ལོ་ངོ་70ཡི་གོང《བོད་ཞི་བས་བཅིངས་བཀྲོལ་འབྱུང་ཐབས་སྐོར་གྱི་ཀྲུང་དབྱང་མི་དམངས་སྲིད་གཞུང་དང་བོད་ས་གནས་སྲིད་གཞུང་གི་གྲོས་མཐུན》དངོས་སུ་བཞག་པ་དེ་ཐོག་ནས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་བོད་ལ་ཞི་བའི་བཅིངས་འགྲོལ་ཐོབ་པ་མཚོན་ཡོད། དུས་དེ་ནས་བཟུང་བོད་འདི་ཉིད་ནམ་ཡང་བཙན་རྒྱལ་རིང་ལུགས་ཀྱི་བཙན་འཛུལ་དང་འཆིང་རྒྱ་ལས་ཐར་བ་དང་། སྤྱི་ཚོགས་ཀྱི་ལམ་ལུགས་ལ་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་བྱུང་བ། མི་དམངས་རང་ཁྱིམ་རང་བདག་བྱུང་ནས་མཐུན་སྒྲིལ་དང་། དམངས་གཙོ། བདེ་སྐྱིད་བཅས་ལྡན་པའི་ཡངས་ཤིང་རྒྱ་ཆེ་བའི་འགྲོ་ལམ་ཐོག་བསྐྱོད་པས་གངས་ལྗོངས་ས་མཐོར་སྐྱེ་སྟོབས་ཀྱི་དཔལ་འབར་ཡོད།
ཞི་བས་བཅིངས་འགྲོལ་མ་བཏང་གོང་གི་བོད་ནི་ཅི་འདྲ་ཞིག་ཡིན་ནམ་ཞེ་ན། ལོ་81ལ་སླེབས་པའི་མོན་པ་རིགས་ཀྱི་བགྲེས་སོང་སྐལ་བཟང་དཀའ་སྡུག་ཤིན་ཏུ་ཆེ་བའི་ལོ་རབས་དེར་སྐྱེས་ཤིང་། ཁོང་གི་བྱིས་དུས་ཀྱི་དྲན་འཆར་ནང་ཁྲལ་འུ་ལག་ཧ་ཅང་ལྕི་བས་མི་རྣམས་འཚོ་བ་འཁྱོལ་དཀའ་བ་དང་། འཁྱགས་ཤི་ཐེབས་པ་དང་། ལྟོགས་ཤི་ཐེབས་པ། ཉེས་རྡུང་ཕོག་པ། བསད་པ་བཅས་རྟག་ཏུ་མཐོང་རྒྱུ་ཡོད།
བགྲེས་སོང་གི་དཀའ་སྡུག་ཆེ་བའི་དྲན་འཆར་ནི་བོད་རྙིང་པའི་མཚོན་ཚུལ་དངོས་རེད། ཞི་བས་བཅིངས་འགྲོལ་མ་བཏང་གོང་བོད་ཀྱི་མི་90%ཡན་ལ་རང་ཉིད་ཀྱི་སྡོད་ཁང་མེད་པའི་ཁར། གོས་ཀྱིས་ལུས་པོ་མ་དྲོས་པ་དང་ལྟོས་གྲོད་པ་མི་རྒྱགས་པའི་འཚོ་བ་སྐྱེལ་གྱི་ཡོད། ལྗོངས་ཡོངས་སུ་ཡིག་རྨོངས་བ་95%ཟིན་པ་དང་། མི་སེར་རྣམས་སྨན་པ་བསྟེན་ས་མེད་པ། རླངས་འཁོར་འགྲོ་སའི་ལམ་གཅིག་ཀྱང་མེད་པ། གློག་ཤུགས་ཧ་ལམ་འཕེལ་མེད་རང་སོར་གནས་པ་མ་ཟད། དེང་རབས་ཚན་རྩལ་དེ་བས་ཀྱང་མེད།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་བོད་ཀྱི་ལས་དོན་ལ་ཁ་སྒྱུར་ཕྱོགས་སྟོན་དང་འཆར་འགོད་བཏིང་གནང་བ་དང་། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་བཏོན་གནང་བ། བབ་བསྟུན་ངང་བྱ་སྤྱོད་ཀྱི་རྩ་འཛིན་བཟོས་གནང་བ་དང་འཐབ་ཇུས་ལ་གཞིགས་ནས་བརྗིད་ཆེའི་འཆར་གཞི་བཀོད་གནང་སྟེ་བོད་ཀྱི་བྱ་གཞག་ཁག་ལ་ཕྱོགས་ཡོངས་ནས་ཡར་རྒྱས་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་རྒྱུར་སྐུལ་འདེད་བཏང་གནང་ཡོད།
འདི་ལོ་ལོ་82ལ་སོན་པའི་བསོད་ནམས་རྡོ་རྗེ་ནི་བོད་ལྗོངས་འདམ་གཞུང་རྫོང་ན་ལུང་གྲོང་ཚོའི་གྲོང་མི་ཞིག་ཡིན་ལ། གྲོང་ཚོས་དམག་སྡེ་བཅོ་བརྒྱད་པ་བོད་དུ་བསྐྱོད་པར་དཔང་པོ་བྱེད་མཁན་འབའ་ཞིག་དེ་ཡང་ཡིན། ཚེ་སྲོག་གསར་པ་ཐོབ་པའི་ཚོར་སྣང་དེ་རྒན་རྒོན་གྱི་སེམས་ནང་ནམ་ཡང་གནས་པ་དང་། ཆུང་དུས་ཁོང་གི་སེམས་ནང་ཉིན་ཞིག་ཡར་ལངས་བཅིངས་འགྲོལ་ཐོབ་ནས་རང་ཁྱིམ་རང་བདག་ཡོང་གི་རེད་སྙམ་པ་བསམ་པའི་ཡུལ་ལའང་འཁོར་མྱོང་མེད། དུས་དེ་ནས་བཟུང་བསོད་ནམས་རྡོ་རྗེས་མཚོ་བོད་གཞུང་ལམ་དང་ལྕགས་ལམ་སོགས་ཀྱི་ལས་གྲྭའི་འཛུགས་སྐྲུན་ནང་ཞུགས་པ་དང་རང་ཉིད་ཀྱི་ལས་ལ་བརྩོན་པའི་ལག་གཉིས་ལ་བརྟེན་ནས་ལས་དབང་ལ་ཁ་ལོ་སྒྱུར་བ་མ་ཟད། བོད་ཀྱི་མཛེས་སྡུག་ལྡན་པའི་ད་ཆའི་ཆེད་རང་ཉིད་ཀྱི་སྟོབས་ཤུགས་ལེགས་སྐྱེས་ཕུལ་ཡོད།
ལོ་ངོ་70ནི་ཡུད་ཙམ་ཞིག་ལ་འདས་ཤིང་། ད་ཆ་ཞི་མཐུན་བརྟན་ལྷིང་དང་འོད་ཟེར་སྟོང་ལྡན་གྱི་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་ཞིག་འཛམ་གླིང་སྐྱེ་བོ་ཀུན་གྱི་མིག་ལམ་དུ་མངོན་ཡོད།
དེ་ནི་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་མགྱོགས་མྱུར་འཕེལ་རྒྱས་ཕྱིན་པའི་ལོ་ངོ་70ཡིན་ཞིང་། བོད་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་1951ལོའི་སྒོར་དུང་ཕྱུར་1.29ནས་2020ལོའི་སྒོར་དུང་ཕྱུར་1902.74བར་འཕར་བ་དང་བསྡུར་གཞི་ཡོད་པའི་རིན་གོང་ལྟར་བརྩིས་ན་ལྡབ་321.5འཕར་ཡོད། ཀྲུང་དབྱང་སྲིད་གཞུང་གིས་རིམ་རྩིས་བྱས་ན་བོད་ལ་མ་དངུལ་སྒོར་དུང་ཕྱུར་ཁྲི་1.63བཏང་ནས་གཞུང་ལམ་དང་། ལྕགས་ལམ། གནམ་ཐང་། གློག་དྲ། འཕྲིན་གཏོང་སོགས་ལས་གྲྭ་དང་རྣམ་གྲངས་འབོར་ཆེན་ཞིག་ཕྱོགས་ཡོངས་ནས་བསྐྲུན་པས་ས་གནས་དེ་གའི་དཔལ་འབྱོར་འཕེལ་རྒྱས་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་ལ་ཐད་ཀར་སྐུལ་ཁྲིད་ཐུབ་ཡོད།
དེ་ནི་བོད་ཀྱི་མི་དམངས་ཀྱི་འཚོ་བའི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་ཕྱིན་པའི་ལོ་ངོ་70ཡིན་ཞིང་། 2020ལོར་བོད་རང་སྐྱོང་ལྗོངས་ཀྱི་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་14598ཟིན་པ་དེ་1959ལོའི་སྒོར་35ལས་ལྡབ་416འཕར་ཡོད། ཡུལ་འདིའི་མི་དམངས་ལ་ཆུ་ཟོམ་ནས་ཆུ་སྦུག་བར་དང་། བཞུ་མར་ནས་གློག་སྒྲོན་བར། བྱེ་རྡོའི་ལམ་ནས་གཞུང་ལམ་བར་བཅས་ཀྱི་འཕོ་འགྱུར་བྱུང་ཡོད། ལྗོངས་ཡོངས་ཀྱི་མི་འབོར་དབུལ་པོ་ཁྲི་62.8ཚང་མ་དབུལ་སྒྲོལ་ཐུབ་པ་དང་རྫོང(ཆུས)དབུལ་པོ་74ཚང་མ་དབུལ་ཞྭ་ཕུད་དེ་ལོ་རྒྱུས་རང་བཞིན་གྱི་སྒོ་ནས་དབུལ་པོ་དབུལ་རྐྱང་བསལ་ཡོད། མི་རེའི་ཆ་སྙོམས་ཚེ་ཚད་1951ལོའི་ལོ་35.5ནས་2019ལོའི་ལོ་71.1བར་རིང་དུ་ཕྱིན་ཡོད། མི་སེར་གྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད།
དེ་ནི་བོད་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པའི་ལོ་ངོ་70ཡིན་ཞིང་། བོད་ཀྱིས་རྒྱལ་ཁབ་ཀྱི་ས་ཆ་སྔོ་འགྱུར་བྱ་སྤྱོད་ཤུགས་ཆེན་སྤེལ་ནས་སྐྱེ་ཁམས་འཛུགས་སྐྱོང་དེ་སྲུང་སྐྱོང་ལ་སྣང་ཆེན་བྱེད་པ་ནས་རང་འགུལ་ངང་བྱ་སྤྱོད་སྤེལ་བའི་བར་འགྱུར་ལྡོག་བཏང་ཡོད། ལྗོངས་ཡོངས་ཀྱི་གྲོང་ཚོ་དང་དུད་ཚང་ལ་སྐྱེ་ཤིང་ཡོད་པ་བྱས་པ་དང་། གཙང་པོ་དང་མཚོ་གཙོ་བོའི་ཆུའི་སྤུས་ཚད་ཚང་མ་རིགས་Ⅲཡན་གྱི་ཚད་གཞིར་སླེབས་པ་དང་ས་ཁུལ་རིམ་པ་ཡན་གྱི་གྲོང་ཁྱེར་གྱི་མཁའ་རླུང་སྤུས་ཚད་ལེགས་པའི་ཉིན་གྲངས་99.4%ཟིན་ཡོད།
འདི་ལོའི་ཟླ་7ཚེས་21ཉིན་ནས་ཚེས་23ཉིན་བར་ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ངོས་ནས་བོད་དུ་ཕེབས་ཏེ་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུས་པ་དང་འབྲེལ་རྟོག་ཞིབ་དང་བརྟག་ཞིབ་ཀྱང་གནང་བ་དེ་ཏང་དང་རྒྱལ་ཁབ་ཀྱི་ལོ་རྒྱུས་ཐོག་ཐེངས་དང་པོ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པར། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱེད་པ་དང་། འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་གཞི་ཚུགས་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱེད་པ། འཕེལ་རྒྱས་ཀྱི་བཀོད་པ་གསར་པར་ཞབས་འདེགས་ཞུ་བ་དང་མཉམ་འདྲེས་ཡོང་བ་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། མཐའ་མཚམས་ས་ཁུལ་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ། བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་ཀྱི་དོན་ཆེན་བཞིར་དམ་འཛིན་ཡག་པོ་བྱེད་པ། མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་དང་རྒྱུན་མཐུད་འཕེལ་རྒྱས་ཐད་གྲུབ་འབྲས་གསར་པ་ཟམ་མི་ཆད་པར་ཐོབ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། གངས་ལྗོངས་ས་མཐོ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་ནུས་ཤུགས་ཡོད་རྒུས་རྩོམ་དགོས་ཞེས་བསྟན་གནང་ཡོད།
(《དཔལ་འབྱོར་ཉིན་རེའི་ཚགས་པར》གྱི་2021ལོའི་ཟླ་8ཚེས་10ཉིན་གྱི་པར་ངོས་དང་པོ་ནས་བརྒྱུད་འགོད་བྱས)