“ལག་པར་ཤུགས་ཡོད་པ་དང་། སྐོར་བ་རྒྱག་སྐབས་བདེ་ལྕག་འཁྱུག་པོ་དགོས་པ་མ་ཟད། རྐང་པ་མཐོ་ཙམ་བཀྱག་སྟེ་ཡང་ཤ་དོད་པོ་དགོས”བོད་ལྗོངས་སྤོ་བོ་རྫོང་རྡོ་རྗེ་ཤང་ལྟེ་བའི་སློབ་ཆུང་གི་ལུས་རྩལ་ཐང་དུ་ལོ་49ལ་སླེབས་པའི་བསོད་ནམས་བཀྲ་ཤིས་ཀྱིས་ལག་པར་སྦུབ་ཆལ་འཁྱེར་ནས་གོམ་སྟབས་བརྟན་པོའི་ངང་གཞས་སྣེ་འདྲེན་གྱིན་དཔེ་སྟོན་བྱེད་བཞིན་ཡོད། རྒྱབ་ཏུ་སློབ་ཆུང་སློབ་མ་10ཡིས་ཁོང་གི་འཁྲབ་སྟངས་ནན་ཏན་ངང་ལད་མོ་བྱེད་བཞིན་མཆིས།
བསོད་ནམས་བཀྲ་ཤིས་ནི་མངོན་མིན་རིག་གནས་ཤུལ་བཞག་གི“དྭགས་པོ་ཞབས་བྲོའི”རྒྱུན་འཛིན་པ་ཡིན་ཞིང་། ཞབས་བྲོ་དེ་ནི་སྤོབས་ཉམས་ལྡན་པའི་སྟངས་སྟབས་དང་སྐད་གསང་མཐོན་པོའི་གླུ་སྒྲར་བརྟེན་ནས་རྒྱལ་ཁ་ལེན་མཁན་དཔའ་བོར་སྨོན་འདུན་ཞུ་ལུགས་མཚོན་པ་ཞིག་རེད། ཁོང་གིས་ཞབས་བྲོ་དེར་གར་སྟབས་དང་། གཞས་གདངས། གཞས་ཚིག་བཅས་ཚང་མར་རེ་བ་ནན་པོ་ཡོད་པས་ངེས་པར་དུ་ངར་ཤུགས་ཤིག་མངོན་པར་བྱེད་དགོས་ཞེས་བརྗོད།
ཧི་མ་ལ་ཡའི་བྱང་འདབས་ཤར་རྒྱུད་དུམ་བུར་གནས་པའི་སྤོ་བོ་རྫོང་ནི་བོད་ཀྱི་བཙན་པོ་ཐོག་མ་གཉའ་ཁྲི་བཙན་པོའི་འཁྲུངས་ཡུལ་ཡིན་ཞེས་ཤོད་སྲོལ་ཡོད། ལོ་རྒྱུས་ཡུན་རིང་ལྡན་པའི་རིག་གནས་ལས་དེ་གའི་ཕུན་སུམ་ཚོགས་པའི་རིག་གནས་རྣམ་པ་ཞིག་གྲུབ་ཡོད། ད་ཕན་ལོ་ཤས་རིང་། བོད་ལྗོངས་སྤོ་བོ་རྫོང་གིས་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་དེ་གཙོ་བོ་སློབ་གྲྭར་ཕྱོགས་ནས“མངོན་མིན་རིག་གནས་ཤུལ་བཞག་སློབ་གྲྭར་དར་སྤེལ་གཏོང་བའི”བྱེད་སྒོ་སྤེལ་རྒྱུ་མཐའ་འཁྱོངས་བྱས་པས། སློབ་གྲྭ་ནི“མངོན་མིན་རིག་གནས་ཤུལ་བཞག”སྲུང་སྐྱོང་དང་རྒྱུན་འཛིན་གྱི་དཔེ་སྟོན་རྟེན་གཞིར་གྱུར་ཡོད།
“སྤོ་དབྱངས”ནི་སྤོ་བོ་རྫོང་དང་དེའི་མཐའ་འཁོར་རྫོང་དུ་དར་ཁྱབ་བྱུང་བ་དང་གཙོ་བོ་གཞས་ཀྱི་ཐོག་ནས་ས་གནས་དེ་གའི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བ། ཡུལ་སྲོལ་གོམས་གཤིས་མངོན་པར་བྱེད་པ་མ་ཟད། ད་དུང་ངལ་རྩོལ་པའི་བློ་གྲོས་དང་ལས་ལ་བརྩོན་ཞིང་དཔའ་ངར་ལྡན་པའི་སྙིང་སྟོབས་ལ་བསྟོད་གླུ་ཡང་འབུལ་གྱི་ཡོད། 2009ལོར“སྤོ་དབྱངས”ནི་བོད་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་ནང་བཅུག་ཡོད།
“མངོན་མིན་རིག་གནས་ཤུལ་བཞག་སློབ་གྲྭ་དར་སྤེལ་གཏོང་བའི”བྱེད་སྒོ་སྤེལ་བ་ནས་བཟུང་། སྤོ་བོ་རྫོང་གི“སྤོ་དབྱངས”ཀྱི་རྒྱུན་འཛིན་པ་གཡང་འཛོམས་ཀྱིས་ཞབས་བྲོ་དེ་རྒྱུན་ཆད་པའི་སེམས་ཁྲལ་བྱེད་དགོས་བྱུང་མེད། སློབ་གྲྭ་དང་ཁྱིམ་བདག་གི་རྒྱབ་སྐྱོར་འོག གཡང་འཛོམས་ཀྱིས་སློབ་གྲྭ་ཚང་མ་ནས་ན་གཞོན་རྒྱུན་འཛིན་པ་བདམས་ནས་ཁོང་ཚོར་གནའ་བོའི་སྤོ་བོ་རྫོང་གི་དམངས་གཞས་དེ་རིགས་བསླབས་ཡོད། “བདམས་པའི་ཕྲུ་གུ་ཚོ་སྐད་གསང་པོ་དགོས་པ་མ་ཟད། ད་དུང་དེར་དུས་ཚོད་མང་པོ་སྤྱད་ནས་འབད་བརྩོན་བྱེད་དགོས་ཀྱི་ཡོད”གཡང་འཛོམས་ཀྱིས“སྤོ་དབྱངས”ཡག་པོ་ཤེས་པར་ལོ་གཅིག་གཉིས་ཀྱི་དུས་ཚོད་དགོས་ཀྱི་ཡོད་ཅེས་བརྗོད།
ལོ་10ལ་སླེབས་པའི་གསང་སྔགས་སྒྲོལ་མ་རྡོ་རྗེ་ཤང་ལྟེ་བའི་སློབ་ཆུང་གི་ལོ་རིམ་བཞི་པའི་སློབ་མ་ཡིན་པ་དང་། རྒན་ལགས་ཀྱི་སྐུལ་ལྕག་འོག ལོ་རིམ་གཉིས་པ་ནས་བཟུང“སྤོ་དབྱངས”ཚོགས་པའི་ནང་ཞུགས་ཡོད། “ང་རང‘སྤོ་དབྱངས’ལ་དགའ་པོ་ཡོད། ད་ཆ་ངས་གཞས་གསུམ་ཤེས་པས་ཕྱིས་སུ་རྒན་ལགས་དང་འདྲ་བའི་རྒྱུན་འཛིན་པ་ཞིག་བྱེད་ཀྱི་ཡིན”ཞེས་ཁོང་གིས་བརྗོད།
“ང་རང་ལོ་10ལ་སླེབས་སྐབས་རྨོ་བོ་ལགས་ཀྱི་ས་ནས‘སྤོ་དབྱངས’སྦྱངས་པ་ཡིན། ད་ཆ་གཞས་བཏང་ནས་ལོ་31འགྲོ་གི་འདུག”ཀོང་ཏུང་ཞིང་ཆེན་བོད་སྐྱོར་ལས་དོན་རུ་ཁག་གི་སྣེ་ཁྲིད་འོག གཡང་འཛོམས་2016ལོར་བོད་ནས་ཕྱིར་འཁྲབ་སྟོན་བྱེད་པར་ཐེངས་དང་པོ་བསྐྱོད་ཡོད། ཀོང་ཀྲོའུ་རུ་རྒན་རྒོན་ཁ་ཤས་ཤིག་གིས་ཁོང་གི་གཞས་ཉན་རྗེས་སེམས་འགུལ་ཆེན་པོ་ཐེབས་ནས་མིག་ཆུ་ཤོར་ཡོད། “ཁོང་ཚོ་མིག་ཆུ་ཤོར་བ་མཐོང་སྐབས་ང་རང་ཡང་རང་དབང་མེད་པར་མིག་ཆུ་ཤོར་བྱུང་། ངའི་བསམ་པར་དེ་དག་ཚང་མ་དངོས་འབྲེལ་དོན་སྙིང་ལྡན་པ་ཞིག་རེད་སྙམ་གྱི་འདུག” “སྤོ་དབྱངས”གཏོང་རིམ་བཞིན་གཡང་འཛོམས་ཀྱིས་རྨོ་བོ་ལགས་དང་རང་ཉིད་འབྲོག་རར“སྤོ་དབྱངས”སྦྱོང་བའི་འདས་དོན་རྣམས་བློ་ལ་འཆར་གྱི་ཡོད།
རྨོ་བོ་ལགས་ཀྱིས“སྤོ་དབྱངས”ཡུལ་མི་རྣམས་ལ་གཏོང་གི་ཡོད་མོད། ཡིན་ནའང་གཡང་འཛོམས་ཀྱིས“སྤོ་དབྱངས”དེ་བས་ཐག་རིང་གི་ས་ཆ་དང་། དེ་བས་ཆེ་བའི་གར་སྟེགས། མི་དེ་བས་མང་བ་བཅས་ལ་བཏང་ཡོད། 2018ལོའི་དབྱར་ཁར་གཡང་འཛོམས་ལ་པེ་ཅིང་དུ་འཁྲབ་སྟོན་བྱེད་པའི་གོ་སྐབས་རག་པ་དང་འཁྲབ་སྟོན་བྱ་ཡུལ་ནི་རྒྱལ་ཁབ་ཟློས་གར་ཁང་ཆེ་མོ་ཡིན། ས་ཆ་དེ་ནི་ཁོང་གིས་རྨི་ལམ་དུའང་གཏོང་མི་ཕོད་པའི་ས་ཆ་ཞིག་རེད།
ད་ཆ་གཡང་འཛོམས་སྤོ་བོ་རྫོང་གི་དམངས་ཁྲོད་སྒྱུ་རྩལ་ཚོགས་པའི་ཆེད་ལས་འཁྲབ་སྟོན་པར་གྱུར་པ་དང་ཟླ་རེར་ཁོང་གིས་རྡོ་རྗེ་ཤང་ལྟེ་བའི་སློབ་ཆུང་དུ་བསྐྱོད་ནས་ཕྲུ་གུ་ཚོར“སྤོ་དབྱངས”གཏོང་སྟངས་སློབ་ཀྱི་ཡོད། ཁོང་གིས་རང་ཉིད་ཀྱིས་སློབ་གྲྭ་ཞིག་བཙུགས་ནས“སྤོ་དབྱངས”མི་དེ་བས་མང་བར་སློབ་རྒྱུའི་རེ་བ་བྱེད་ཀྱི་ཡོད། གཡང་འཛོམས་ཀྱིས་ད་དུང་རང་ཉིད་ཀྱི་སློབ་གྲྭ་སྦྲེལ་ཐག་ཏུ་བྱས་ཏེ་སྤོ་བོ་རྫོང་གི་ཕ་གཤོང་རལ་པ་དང་ཞེད་པའི་དོམ་རྩེད་སོགས་མངོན་མིན་རིག་གནས་ཤུལ་བཞག་གི་རྣམ་གྲངས་དེ་བས་ལེགས་པའི་ངང་རྒྱུན་འཛིན་ཐུབ་རྒྱུའི་རེ་བ་ཡང་བྱེད་ཀྱི་ཡོད།
2015ལོ་ནས་བཟུང་སྤོ་བོ་རྫོང་གིས་ལོ་ལྟར་དུས་བཀག་ལྟར“བྱིས་པའི་སྤོ་བྲོ་དང་སྤོ་དབྱངས་ཀྱི་འགྲན་བསྡུར”གཉེར་བ་དང་དམངས་ཁྲོད་སྒྱུ་རྩལ་པ་སློབ་གྲྭར་ལེ་ཚན་རྩོམ་སྒྲིག་ལ་མཛུབ་ཁྲིད་བྱེད་པར་བཏང་ནས་སྲོལ་རྒྱུན་གྱི“མངོན་མིན་རིག་གནས་ཤུལ་བཞག”རྒྱུན་འཛིན་དང་འཕེལ་རྒྱས་གཏོང་ཡུལ་ཆེན་པོ་ཡོང་བར་བྱས་ཡོད།
ཉིང་ཁྲི་གྲོང་ཁྱེར་སྤོ་བོ་རྫོང་སྒྱུ་རྩལ་ཚོགས་པའི་ཚོགས་གཙོ་བདེ་ཆེན་གྱིས་ད་བར་སྤོ་བོ་རྫོང་དུ་མངོན་མིན་རིག་གནས་ཤུལ་བཞག་གི་རྣམ་གྲངས་23ཡོད་པའི་ཁྲོད་རང་སྐྱོང་ལྗོངས་རིམ་པའི་རྣམ་གྲངས་10དང་། གྲོང་ཁྱེར་རིམ་པའི་རྣམ་གྲངས་2 རྫོང་རིམ་པའི་རྣམ་གྲངས་11བཅས་ཡོད། “‘མངོན་མིན་རིག་གནས་ཤུལ་བཞག་སློབ་གྲྭར་སྤེལ་བའི’བྱེད་སྒོའི་ཐོག་སློབ་མ་ཚོས‘མངོན་མིན་རིག་གནས་ཤུལ་བཞག’གི་ཡིད་དབང་འཕྲོག་ཤུགས་ཐད་ཀར་ཤེས་རྟོགས་དང་དངོས་སུ་མྱོང་ཚོར་ཐུབ་པ་བྱས་པས། ཕྲུ་གུ་ཚོའི་སློབ་གསེང་འཚོ་བ་ཕུན་སུམ་ཚོགས་སུ་ཕྱིན་པ་མ་ཟད། ཕྲུ་གུ་ཚོར‘མངོན་མིན་རིག་གནས་ཤུལ་བཞག’ངོས་འཛིན་དང་རྒྱུན་འཛིན་ཡག་པོ་ཡོང་བར་ཁྲིད་སྟོན་ཡང་ཐུབ་ཡོད”ཅེས་བརྗོད།