ལྷ་ས་གྲོང་ཁྱེར་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སྐོར་གྱི་གྲུབ་འབྲས་རགས་ཙམ་བཀོད་པ།
བློ་གཤོག་ཆེན་པོས་མདུན་དུ་སྐྱོད། འབད་བརྩོན་ཆེན་པོས་མཆོང་སྐྱོད་བྱེད། བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70སོང་རིང་། ལྷ་ས་གྲོང་ཁྱེར་གྱིས་རླབས་ཆེན་གྱི་མེས་རྒྱལ་དང་དབུགས་ལམ་གཅིག་གྱུར་དང་། བདེ་སྡུག་མཉམ་མྱོང་། གཅིག་སེམས་གཅིག་སྦྲེལ་བཅས་བྱས་པས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་གྲུབ་འབྲས་ཐོབ་ཡོད། དཔལ་འབྱོར་གྱི་དམིགས་ཚད་ཕྱོགས་ཡོངས་ནས་ཡུན་རིང་རྗེས་ལུས་ཡིན་པ་ནས་ཁག་གཅིག་རྒྱལ་ཡོངས་ཀྱི་ཆུ་ཚད་ཀྱི་རྗེས་ཟིན་པའི་བར་གྲོང་ཁྱེར་ཡོངས་ཀྱི་མི་རེའི་ཆ་སྙོམས་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་དང་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་ཚང་མ་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་བརྒལ་བ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་དང་ཧ་ལམ་མཚུངས་པ། ལྟེ་བའི་གྲོང་ཁྱེར་གྱི་སྣེ་ཁྲིད་དང་ཁྱབ་འགྱེད་སྐུལ་ཁྲིད་ཀྱི་ནུས་པ་རྒྱུན་མཐུད་ངང་ཆེ་རུ་ཕྱིན་པ་བཅས་རེད།
ལངས་གཟུགས་འགྲིམ་འགྲུལ་གྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི“འཕར་རྩ་ཆེན་པོ”བསྐྲུན་པ།
ཉེ་ཆར། ལྷ་ས་གྲོང་ཁྱེར་གྱི་ས་འོག་ཕུག་ལམ་དང་པོ་སྟེ། ལྷ་སའི་གཙང་འགྲམ་ལམ་ས་འོག་ཕུག་ལམ་དང་ཆུ་རགས་ཟམ་ཆེན་གསུམ་པར་རླངས་འཁོར་བདེ་བླག་ངང་ཤར་གཏོང་ཐུབ་ཡོད། རྣམ་གྲངས་དེར་རླངས་འཁོར་བདེ་བླག་ངང་ཤར་གཏོང་ཐུབ་པ་དེས་འགྲིམ་འགྲུལ་གྱི་གནོན་ཤུགས་ཆུང་དུ་ཕྱིན་པ་མ་ཟད། ད་དུང་ལྷ་ས་སྐྱིད་ཆུའི་མཛེས་ལྗོངས་སྒྱུར་བཀོད་ལས་གྲྭ་དང་ཕན་ཚུན་མཉམ་འདྲེས་ཐུབ་ནས། ལམ་བར་དུ་ལྷ་ས་གཙང་འགྲམ་སྤྱི་གླིང་དང་གཙང་འགྲམ་ལུས་རྩལ་སྤྱི་གླིང་སོགས་མང་ཚོགས་ཀྱིས་ལྟ་སྐོར་དང་སྦྱོང་བརྡར་བྱས་ཆོག་པའི་གནས་མང་པོ་ཞིག་ཡོད་པ་དེ་དག་འགྲིམ་འགྲུལ་དང་སྤྲོ་གསེང་གི་ནུས་པ་གཅིག་ཏུ་བསྡུས་པའི་གཙང་འགྲམ་སྐྱེ་ཁམས་མཛེས་ལྗོངས་དལ་བགྲོད་བགྲོད་ལམ་ཞིག་ཏུ་གྱུར་ཡོད།
དཔལ་འབྱོར་འཕེལ་རྒྱས་གཏོང་བར་འགྲིམ་འགྲུལ་སྔོན་ལ་སྐྲུན་དགོས། ད་ཆ་ལྷ་སར་གཞུང་ལམ་དང་། ལྕགས་ལམ། མཁའ་འགྲུལ་བཅས་ཀྱི་ཕྱོགས་བསྡུས་རང་བཞིན་དང་ལངས་གཟུགས་ཅན་གྱི་འགྲིམ་འགྲུལ་སྐྱེལ་འདྲེན་དྲ་རྒྱ་ཞིག་ཆགས་པ་དང་། ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་དྲ་རྒྱ་དེ་བས་འཐུས་སྒོ་ཚང་དུ་ཕྱིན་པ། གྲོང་སྐོར་གྱི་མ་ལམ་གཙོ་བོ་ཕྱོགས་ཡོངས་ནས་བསྐྲུན་པ། མྱུར་བགྲོད་གཞུང་ལམ་ལྷོ་ཁ་དང་ཉིང་ཁྲིར་སྦྲེལ་མཐུད་ཐུབ་པ། ལྕགས་ལམ་གཞིས་རྩེར་ཤར་གཏོང་ཐུབ་པ་དང་འབྲེལ་ཉིང་ཁྲིར་ཡང་སྦྲེལ་མཐུད་ཐུབ་པ། མཁའ་ལམ་109བར་མང་དུ་ཕྱིན་པ་དང་རྒྱལ་ཁབ་ཕྱི་ནང་གི་གྲོང་ཁྱེར་62ལ་ཤར་གཏོང་ཐུབ་པ། གྲོང་ཁྱེར་ཡོངས་སུ་གཞུང་ལམ་ཤར་གཏོང་ཐུབ་པའི་སྤྱིའི་ལམ་ཐག་སྤྱི་ལེ་5400ལྷག་ཙམ་ཟིན་པ། ཤང་དང་། གྲོང་རྡལ། སྲིད་འཛིན་གྲོང་ཚོ་བཅས་ལ་གཞུང་ལམ་ཤར་གཏོང་ཐུབ་ཚད་དང་འགྲུལ་སྐྱེལ་རླངས་འཁོར་ཁྱབ་ཚད་100%ཟིན་ཡོད།
འགྲིམ་འགྲུལ་ལས་རིགས་ཀྱི་འགྱུར་ལྡོག་ཆེན་པོ་ནི་ཉེ་བའི་ལོ་ཤས་རིང་ལྷ་ས་གྲོང་ཁྱེར་གྱི་འཕེལ་རྒྱས་གྲུབ་འབྲས་ཀྱི་མཚོན་ཚུལ་ཞིག་རེད། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཀྱིས་ལྷ་སའི་འཕེལ་རྒྱས་ལ་ཁ་ཕྱོགས་གསལ་སྟོན་དང་། ཐབས་ལམ་གསལ་སྟོན། གཞི་འཛིན་ས་གཏན་འཁེལ་བཅས་བྱས་པ་དང་། ཀྲུང་དབྱང་གི་ཐུགས་ཁུར་དང་ཁ་གཏད་རོགས་སྐྱོར་གྱིས་ལྷ་སའི་འཕེལ་རྒྱས་ལ་སྒུལ་ཤུགས་སྣོན་པ་དང་། མཉམ་ཤུགས་སྒྲིལ་བ། ནུས་པ་འདོན་པ་བཅས་བྱས་ནས་ལྷ་སའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་འདེགས་སྐྱོར་ཆེན་པོ་བྱས་པ་དང་། “ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་དམིགས་ཚད་བདེ་བླག་ངང་ལེགས་གྲུབ་བྱུང་ནས། བདེ་སྡོད་ལས་བརྩོན་དང་། འགན་ལེན་ནུས་ལྡན། ཁྱིམ་གཞིས་མཛེས་པ། མི་རིགས་མཐུན་སྒྲིལ། ཤེས་དཔལ་ཞི་མཐུན་བཅས་ཀྱི་འབྱོར་འབྲིང་ལྷ་སར་ཐག་གཅོད་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད།
དམངས་འཚོ་འགན་སྲུང་གི་དྲ་བའི་ཚགས་དམ་དུ་བཏང་ནས་མི་སེར་གྱི་བདེ་སྐྱིད་ཚོར་སེམས་ཆེ་རུ་བཏང་བ།
ཐོག་མའི་བསམ་འདུན་མ་བརྗེད་ན་མི་འགྲུབ་བྱ་བ་ཅི་ཡང་མེད། ལྷ་ས་གྲོང་ཁྱེར་གྱིས་དམངས་འཚོ་ལེགས་སུ་གཏོང་བའི་ཐད་རྒྱུན་ཆད་མེད་པར་མ་དངུལ་འབོར་ཆེན་བཏང་སྟེ། “དམངས་འཚོ”ལ་བརྩེ་སེམས་ཟབ་མོ་བཅངས་ནས་མི་སེར་གྱི་སེམས་ལ་དྲོ་སྐྱིད་སྦྱིན་ཡོད། ལོ་ལྟར་ནོར་སྲིད་ཡོང་འབབ་ཀྱི་80%ཡན་དམངས་འཚོའི་བྱ་གཞག་ལ་མཐའ་འཁྱོངས་སྤྱད་པ་དང་། ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ལྷ་ས་གྲོང་ཁྱེར་གྱིས་མི་ཁྲི་2.2ལྷག་ཙམ་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་ལེགས་སྒྲུབ་བྱས་པ་དང་། སྒོར་དུང་ཕྱུར་30ལྷག་ཙམ་བཏང་ནས་འབྱོར་འབྲིང་བདེ་སྡོད་ལས་གྲྭ་དང་ཁུལ་ཆུང་རྙིང་པ་སྒྱུར་བཀོད་བྱས་པས། མི་དམངས་མང་ཚོགས་རྣམས་རྒྱ་ཆེ་ལ་སྐྱིད་སྣང་དོད་པའི་སྡོད་ཁང་གསར་པར་སྡོད་པའི་འཚོ་བའི་ཁོར་ཡུག་ཧ་ཅང་ལེགས་སུ་ཕྱིན་ཡོད།
དེང་རབས་ཅན་གྱི་གྲོང་མིའི་ཁུལ་ཆུང་དང་སློབ་ཁྲིད་ཐོག་ཁང་གྲལ་སྟར་འགྲིགས་ལ་གོ་རིམ་ལྡན་པ་དང་། ཁྲོམ་གཞུང་དུ་རླངས་འཁོར་རྒྱུན་ཆད་མེད་པ་དང་ཚོང་ཁང་མང་བ། སློབ་གྲྭ་དང་། སྨན་ཁང་། ཕན་བདེ་ཁང་བཅས་ཐག་ཉེ་སར་ཡོད། ལོ་10ཡི་གོང་ཁྲེང་ཀོན་ཆུས་ཚལ་གུང་ཐང་ཁྲོམ་གཞུང་ཚལ་གྲོང་ཚོའི་ཡུལ་མིས་ནས་འདེབས་པའམ་ཡང་ན་ཕྱུགས་འཚོས་ནས་འཚོ་ཐབས་བྱེད་ཀྱི་ཡོད། གྲོང་ཁྱེར་ཅན་གྱི་བརྒྱུད་རིམ་ནང་ཚལ་གྲོང་ཚོས་མ་རྐང་ལ་ཞུགས་པའི་ཚོང་ལས་ཨར་འདམ་མཉམ་བསྲེས་ས་ཚིགས་དང་བྱེ་མ་ར་བ་འཛུགས་པ་དང་ཚོང་ཁང་བོགས་མར་གཏོང་བ་སོགས་བརྒྱུད་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་དང་སྟོབས་ཆེར་བཏང་བ་མ་ཟད། ད་དུང་ཡུལ་མི་ཚོགས་ཆུང་ཚན་པར་བྱས་ནས་སྐྱེལ་འདྲེན་རླངས་འཁོར་རུ་ཁག་མང་པོ་བཙུགས་ཏེ་མང་ཚོགས་ཀྱི་ལས་ཞུགས་གནད་དོན་ཐག་གཅོད་ནུས་ལྡན་བྱས་པས། མང་ཚོགས་ལ་དཔལ་འབྱོར་ཡོང་འབབ་མང་པོ་བྱུང་ཡོད། 2020ལོར་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་23664.9ཟིན་ཡོད། “ལས་ཀ་མང་ལ་གོ་སྐབས་ཀྱང་མང་པོ་ཡོད། ང་ཚོ་ཚང་མས་དཀའ་སྡུག་མྱོང་ཕོད་པས་མང་ཚོགས་ཀྱི་ཡོང་འབབ་ཀྱང་དེ་དང་ཆབས་ཅིག་འཕར་ཡོད”ཅེས་ཚལ་གྲོང་ཚོའི་ཕྱུག་འགྱུར་སྣེ་ཁྲིད་པ་བསོད་རྡོར་གྱིས་འཛུམ་དམུལ་དམུལ་ངང་བཤད།
སྐྱེ་ཁམས་བཟང་པོས་ཐོན་ལས་དར་རྒྱས་དང་མི་སེར་ཕྱུག་འགྱུར་ལ་སྐུལ་ཁྲིད་བྱས་པ།
སྣེའུ་ཁུལ་གསར་དུ་གནས་པའི་སྟག་གདོང་གྲོང་ཚོ་ནི་ལྷ་སའི་ལྷོ་ནུབ་ཀྱི་ལུང་ཤུར་དུ་གནས་པ་དང་། དེ་ནི་དཔེ་མཚོན་གྱི་བོད་རིགས་ཀྱི་ཁྱད་ཆོས་ལྡན་པའི་གྲོང་ཚོ་ཆུང་ངུ་ཞིག་རེད་ལ། བོད་ཀྱིས་སྲུང་སྐྱོང་ཡག་ཤོས་བྱས་པའི་གནའ་བོའི་གྲོང་ཚོའི་གྲས་ཤིག་ཀྱང་རེད། ཉེ་བའི་ལོ་ཤས་རིང་། གྲོང་གསེབ་ཀྱི་ཡུལ་སྐོར་འཕེལ་རྒྱས་གཏོང་བར་བརྟེན་ནས་སྟག་གདོང་གྲོང་ཚོའི་མི་རེའི་ལོ་རེའི་ཆ་སྙོམས་ཡོང་འབབ་ལྡབ་ཁ་ཤས་འཕར་ཡོད། 2020ལོར་སྟག་གདོང་གྲོང་ཚོའི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་ཁྲི་1.6ཟིན་ནས་སྟག་གདོང་གྲོང་ཚོའི་སྔོ་ཞིང་དྭངས་པའི་རི་ཆུ་དངོས་སུ་གསེར་རི་དངུལ་རིར་གྱུར་ཡོད།
ཁོར་ཡུག་ནི་དམངས་འཚོ་དང་། དགུང་སྔོན་ནི་བདེ་སྐྱིད་རེད། མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་ཡག་པོ་བྱེད་པ་ནི་ཀྲུང་ཧྭ་མི་རིགས་ཀྱི་འཚོ་གནས་དང་འཕེལ་རྒྱས་ལ་ལེགས་སྐྱེས་ཆེ་ཤོས་ཕུལ་བ་ཞིག་རེད། བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70སོང་རིང་དང་། ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་འཚོགས་ཚུན། ལྷ་ས་གྲོང་ཁྱེར་གྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་དོན་ཕྱོགས་ཡོངས་ནས་སྤེལ་བས། སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ལ་དུས་མཚམས་རང་བཞིན་གྱི་རྒྱལ་ཁ་ཐོབ་པ་དང་། སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་རྒྱུན་མཐུད་ལེགས་སུ་ཕྱིན་པ། ལྷོ་བྱང་རི་བོར་ནགས་བཟོ་དང་རི་བོ་ཉམས་གསོའི་ཐད་ཚད་བརྒལ་གསར་པ་བྱུང་བ། “སྔོ་ལྗང་གྲོང་སྐོར”གྱི་རྣམ་པ་ཞིག་ཆགས་པ། ལྷ་ས་སྐྱིད་ཆུའི་ཕྱོགས་བསྡུས་བཅོས་སྐྱོང་ལ་སྐུལ་འདེད་བརྟན་པོ་བཏང་བ། གྲོང་ཁྱེར་གྱི་ཆུ་རྒྱུད་སླར་གསོ་སྦྲེལ་མཐུད་ཐུབ་པ། ལྷ་ཀླུ་འདམ་ར་སྲུང་སྐྱོང་གི་གྲུབ་འབྲས་གྲོང་མི་ཚོས་མཉམ་སྤྱོད་ཐུབ་པ། རི་ཆུ་ནགས་ཞིང་རྩྭ་མཚོ་བྱེ་ཐང་བཅས་ཀྱི་མ་ལག་བཅོས་སྐྱོང་གི་ཕན་འབྲས་མངོན་གསལ་དོད་པ། གྲོང་ཁྱེར་གྱི་སྤྱི་སྤྱོད་འགྲིམ་འགྲུལ་ཚང་མ་ནུས་རྒྱུ་གཙང་མ་ཅན་མངོན་འགྱུར་བྱུང་བ། “སྐར་མ་15ཡི་སྔོ་ལྗང་དམངས་ཕན་ཞབས་ཞུའི་བར་ཁྱམས”གཞི་རྩའི་ཆ་ནས་ཆགས་པ། ས་བབ་མཐོ་ཚད་སྨི་4300མན་གྱི་གྲོང་ཚོ་དང་དུད་ཚང་ཚང་མར་སྐྱེ་ཤིང་བཏབ་པ་དང་། གྲོང་ཁུལ་གྱི་རང་བྱུང་སོལ་རླངས་མཁོ་འདོན་ལས་གྲྭ་ཁྱོན་ཡོངས་ནས་ལེགས་གྲུབ་བྱུང་བ། མཁའ་རླུང་དང་ཁོར་ཡུག་གི་སྤུས་ཚད་ཐོག་མཐའ་བར་གསུམ་དུ་རྒྱལ་ཡོངས་ཀྱི་གཙོ་གནད་གྲོང་ཁྱེར་168ཀྱི་མདུན་གྲལ་དུ་སླེབས་ཡོད།
ཐང་གར་མི་རྣམས་ཀྱིས“འཁྱེར་ཆོག་པའི་ལྡེབས་རིས”ཤིག་རེད་ཅེས་བརྗོད་ཅིང་། བོད་མི་རིགས་ཀྱི་རིག་གནས་ཀྱི་ཤེས་བྱ་ཀུན་བཏུས་ཤིག་རེད། ཉེ་ཆར་གསར་འགོད་པ་ལྷ་ས་སྐྱིད་ཆུའི་ལྷོ་ངོགས་སུ་གནས་པའི་བོད་ཀྱི་རིག་གནས་ཡུལ་སྐོར་གསར་གཏོད་གླིང་དུ་སྐྱོད་སྐབས། གསེར་ཐང་བོད་ཀྱི་ཐང་གའི་རིག་གནས་ཐོན་ལས་གླིང་གི་ཨར་པོ་རྒྱག་ཡུལ་ནས་གསར་འགོད་པས་བཟོ་པ་ཚོས་དུས་ཚོད་དམ་འཛིན་གྱིས་ཨར་པོ་རྒྱག་པ་དང་ལས་དོན་ཁག་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་པ་མཐོང་བྱུང་། ལྷ་ས་གྲོང་ཁྱེར་འཛུགས་སྐྲུན་གཉེར་སྐྱོང་མ་འཇོག་ཚད་ཡོད་ཀུང་སི་དང་བོད་ལྗོངས་ཚེ་མཆོག་གླིང་རིག་གནས་གསར་གཏོད་མ་འཇོག་ཚད་ཡོད་ཀུང་སིའི་མ་རྐང་ཚོད་འཛིན་ཚད་ཡོད་ཀུང་སིས་བོད་ལྗོངས་གསེར་ཐང་རིག་གནས་འཕེལ་རྒྱས་ཚད་ཡོད་འགན་འཁྲི་ཀུང་སི་བཙུགས་ཏེ། རྒྱལ་ཡོངས་ཀྱི་གཞི་ཁྱོན་ཆེ་ཤོས་དང་ཐོན་ལས་འཁོར་འབྲེལ་ཆ་ཚང་ཤོས་ཀྱི་ཐང་གའི་རིག་གནས་ཐོན་ལས་གླིང་ཐོག་མ་དེ་བཏོད་ཅིང་། མིག་སྔར་རྒྱལ་ཁབ་རིམ་པ་དང་ཞིང་ཆེན(རང་སྐྱོང་ལྗོངས)རིམ་པའི་ལྷ་འབྲི་བ་མང་པོ་ཞིག་ལྷ་འབྲི་བའི་ལས་དོན་ཁང་ལ་ཞུགས་པ་དང་འབྲེལ་གླིང་ཁུལ་དུ་བཅའ་སྡོད་ཀྱང་བྱས་ཡོད་པ་རེད།
སྲོལ་རྒྱུན་དང་དེང་རབས་མཉམ་འདྲེས་བྱེད་རིང་བོད་ཀྱི་རིག་གནས་ལ་རྒྱུན་ཆད་མེད་པར་གསོན་ཤུགས་གསར་པ་འཕེལ་ནས། ལོ་ལྟར་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་ཁྲི་སྟོང་མང་པོ་ལྷ་སར་ཡུལ་སྐོར་དུ་ཡོང་བའི་ཡིད་དབང་བཀུག་ཡོད།
ད་ཆའི་ལྷ་ས་སྐྱེ་ཁམས་ལེགས་པ་དང་། ཐོན་ལས་དར་བ། གྲོང་གསེབ་མཛེས་པ། མི་སེར་ཕྱུག་པ་བཅས་ཡོད། མང་ཚོགས་ཀྱི་གདོང་ནས་བདེ་སྐྱིད་ཚོར་སྣང་ཆེན་པོ་མངོན་པ་དང་། ལྗིད་ཏིག་ཏིག་གི་གྲུབ་འབྲས་ཐོབ་སྣང་སེམས་གཏིང་ནས་མངོན་པ། ལྷ་སའི་མཛེས་སྡུག་ལྡན་པའི་འཚོ་བ་མཚོན་པའི“དངོས་ལྗོངས་ས་བཀྲ”མང་པོ་ཞིག་མངོན་བཞིན་ཡོད།
འགན་འཁུར་རྩོམ་སྒྲིག་པ། 次旦多吉
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣