དབུ་ཤོག>ཆེད་སྒྲིག
  • མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱས་ནས་ཐུན་མོང་ཐོག་བསྐྱར་དར་རླབས་པོ་ཆེའི་ཕུགས་འདུན་མངོན་འགྱུར་བྱེད་དགོས།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2021-08-22

    965989_yis_1629561600000_s.jpg

    འདི་ནི་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་མཚོ་སྣ་རྫོང་གི་དམིགས་བསལ་དཀའ་ངལ་ཡོད་པའི་གཅིག་སྡུད་བསྙེན་བཀུར་ཞབས་ཞུ་ལྟེ་གནས་ཀྱི་ལས་དོན་མི་སྣས་རྒན་རྒོན་ཚོ་དང་ཅི་འཕྲོས་མོལ་འཕྲོས་བྱེད་བཞིན་པ།

    བོད་ཞི་བས་བཅིངས་འགྲོལ་བཏང་བའི་དྲན་གསོའི་རྡོ་རིང་འགྱིང་ངེར་གནས་ཤིང་། དྲན་གསོའི་རྡོ་རིང་གི་གཞོགས་གཉིས་སུ“1951”དང“2021”གི་གསེར་མདོག་གི་ཡིག་ཆེན་ལས་བཀྲག་མདངས་འཚེར་བཞིན་མཆིས། ཕོ་བྲང་པོ་ཏ་ལའི་ཐང་ཆེན་དུ་ཚོན་མདོག་སྣ་ཚོགས་ཀྱི་དར་ཆ་ལྷབ་ལྷུབ་ཏུ་གཡོ་བ་དང་བཀྲ་ཤིས་འཆམ་མཐུན་གྱི་རྣམ་པས་ཁེངས།

    ཚེས་19ཉིན་གྱི་སྔ་དྲོ། བོད་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཁྲི་2ལྷག་ཙམ་ཕོ་བྲང་པོ་ཏ་ལའི་ཐང་ཆེན་དུ་འཛོམས་ནས་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་རྟེན་འབྲེལ་སྒོ་བན་ཐོག“མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱས་ནས་ཐུན་མོང་ཐོག་བསྐྱར་དར་རླབས་པོ་ཆེའི་ཕུགས་འདུན་མངོན་འགྱུར་བྱེད་དགོས”ཞེས་པའི་ཕྱག་བྲིས་ཕྱག་བསྟར་མ་གནང་བ་རེད། བརྩེ་བ་ཟབ་མོ་ལྡན་པའི་ཕྱག་བྲིས་ཕྱག་བསྟར་མ་གྲོང་ཁྱེར་དང་། གྲོང་གསེབ། གངས་རི་དང་རྩྭ་ཐང་བཅས་སུ་ཁྱབ།

    ཏང་དབུ་བརྙེས་ནས་ལོ་ངོ་བརྒྱ་འཁོར་བའི་གཟི་བརྗིད་ལ་རོལ་བཞིན་པའི་གངས་ལྗོངས་ས་མཐོའི་བུ་ཕྲུག་ཚོས་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་དགའ་སྤྲོའི་རྣམ་པའི་ཁྲོད་མགོ་འཕང་མཐོ་ཞིང་གོམ་ཞེང་ཆེན་པོས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཕྱོགས་ཡོངས་ནས་བསྐྲུན་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་བསྐྱོད།

    ལོ་ངོ་བདུན་ཅུའི་རིང་འབད་འབུངས་མདུན་སྐྱོད་བྱས། གངས་ལྗོངས་ས་མཐོར་འཕོ་འགྱུར་ཆེན་པོ་བྱུང་ནས་མི་ཡུལ་གསར་པ་བརྗེས་པ།

    འདི་ལོའི་ཟླ་བདུན་པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མ་བོད་དུ་རྟོག་ཞིབ་གནང་བར་ཕེབས་ཏེ་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70སོང་རིང་གི་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བ་དང་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་སྨོན་འདུན་བཟང་པོ་ཞུས།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70སོང་རིང་། ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་རྒྱལ་ཡོངས་མི་དམངས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་འོག བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་དཀའ་སྤྱད་འབད་འཐབ་དང་སྙིང་རུས་ཆེན་པོས་འབད་བརྩོན་བྱས་པས། སྤྱི་ཚོགས་ལམ་ལུགས་ལ་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་བྱུང་བ་དང་། དཔལ་འབྱོར་དང་སྤྱི་ཚོགས་ཕྱོགས་ཡོངས་ནས་འཕེལ་རྒྱས་ཕྱིན་པ། མི་དམངས་ཀྱི་འཚོ་བ་ཇེ་ལེགས་སུ་ཕྱིན་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྣམ་པར་འགྱུར་ལྡོག་ཤུགས་ཆེན་བྱུང་ཡོད།

    ཉིན་ཤས་བསྟུད་མར་གནའ་གྲོང་ལྷ་སར་དར་ཚོན་ལྷབ་ལྷུབ་ཏུ་གཡོ་བ་དང་གང་སར་བཀྲ་ཤིས་པའི་རྣམ་པས་ཁེངས།

    བརྗིད་ཉམས་ལྡན་པའི་ཕོ་བྲང་པོ་ཏ་ལས་སླར་ཡང་ལོ་རྒྱུས་རང་བཞིན་གྱི་དུས་སྐབས་ལ་དཔང་པོ་བྱས། 2021ལོའི་ཟླ་8ཚེས་19ཉིན་བོད་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་ཕོ་བྲང་པོ་ཏ་ལའི་ཐང་ཆེན་དུ་འཛོམས་ཏེ། བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུས།

    ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་དབང་དབྱང་གིས་ཚོགས་གཙོ་གནང་བའི་ཀྲུང་དབྱང་སྐུ་ཚབ་ཚོགས་པས། ཏང་ཀྲུང་དབྱང་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་དང་རྒྱལ་ཡོངས་མི་དམངས་ཀྱི་བརྩེ་བ་ཟབ་མོ་བསྣམས་ནས། བོད་ཀྱི་མི་རིགས་ཁག་གི་མི་དམངས་དང་མཉམ་དུ་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་གཟབ་རྒྱས་ཞུས།

    དགའ་བའི་གླུ་གཞས་ཡང་ནས་ཡང་དུ་ལེན། བདེ་སྐྱིད་གཏམ་བཟང་ཡང་ནས་ཡང་དུ་བརྗོད། གྲོང་ཁྱེར་གྱི་སྡེ་ཁུལ་ནས་རྒྱ་ཆེའི་ཞིང་འབྲོག་ཁུལ་བར་བོད་ཀྱི་མི་དམངས་ཚོས་ཏང་ཀྲུང་དབྱང་གིས་བོད་ལ་ཐུགས་ཁུར་ཟབ་མོ་གནང་བར་ཐུགས་རྗེ་ཆེ་ཞུ་བཞིན་མཆིས།

    བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70སོང་རིང་བོད་ཀྱི་འཛུགས་སྐྲུན་དང་འཕེལ་རྒྱས་ལ་ཐོག་མཐའ་བར་གསུམ་དུ་ཀྲུང་དབྱང་གིས་ཐུགས་ཁུར་གནང་བཞིན་མཆིས།

    ——1951ལོ་ནས་1978ལོའི་བར་ཀྲུང་དབྱང་གིས་རྒྱལ་ཡོངས་ནས་ལས་བྱེད་པ་ཁྲི་3ལྷག་ཙམ་བོད་དུ་ལས་ཀ་བྱེད་པར་མངགས།

    ——སྒྱུར་བཅོས་སྒོ་དབྱེ་བྱས་ཚུན་ཀྲུང་དབྱང་གིས་སྔ་རྗེས་སུ་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་འཚོགས།

    1994ལོར་ཏང་ཀྲུང་དབྱང་གིས་རྒྱལ་ཡོངས་ཀྱིས་བོད་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་འཐབ་ཇུས་གལ་ཆེན་བཏོན་ཞིང་། 2020ལོའི་བར་ཁ་གཏད་བོད་སྐྱོར་གྱི་ཞིང་ཆེན་དང་གྲོང་ཁྱེར། ཀྲུང་དབྱང་རྒྱལ་ཁབ་ལས་ཁུངས། ཀྲུང་དབྱང་ཁེ་ལས་བཅས་ཀྱིས་ཁག་9ལ་དབྱེ་ནས་ལས་བྱེད་པ་དང་ཤེས་ལྡན་མི་སྣ་ཁྲི་ལ་ཉེ་བ་བོད་དུ་ལས་ཀ་བྱེད་པར་མངགས།

    བརྩེ་བ་ཟབ་པའི་ཐུགས་ཁུར། རླབས་ཆེན་གྱི་མཆོང་སྐྱོད།

    མཚོ་བོད་གཞུང་ལམ་དང་། ཁྲོན་བོད་གཞུང་ལམ། མཚོ་བོད་ལྕགས་ལམ། ལྷ་ཉིང་ལྕགས་ལམ། ལྷ་ས་གོང་དཀར་རྒྱལ་སྤྱིའི་གནམ་ཐང་གི་T3གནམ་ཐང་བབས་ཚུགས། གློག་ཤུགས“མཁའ་ལམ”4སོགས་བོད་ཀྱི་ཕུགས་ཀྱི་འཕེལ་རྒྱས་དང་མི་དམངས་ཀྱི་འཚོ་བ་དང་འབྲེལ་བ་ཡོད་པའི་གཙོ་གནད་རྣམ་གྲངས་ཁག་དང་ཁག་བྱས་པ་ས་མཐོར་དོན་འཁྱོལ་བྱས།

    “ཀྲུང་གོ་གུང་ཁྲན་ཏང་མེད་ན་ད་ཆའི་བོད་ཀྱི་འཕེལ་རྒྱས་ཀྱི་གྲུབ་འབྲས་ཡོང་མི་སྲིད”ཅེས་ལོ་70ལ་སླེབས་པའི་སྒྲོལ་མ་རིག་འཛིན་གྱིས་ལྷ་སའི་ཁྱིམ་དུ་རྟེན་འབྲེལ་ཚོགས་ཆེན་གྱི་གནས་ཚུལ་ལ་བལྟ་བཞིན་དུ་བཤད། རྒན་རྒོན་གྱིས་ད་ལྟའི་བོད་ཀྱི་འཛུགས་སྐྲུན་དེ་ལོ་རྒྱུས་ཀྱི་དུས་སྐབས་གང་ཞིག་ལས་ཀྱང་ལེགས་པ་ཡོད་པའི་ངོས་འཛིན་བྱེད་ཀྱི་ཡོད།

    གངས་རི་སྔར་བཞིན་བརྗིད་ཆགས་པ་དང་ས་མཐོར་མི་ཡུལ་གསར་པ་བརྗེས།

    བོད་རྙིང་པར་མི་འབོར་གྱི་95%ཡན་བཟུང་བའི་ཞིང་བྲན་ལ་ཐོན་སྐྱེད་རྒྱུ་ཆ་མེད་པ་དང་། གདུག་རྩུབ་ཆེ་བའི་བཤུ་གཞོག་མྱོང་དགོས་པ། འཚོ་བ་ཧ་ཅང་སྐྱོ་བ། སློབ་ལོ་ལོན་པའི་བྱིས་པ་སློབ་གྲྭར་ཞུགས་ཚད་2%ཡང་ཟིན་གྱི་མེད་པ། ཡིག་རྨོངས་བས་མི་འབོར་གྱི་95%ཙམ་ཟིན་པ། མི་རེའི་ཆ་སྙོམས་སྔོན་དཔག་ཚེ་ཚད་ལོ་35.5ལས་ཟིན་གྱི་མེད།

    ད་ཆ་བོད་ཀྱིས་ལོ་15ཡི་སློབ་ཡོན་མི་དགོས་པའི་སློབ་གསོའི་སྲིད་ཇུས་ལག་བསྟར་གཏིང་ཟབ་བྱས་ནས་འོས་འགན་སློབ་གསོ་སྲ་བརྟན་དུ་གཏོང་ཚད་95.03%ཟིན་པ་དང་། གསར་ཐོན་ངལ་རྩོལ་པ་མི་རེའི་ཆ་སྙོམས་སློབ་གསོ་ཐོབ་ཚད་ལོ་13.1བར་མཐོ་རུ་སོང་བ། མི་རེའི་ཆ་སྙོམས་སྔོན་དཔག་ཚེ་ཚད་ལོ་71.1བར་མཐོ་རུ་སོང་ཡོད།

    དེས་མ་ཚད་བོད་ཀྱི་དཔལ་འབྱོར་ལོ་25བསྟུད་མར་གྲངས་གནས་གཉིས་འཕར་རྒྱུ་རྒྱུན་འཁྱོངས་ཐུབ་པ་དང་། གཞུང་ལམ་དུ་རླངས་འཁོར་ཤར་གཏོང་ཐུབ་པའི་ལམ་ཐག་སྤྱི་ལེ་ཁྲི་11.88ཟིན་པ། ས་ཁུལ་རིམ་པའི་གྲོང་ཁྱེར་གྱི་མཁའ་རླུང་སྤུས་ཚད་ལེགས་པའི་ཉིན་གྲངས་99.4%ཟིན་པ། ལོ་རྒྱུས་རང་བཞིན་གྱི་སྒོ་ནས་དབུལ་པོ་དབུལ་རྐྱང་གི་གནད་དོན་བསལ་ཡོད།

    “དཀའ་ཚེགས་ཆེ་བའི་ས་མཐོར་འཕེལ་རྒྱས་ཀྱི་ངོ་མཚར་འདི་ལྟ་བུ་ཐོབ་པ་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་གྱི་གསོན་ཉམས་དོད་པའི་མཚོན་ཚུལ་ཞིག་རེད”ཅེས་བོད་ལྗོངས་སྤྱི་ཚོགས་རིང་ལུགས་སློབ་གླིང་གི་ཡོན་ཀྲང་གཞོན་པ་དོན་དབང་གིས་བརྗོད་ཅིང་། ཁོང་གིས“དེ་ཐོག་ནས་ཀྲུང་གོ་གུང་ཁྲན་ཏང་མེད་ན་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་ཡོང་མི་སྲིད་པའི་གཞོམ་ཞིག་མེད་པའི་བདེན་དོན་མཚོན་གྱི་ཡོད”ཅེས་བརྗོད།

    བཀའ་དྲིན་སེམས་ལ་བཅངས། ཏང་གིས་ཐོག་མཐའ་བར་གསུམ་དུ་མི་དམངས་དང་བསམ་བློ་གཅིག་ཏུ་གཏོང་བ་དང་ལས་ཀ་མཉམ་དུ་བྱེད་པ།

    མང་ཚོགས་ཀྱི་འཐུས་མི་ཞིག་གི་ངོས་ནས་རྟེན་འབྲེལ་ཚོགས་ཆེན་ཐོག་གཏམ་བཤད་སྤེལ་སྐབས་ལོ་60ལ་སླེབས་པའི་བསྟན་འཛིན་སེམས་འགུལ་ཚད་མེད་ཐེབས།

    བསྟན་འཛིན་གྱིས“ངའི་པཱ་ལགས་ཀྱིས་བོད་རྙིང་པར་ང་ཚོ་ནང་མི་ཚང་མ་བ་ཚང་ནང་སྡོད་པ་དང་ནད་གཞི་ཕོག་ཀྱང་ལས་ཀ་བྱེད་པར་འགྲོ་དགོས་པས་འཚོ་བ་ཧ་ཅང་སྐྱོ་པོ་ཡོད་ཅེས་རྒྱུན་དུ་གསུང་གི་ཡོད”ཅེས་བརྗོད་པ་དང་། ཁོང་གིས“ཀྲུང་གོ་གུང་ཁྲན་ཏང་གིས་མི་དམངས་ཀྱི་སྣེ་ཁྲིད་དེ་ཞིང་བྲན་ལམ་ལུགས་མེད་པ་བཟོས་པས་ང་ཚོ་གཞི་ནས་ཡར་ལངས་བྱུང་སྟེ་བདག་པོར་གྱུར་ཡོད”ཅེས་བརྗོད།

    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་རྒྱལ་ཡོངས་མི་དམངས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་འོག བོད་ཀྱི་དབུལ་སྒྲོལ་འགག་སྒྲོལ་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ཐོབ་པ་དང་། སྤྱི་ཚོགས་ཀྱི་སྤྱི་ཡོངས་དེ་བས་བརྟན་ལྷིང་བྱུང་བ། དཔལ་འབྱོར་དང་རིག་གནས་དེ་བས་དར་རྒྱས་བྱུང་བ། སྐྱེ་ཁམས་ཁོར་ཡུག་དེ་བས་ལེགས་པ། མི་དམངས་ཀྱི་འཚོ་བ་དེ་བས་བདེ་སྐྱིད་ལྡན་པ་བཅས་བྱུང་ནས་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པའི་ཕྱོགས་སུ་གོམ་ཞེང་ཆེན་པོས་མདུན་སྐྱོད་བྱེད་བཞིན་མཆིས།

    “གཞུང་ལམ་གྲོང་ཚོ་བར་བསྐྲུན་པ་དང་། འབྱོར་འབྲིང་བདེ་སྡོད་ཁང་དུ་སྡོད་རྒྱུ་བྱུང་བ། རྒྱལ་ཁབ་ཀྱི་ཁ་གསབ་སྲིད་ཇུས་ཁག་ལོངས་སུ་སྤྱོད་རྒྱུ་བྱུང་བས། ང་ཚོ་ལྷོ་པ་རིགས་ཀྱི་འཚོ་བ་ཉིན་རེ་བཞིན་ཡག་ཏུ་འགྲོ་བཞིན་ཡོད། བོད་རྙིང་པར་ལྷོ་པ་རིགས་རི་ཁུག་ཏུ་འཚོ་བ་སྐྱེལ་བ་དང་འཚོ་བར་དཀའ་ངལ་ཆེན་པོ་ཡོད། ད་ཆ་འཚོ་བ་ཡག་པོ་སྐྱེལ་རྒྱུ་བྱུང་བ་མ་ཟད། འབྱུང་འགྱུར་གྱི་འཚོ་བར་རེ་བས་ཁེངས”ཅེས་འཚོ་བར་འགྱུར་ལྡོག་ཆེན་པོ་བྱུང་བའི་སྐོར་གླེང་སྐབས་ལོ་32ལ་སླེབས་པའི་ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་མདོ་ཡུལ་ལྷོ་པ་མི་རིགས་ཤང་གི་ཤང་ཀྲང་བཀྲ་ཤིས་རྒྱལ་མཚན་གྱིས་མྱོང་ཚོར་ཟབ་མོའི་སྒོ་ནས་བཤད།

    སློབ་གསོས་ཕུགས་འདུན་མངོན་འགྱུར་བྱུང་ནས་མི་ཚེར་རེ་བ་གསར་པ་སྦྱིན།

    “ཏང་གི་སྲིད་ཇུས་བཟང་པོའི་དྲིན་ལས་ང་རང་བདེ་བླག་ངང་སློབ་མཐར་ཕྱིན་སོང་། ད་ཆ་ཏང་དང་རྒྱལ་ཁབ་ཀྱིས་བོད་ཀྱི་སློབ་གསོ་འཕེལ་རྒྱས་ལ་མཐོང་ཆེན་བྱེད་ཚད་དང་མ་དངུལ་གཏོང་ཤུགས་སྔར་བྱུང་མྱོང་མེད་པ་ཞིག་རེད། ཕྲུ་གུ་ཚོ་དུས་སྐབས་བཟང་ཤོས་སུ་འཚར་ལོངས་བྱུང་ནས་སློབ་གསོའི་ཞབས་ཞུ་སྔར་བས་ཡག་ཏུ་འགྲོ་བཞིན་ཡོད”ཅེས་ནང་སའི་བོད་ལྗོངས་འཛིན་གྲྭའི་སློབ་མ་ཁག་དང་པོ་ཡིན་པའི་བོད་ལྗོངས་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་ཟླ་བ་ཚེ་རིང་གིས་ས་མཐོའི་སློབ་གསོའི་འགྱུར་ལྡོག་དངོས་སུ་བརྒྱུད་པའི་མྱོང་བ་བརྗོད།

    གཡུ་འབྲུག་འཁྱུག་པ་ལྟར་གྱི་གཞུང་ལམ་མང་པོས་འཛམ་གླིང་ཡང་རྩེའི་རི་གྲོང་དང་ལུང་ཤུར་མཉམ་དུ་སྦྲེལ། ཉེ་བའི་ལོ་ཤས་རིང་འགྲིམ་འགྲུལ་འཕེལ་རྒྱས་བྱུང་བར་བརྟེན། བོད་ཀྱི་ཐོན་ལས་འཕེལ་རྒྱས་ལ་གོ་སྐབས་དེ་བས་མང་པོ་བྱུང་ཡོད།

    ཉིང་ཁྲི་གྲོང་ཁྱེར་སྨན་གླིང་རྫོང་ཁོངས་ཀྱི་ཧྭ་ཧྥ(ཉིང་ཁྲི)ཚོང་དོན་ཟོག་འགྲེམས་ཐོན་ལས་གླིང་དུ་དུས་ཐེངས་དང་པོའི་རྣམ་གྲངས་ཀྱི་ཐོན་ལས་ཞབས་ཞུའི་ལྟེ་གནས་དང་ཉོ་ཚོང་ལྟེ་གནས་སོགས་ལས་མཇུག་འགྲིལ་ཡོད། བོད་ལྗོངས་ཧྭ་ཧྲེང་ཟོག་འགྲེམས་འཕེལ་རྒྱས་ཚད་ཡོད་ཀུང་སིའི་ལག་བསྟར་ལས་འཛིན་དཔོན་ཝུའུ་ཁྲའོ་ཡིས“འདི་ལོའི་ཟླ་6པར་ལྷ་ཉིང་ལྕགས་ལམ་དུ་མེ་འཁོར་ཤར་གཏོང་ཐུབ་པས། ཟོག་འགྲེམས་གླིང་གི་དངོས་ཟོག་དབོར་འདྲེན་གྱི་མྱུར་སྐྱེལ་ལམ་བུ་མང་དུ་ཕྱིན་པ་དང་། འབྱུང་འགྱུར་འཕེལ་རྒྱས་ཀྱི་མདུན་ལམ་དེ་བས་ལེགས་པ་ཡོང་རྒྱུའི་ཡིད་ཆེས་ཡོད”ཅེས་བཤད།

    མཐའ་ཁུལ་དར་ན་མཐའ་མཚམས་དར་བ་དང་། མཐའ་མཚམས་མི་སེར་སྟོབས་འབྱོར་མངའ་ཐང་རྒྱས་ན་མཐའ་ཁུལ་སྲ་བརྟན་ཡོང་སྲིད།

    མངའ་རིས་ས་ཁུལ་རྩྭ་མདའ་རྫོང་ཚོ་སྲིབ་གསུམ་དཀྱིལ་ཤང་ནི་རི་བོ་ཧི་མ་ལ་ཡའི་ནུབ་རྒྱུད་དུ་ཆགས་ཡོད། 2018ལོར་ཚོ་སྲིབ་གསུམ་དཀྱིལ་ཤང་གི་མཐའ་མཚམས་འབྱོར་འབྲིང་དཔེ་སྟོན་གྲོང་ཚོའི་རྣམ་གྲངས་དངོས་སུ་ལག་ལེན་བསྟར་འགོ་ཚུགས་ཤིང་། མི་རེར་ཆ་སྙོམས་སྨི་ངོས་གྲུ་30ཡི་ཚད་གཞི་ལྟར་ཁྱིམ་ཚང་ཚང་མར་སྡོད་ཁང་སྒོ་ར་རང་འགྲིག་རེ་སྤྲད་ཡོད།

    “འདི་གར་ལོ་ལྟར་ལོ་ཕྱེད་ཙམ་ཁ་བས་རི་རྒྱ་བསྡམས་ཀྱི་ཡོད། ད་ཆ་འཚོ་བ་ཡག་ཏུ་ཕྱིན་པས་ཚང་མའི་མངའ་ཁོངས་སྲུང་བ་དང་མཐའ་མཚམས་སྲ་བརྟན་དུ་གཏོང་བའི་ཡིད་ཆེས་སྔར་བས་ཆེ་རུ་ཕྱིན་སོང”ཞེས་ལོ་31ལ་སླེབས་པའི་མང་ཚོགས་རིན་ཆེན་དངོས་གྲུབ་ཀྱིས་བཤད་ཅིང་། ཁོང་གིས“རི་ཆུ་གང་དུ་གནས་ན་རྒྱལ་ཁབ་དང་ཁྱིམ་ཚང་དེ་གར་ཡོད”ཅེས་བཤད།

    ཏང་གི་འོད་ཟེར་མཐའ་མཚམས་ཕྱོགས་སུ་འཕྲོ། མཐའ་མཚམས་མི་དམངས་སེམས་པ་ཏང་ལ་ཕྱོགས། ཡར་ཀླུང་གཙང་པོའི་ངོགས་ནས་བོད་བྱང་ཐང་བར་གྱི་གང་ས་གང་ནས་མི་རིགས་ཁག་གི་མང་ཚོགས་རྣམས་འཚོ་བ་ཡག་པོ་སྐྱེལ་ཐུབ་པའི་དགའ་སྤྲོའི་སེམས་པ་དང་ཏང་དང་རྒྱལ་ཁབ་ལ་བཅངས་པའི་དྲིན་ཚོར་གྱི་སེམས་པ་གང་ལེགས་ཚོར་ཐུབ།

    དུས་རབས་གསར་པར་སྐྱོད་འགོ་ཚུགས། ཕྱར་བ་གྲུ་འདེགས་ཀྱིས་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་ཕྱོགས་སུ་བསྐྱོད།

    བབ་བསྟུན་འཕྲལ་སྒྲུབ་ཀྱིས་འབྱུང་འགྱུར་བཏོད། དུས་རབས་གསར་པར་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དེ་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་གནས་ཡོད།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་རྟོག་ཞིབ་གནང་སྐབས། དགེ་སྤེལ་སྐྱོན་སྤང་དང་ཡུལ་བབ་དང་བསྟུན་ནས་སྒྱུར་བཅོས་སྒོ་དབྱེ་གཏིང་ཟབ་ཏུ་གཏོང་བ་དང་། ལྕགས་ལམ་དང་། གཞུང་ལམ། དེ་བཞིན་རྨང་གཞིའི་སྒྲིག་བཀོད་གལ་ཆེན་གཞན་དག་ཀྱང་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་བ། ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་བ། རྒྱལ་ཁབ་ཀྱི་ནུས་རྒྱུ་གཙང་མའི་རྟེན་གཞི་སྐྲུན་མགྱོགས་སུ་གཏོང་བ། འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་བཅས་བྱས་ནས་བོད་ཀྱི་དོན་དངོས་དང་འཚམ་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུར་སྐྱོད་དགོས་ཞེས་གསུངས།

    “ཆ་སྙོམས་ས་བབ་མཐོ་ཚད་སྨི་4000ཟིན་པའི་ས་མཐོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་བའི་ལས་འགན་ལྕི་ལ་ལམ་ཐག་རིང་། ང་ཚོས་འཕེལ་རྒྱས་དོ་མི་སྙོམ་ཞིང་གང་ལེགས་མ་བྱུང་བའི་གནད་དོན་ལ་དམིགས་པ་དང་། བོད་ཀྱི་དོན་དངོས་ལ་གཞི་ཚུགས་པ། ཁྱད་ལྡན་ལེགས་ཆའི་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བ་བཅས་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གྲུབ་འབྲས་གསར་པ་ཧུར་ཐག་ཐོབ་པ་བྱ་རྒྱུ་ཡིན”ཞེས་བོད་རང་སྐྱོང་ལྗོངས་འཕེལ་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་བསོད་ནམས་ཉི་མས་བཤད།

    གཞིས་རྩེ་གྲོང་ཁྱེར་གམ་པ་རྫོང་ནི་བོད་ཀྱི་མཐའ་མཚམས་རྫོང་གི་གྲས་ཤིག་ཡིན་པ་དང་ཆ་སྙོམས་ས་བབ་མཐོ་ཚད་སྨི་4700ཡན་ཟིན་གྱི་ཡོད། གམ་པ་རྫོང་གམ་པ་གྲོང་རྡལ་ཏང་ཨུད་ཀྱི་ཧྲུའུ་ཅི་ལི་མིང་དབྱང་གིས་བགྲང་བྱ་14ཡི་རིང་ས་བབ་མཐོ་ལ་གྲང་ངར་ཆེ་བའི་གནས་འདིར་ལེགས་སྐྱེས་ཕུལ་ཡོད།

    “གཞི་རིམ་གྱི་ལས་བྱེད་པ་ཞིག་ཡིན་པའི་ང་ཚོས་མཐའ་མཚམས་ས་ཁུལ་གྱི་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས། མཐའ་མཚམས་མང་ཚོགས་ཀྱི་སྣེ་ཁྲིད་དེ་མཐའ་མཚམས་སུ་གཞི་ཚུགས་པ་དང་མཐའ་མཚམས་འཛུགས་སྐྲུན་བྱ་རྒྱུ་ཡིན”ཞེས་ལི་མིང་དབྱང་གིས་གདེང་ཚོད་ཆེན་པོས་བཤད།

    བོད་ནི་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་གལ་ཆེན་ཞིག་ཡིན་པས་མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་ཡག་པོ་བྱ་རྒྱུ་ནི་ཀྲུང་ཧྭ་མི་རིགས་འཚོ་གནས་དང་འཕེལ་རྒྱས་ལ་ལེགས་སྐྱེས་ཆེ་ཤོས་ཕུལ་བ་ཞིག་རེད། བོད་རང་སྐྱོང་ལྗོངས་སྐྱེ་ཁམས་ཁོར་ཡུག་ཐིང་གི་ཐིང་ཀྲང་ནོར་རྒྱས་ཀྱིས“ང་ཚོས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་ནུས་ཤུགས་ཡོད་རྒུས་བསྐྲུན་ནས་སྐྱེ་ཁམས་བདེ་འཇགས་ཀྱི་མཐའ་ཚད་བསྲུངས་ཏེ་དག་ཞིང་དེར་སྲུང་སྐྱོང་ཏན་ཏིག་བྱ་རྒྱུ་ཡིན”ཞེས་བརྗོད།

    མི་རིགས་མཐུན་སྒྲིལ་ནི་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་སྲོག་རྩ་ལྟ་བུ་ཡིན། རྒྱ་ཆེའི་བོད་སྐྱོར་ལས་བྱེད་པས་བོད་ཀྱི་འཕེལ་རྒྱས་ཆེད་ལང་ཚོ་སྐྱེས་སུ་ཕུལ་བ་མ་ཟད། ཁོང་ཚོ་ནི་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་འབྲེལ་ཐག་གལ་ཆེན་ཞིག་ཀྱང་རེད།

    བོད་སྐྱོར་ལས་བྱེད་པའི་འཐུས་མི་ནག་ཆུ་གྲོང་ཁྱེར་མཚོ་གཉིས་རྫོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ལེང་ནན་ཡུས་ཀྱིས་རྟེན་འབྲེལ་ཚོགས་ཆེན་ཐོག་སེམས་འགུལ་ཐེབས་པའི་ངང“ང་ཚོས་དུས་དང་རྣམ་པ་ཀུན་ཏུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་ངེས་ནས། ནམ་ཡང་ལྷོད་གཡེང་མི་གཏོང་བའི་སྙིང་སྟོབས་དང་ཞུམ་མེད་མདུན་སྐྱོད་ངང་འབད་འཐབ་བྱེད་པའི་ཉམས་འགྱུར་ཐོག་ནས་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཕྱོགས་ཡོངས་ནས་བསྐྲུན་པའི་རྒྱུགས་འབུལ་ལམ་བུར་ལེའུ་གསར་པ་རྩོམ་པ་དང་ལེགས་སྐྱེས་གསར་པ་འབུལ་རྒྱུ་ཡིན”ཞེས་བཤད།

    ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་ཀྱི་ཕྱོགས་སུ་མདུན་སྐྱོད་བྱེད་པ་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་འོད་སྟོང་འཕྲོ་བའི་མདུན་ལམ་ལ་རྒྱང་ལྟ་བྱེད་པའི་སྐབས་འདིར། གནའ་བོའི་ངོ་མཚར་ཆེ་བའི་ས་གཞི་འདིའི་ཐོག་འཚོ་བ་སྐྱེལ་མཁན་ཚོས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་བོད་ཀྱི་འབྱུང་འགྱུར་དེ་བས་མཛེས་སྡུག་ལྡན་པ་ཞིག་ཡོང་ངེས་ཡིན་པའི་ཡིད་ཆེས་བརྟན་པོ་བྱེད་ཀྱི་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།