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་ཚང་མ་དབུལ་སྒྲོལ་ཐུབ་ཡོད།
“ཕུའུ་ལུའུ་གྲོང་ཚོས་འབྲོག་ལས་གཙོ་བོར་བྱེད་པས་ཐང་གཤོང་དང་བསྡུར་ན་རི་ཁུལ་དུ་ཆར་ཆུ་ཅུང་མང་བ་དང་། ལྷག་པར་དུ་ཁེ་ལི་ཡ་ཧོ་གཙང་པོའི་ཆུ་འབེལ་བའི་དབང་གིས་ཕུའུ་ལུའུ་གྲོང་ཚོའི་ཉེ་འགྲམ་གྱི་གྲོག་རོང་ཁྲོད་རི་མཐོའི་ན་ཁ་དང་འབྲོག་ར་མི་ཉུང་བ་ཞིག་ཆགས་ནས་ཧོ་ཐན་ལུག་དང་། ཁུལ་ལྡན་ར། འབྲི་གཡག་བཅས་གསོ་ཚགས་བྱེད་ཀྱི་ཡོད”ཅེས་ཧ་ལི་མུའུ་ལ་ཐི·སའེ་ཏིས་ངོ་སྤྲོད་བྱས།
གོ་ཐོས་ལ་ཕུའུ་ལུའུ་གྲོང་ཚོའི“ཕུའུ་ལུའུ”ཞེས་པའི་ཡིག་འབྲུ་གཉིས་ནི་བོད་སྐད་ཀྱི་སྣམ་བུ་ཞེས་པ་རྒྱ་སྐད་ནས“ཕུའུ་ལུའུ”ཞེས་འབོད་པ་ལས་བྱུང་བའི་ཤོད་སྲོལ་འདུག ང་ཚོས་གྲོང་ཚོ་ཨུ་ལྷན་གྱི་གཞུང་ལས་ཁང་དུ་ཧ་ལི་མུའུ་ལ་ཐི·སའེ་ཏི་དང་ཨ་ཁུ་ཤིས་རི་ཕུ·དབྱི་པུའུ་ཏི་དང“ཕུའུ་ལུའུ”ཞེས་པའི་གོ་དོན་ལ་གྲོས་བསྡུར་ནན་ཏན་བྱས་པ་ཡིན། ཁོང་ཚོས་ཐ་སྙད་འདི་ས་གནས་དེ་གའི་ཡུ་གུར་སྐད་ཀྱི་ཐོག་ནས་འགྲེལ་བཤད་རྒྱག་ཐབས་མེད་པ་ཐག་བཅད། ཚང་མས་དེ་ནི་བོད་སྐད་ཀྱི“སྣམ་བུའི”དོན་ཡིན་པའི་ངོས་འཛིན་བྱས། 《ཡུས་ཐེན་རྫོང་གི་ལོ་རྒྱུས》ཞེས་པའི་ངོ་སྤྲོད་མདོར་བསྡུས་ནང་འབྲོག་ལས་གཙོ་བོར་བྱེད་པའི་ཨ་ཆང་ཤང་ཕུའུ་ལུའུ་གྲོང་ཚོར་སྲོལ་རྒྱུན་ལག་ཤེས་བལ་བསླས་ཐོན་རྫས་མང་པོ་ཐོན་གྱི་ཡོད་པ་ཡང་འཁོད་ཡོད།
ཕུའུ་ལུའུ་གྲོང་ཚོའི་མིང་དེ་བོད་ལྗོངས་ས་མཐོར་ཆེས་ཡོངས་ཁྱབ་དང་། ཆེས་རྒྱུན་མཐོང་། ཆེས་མི་རིགས་ཀྱི་ཁྱད་ཆོས་ལྡན་པ་བཅས་ཀྱི་བལ་བསླས་ཐོན་རྫས“སྣམ་བུའི”མིང་རྒྱ་སྐད་དུ་བསྒྱུར་ནས་བྱུང་བ་ཞིག་ཡིན་མིན་ད་ལྟའང་ཚིག་ཐག་བཅད་ནས་ཤོད་རྒྱུ་མེད། འོན་ཀྱང་ས་བབ་ཐད་ནས་བལྟས་ན། ཕུའུ་ལུའུ་གྲོང་ཚོ་དེ་བོད་ཀྱི་ལོ་རྒྱུས་ནང“ལི་ཡུལ”ཞེས་བརྗོད་པའི་ཧོ་ཐན་ས་ཁུལ་ནས་མཚོ་བོད་ས་མཐོར་སྐྱོད་སའི་ལམ་གཙོ་བོར་ཆགས་ཡོད་པས་ཐ་ལི་མུའུ་གཤོང་ས་དང་བྱང་རྩྭ་ཐང་དང་ཐག་ཉེ་ཤོས་ཀྱི་ས་ཆ་ཞིག་རེད། ས་ཆ་གཉིས་ཀྱི་དབར་གནའ་སྔ་མོ་ནས་བཟུང་འབྲེལ་བ་དམ་ཟབ་དང་འབྲེལ་གཏུག་སྤེལ་རེས་སྣ་ཚོགས་ཡོད་པ་ནི་ཐེ་ཚོམ་སྐྱེ་མི་དགོས་པ་ཞིག་རེད།
གནའ་དུས་སུ་ས་ཆ་དེ་ནི་ཁུ་ནུ་རི་རྒྱུད་ཀྱི་ཁེ་ལི་ཡ་ལ་བརྒལ་ཏེ། ཤིན་ཅང་ནས་བོད་བྱང་ཐང་དུ་སྐྱོད་སའི་ཁེ་ལི་ཡ་གནའ་ལམ་གྱི་བྱང་ཕྱོགས་ཀྱི་འགོ་འཛུགས་ས་ཡིན་ལ། བོད་ནས་ཤིན་ཅང་དུ་སྐྱོད་སའི་ལམ་བུ་སྔ་ཤོས་དང་བཙན་པོའི་དུས་སུ་ནུབ་ནས་ཨེ་ཤེ་ཡ་དབུས་མར་བསྐྱོད་པར་བརྒྱུད་དགོས་ངེས་ཀྱི་ས་ཆ་ཞིག་ཀྱང་རེད། དེར་བརྟེན་ཕུའུ་ལུའུ་གྲོང་ཚོར“ཤིན་ཅང་ནས་བོད་དུ་སྐྱོད་སའི་གྲོང་ཚོ་དང་པོ”ཞེས་ཀྱང་བརྗོད་ཀྱི་ཡོད།
ལོ་71གི་གོང་དཔའ་བོ་སྔོན་སྐྱོད་ལེན་ཤོག་སླར་ཡང་དེ་ག་ནས་རྡོག་ཐོན་བྱས་ཏེ་མངའ་རིས་སུ་རྒྱང་སྐྱོད་བྱས་ནས“ཀྲུང་གོའི་གསར་བརྗེའི་ལོ་རྒྱུས་ཐོག་གི་རྒྱང་སྐྱོད་ཐེངས་གཉིས་པ”ཞེས་གྲགས་པའི་མེས་རྒྱལ་སྐམ་ས་ཆེ་མོའི་ངོ་མཚར་ཆེ་བའི་ས་ཆ་མཐའ་མ་དེར་བཅིངས་འགྲོལ་གཏོང་བའི་འོད་སྟོང་འཕྲོ་བའི་དཔུང་སྐྱོད་བྱས།
ལོ་རྒྱུས་དེ་ཕུའུ་ལུའུ་གྲོང་ཚོའི་མི་རྣམས་ཀྱིས་བརྗེད་མི་སྲིད་པ་དང་། སྤྱི་མཐུན་རྒྱལ་ཁབ་ཀྱིས་བརྗེད་མི་སྲིད་པ། བོད་མི་དམངས་ཀྱིས་དེ་བས་བརྗེད་མི་སྲིད།
རྩ་གཉིས་ཨང་རྟགས་བཤར་འབེབས་བྱས་ན་ནང་དོན་དེ་བས་མང་བ་ཤེས་རྟོགས་ཐུབ།
འགན་འཁུར་རྩོམ་སྒྲིག་པ། 次旦多吉
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣