ལོ་ངོ་བདུན་ཅུའི་རིང་འཕོ་འགྱུར་ཆེན་པོ་བྱུང་ཞིང་། དབུལ་ཞིང་ཕོངས་པ་ནས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བར་དང་ཉམས་པ་ཀུན་གསོ་ནས་དཔྱིད་ཀྱི་དཔལ་ཡོན་བཞད་པའི་བར། ཞི་བའི་བཅིངས་འགྲོལ་བཏང་ནས་ལོ་ངོ་70སོང་རིང་། ཏང་གི་འགོ་ཁྲིད་འོག་ཡར་ཀླུང་གི་བུ་ཕྲུག་ཚོས་བློ་བརྟན་འགྱུར་མེད་ཀྱི་ངར་ཤུགས་དང་འབད་འབུངས་ཡར་བརྩོན་གྱི་སྟོབས་ཤུགས་ལ་བརྟེན་ནས“བོད་ཀྱི་འབྱུང་གནས”ལྷོ་ཁར་ཟིལ་རླབས་དགུང་འཕྱུར་དང་བརྗིད་ཉམས་ལྡན་པའི་འཕེལ་རྒྱས་ཀྱི་ལེའུ་ཞིག་བརྩམས་ཡོད།
གོམ་པ་བརྟན་པོ་སྤོས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་མྱུར་པོ་བྱུང་བ།
ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70སོང་རིང་དང་ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ལྷོ་ཁས་ཐོག་མཐའ་བར་གསུམ་དུ་འཕེལ་རྒྱས་ལས་འགན་ཨང་དང་པོར་བརྩི་རྒྱུ་མཐའ་འཁྱོངས་ཀྱིས་འགལ་བ་གཙོ་བོ་ནུས་ཤུགས་ཡོད་རྒུས་སེལ་བ་དང་ཐོན་སྐྱེད་ནུས་ཤུགས་རྒྱུན་ཆད་མེད་པར་བཅིངས་འགྲོལ་དང་འཕེལ་རྒྱས་བཏང་བས། དཔལ་འབྱོར་གྲུབ་ཆར་རྩ་བའི་རང་བཞིན་གྱི་འགྱུར་ལྡོག་བྱུང་བ་དང་སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་ཀྱི་ཆུ་ཚད་རིམ་བཞིན་རྒྱལ་ཡོངས་དང་གཅིག་མཚུངས་བྱུང་ཡོད། ལྷོ་ཁས“ཐོན་ལས་ལ་བརྟེན་ནས་གྲོང་ཁྱེར་འཛུགས་པའི”དཔལ་འབྱོར་འཕེལ་རྒྱས་ཀྱི་རྩ་དོན་མཐའ་འཁྱོངས་བྱས་ཏེ“ཐོན་ལས་ལྡབ་འཕར་གྱི་འཆར་གཞི”ལག་ལེན་ཤུགས་ཆེན་བསྟར་བ་དང་ལོ་བཅུ་ཕྲག་ཁ་ཤས་འབད་བརྩོན་བྱས་པ་བརྒྱུད། ཐོན་ལས་ཆུང་བ་ནས་ཆེ་བའི་བར་དང་ཉམས་ཞན་ནས་སྟོབས་ཆེན་བར་གྱི་རྣམ་པ་ཞིག་ཆགས་པ་དང་ད་ཆ་ཅུང་སྲ་ཞིང་བརྟན་པའི“ཐོན་ལས་གཉིས་པ་དང་གསུམ་པ་དང་པོའི”རྣམ་པ་ཞིག་ཆགས་ཡོད་པ་རེད།
ཞིང་འབྲོག་ལས་གནམ་ཆུར་བརྟེན་པའི་དཀའ་གནད་ལས་རྦད་དེ་སྒྲོལ་ནས་དེང་རབས་ཅན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་ཏེ“ལྷོ་བྲག་གི་ཕིང”དང་། “ལྷུན་རྩེའི་ནས་ནག” “རྒྱ་ཚའི་སྟར་ཁ”སོགས་ཁྱད་ལྡན་ཞིང་འབྲོག་ལས་ཀྱི་སྤུས་རྟགས་འབོར་ཆེན་ཞིག་སྐྱེད་སྲིང་བྱས་པ་དང་གྲ་ནང་གི་ཁྲེ་ལེ་ཙེ་མུའུ་བརྒྱ་དང་། ཟངས་རིའི་རྒུན་འབྲུམ་མུའུ་སྟོང་། སྣ་དཀར་རྩེའི་ལུག་ཁྲི་སོགས་ཀྱི་ཁྱད་ལྡན་ཞིང་འབྲོག་ཐོན་ལས་རྟེན་གཞི་བསྐྲུན་ཡོད།
ཡུལ་སྐོར་ལས་རིགས་གཙོ་གནད་དུ་བྱས་པའི་ཐོན་ལས་གསུམ་པ་མགྱོགས་མྱུར་འཕེལ་རྒྱས་ཕྱིན་ཞིང་། ཡར་འབྲོག་གཡུ་མཚོའི་མཛེས་ལྗོངས་ཁུལ་དང་། ལེགས་པོ་རོང་མཛེས་ལྗོངས་ཁུལ། ཡུལ་སྨད་སྒེར་འཁོར་ཡུལ་སྐོར་ལམ་ཐིག་སོགས་ལྗོངས་ཕྱི་ནང་དུ་སྐད་གྲགས་ཆོད་པ་དང་། “བོད་ཀྱི་འབྱུང་གནས་རིག་གནས་ཡུལ་སྐོར་རྟེན་གཞི”གཞི་རྩའི་ཆ་ནས་བསྐྲུན་ཟིན་ནས་2020ལོར་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་460ལ་སྣེ་ལེན་ཞུས་པར་ཡོང་འབབ་བསྡོམས་སྒོར་དུང་ཕྱུར་18.5བྱུང་ཡོད།
གོམ་ཞེང་ཆེན་པོ་སྤོས། རྨང་གཞིའི་སྒྲིག་བཀོད་ཉིན་བཞིན་འཐུས་སྒོ་ཚང་དུ་ཕྱིན་པ།
ཞི་བས་བཅིངས་འགྲོལ་བཏང་བའི་ཐོག་མའི་དུས་སུ་ལྷོ་ཁར་གྲོང་ཁྱེར་ཡོངས་སུ་ཚད་ལྡན་གྱི་གཞུང་ལམ་གཅིག་ཀྱང་མེད་པ་དང་། ནུས་རྒྱུ་ཧ་ཅང་དཀོན་པ། འཐུང་ཆུ་འགན་ལེན་དཀའ་བ། གློག་མེད་པ་བཅས་རྨང་གཞིའི་སྒྲིག་བཀོད་ཀྱི་ཆ་རྐྱེན་ཧ་ཅང་རྗེས་ལུས་ཡིན། ད་ཆའི་ལྷོ་ཁར་སྤྲིན་ཟམ་ཡོད་པ་དང་། འགྲིམ་འགྲུལ་ཆ་རྐྱེན་ལེགས་པ། གོང་དཀར་གནམ་ཐང་འབབ་ཚུགས་གསར་པ་བསྐྲུན་པས་ལྗོངས་ཕྱི་ནང་འབྲེལ་མཐུད་ཐུབ་པ་མ་ཟད། རྩེད་གོང་རིམ་མཐོའི་གཞུང་ལམ་སྦྲེལ་མཐུད་ཐུབ་པ་དང་ལྷ་ཉིང་ལྕགས་ལམ་བསྐྲུན་ནས་མེ་འཁོར་ཤར་གཏོང་ཐུབ་པས་འགྲིམ་འགྲུལ་ཆ་རྐྱེན་ལེགས་སུ་ཕྱིན་པ་དང་གྲོང་ཁྱེར་ཡོངས་ཀྱི་གཞུང་ལམ་ཤར་གཏོང་ཐུབ་པའི་སྤྱིའི་ལམ་ཐག་1959ལོའི་སྤྱི་ལེ་942ནས་2020ལོའི་སྤྱི་ལེ་9043.3བར་ཟིན་པ་དང་། རྫོང(ཆུས)12 ཤང་དང་གྲོང་རྡལ་82 སྲིད་འཛིན་གྲོང་ཚོ་452བཅས་ལ་སྣུམ་ནག་ལམ་དང་ཨར་འདམ་ལམ་བཏིང་ཡོད་པ་རེད།
ཞིང་ཆུ་འདྲེན་ཁུལ་དང་། ཆུ་མཛོད། བདེ་འཇགས་འཐུང་ཆུ་སོགས་གཙོ་གནད་དུ་བྱས་པའི་ཆུ་བེད་སྒྲིག་བཀོད་ཉིན་བཞིན་འཐུས་སྒོ་ཚང་དུ་ཕྱིན་ནས་ལྷོ་ཁ་གྲོང་ཁྱེར་ཡོངས་ཀྱི་ཆུ་མཁོ་འདོན་དང་ཞིང་ཆུ་འདྲེན་ཚད་95%དང་85%སོ་སོར་ཟིན་པ་དང་གྲོང་གསེབ་ཏུ་བདེ་འཇགས་འཐུང་ཆུ་ཁྱབ་ཚད་100%ཟིན་ཡོད། གློག་ཤུགས་སྒྲིག་བཀོད་མེད་པ་ནས་ཡོད་པའི་བར་དང་། ཉམས་ཞན་ནས་སྟོབས་ཆེའི་བར། ཁ་ཐོར་ནས་ཕན་ཚུན་འབྲེལ་བའི་བར་བཅས་ཁྱབ་རྒྱ་ཆེ་བ་དང་སྤུས་ཚད་ལེགས་པའི་གློག་དྲ་ཆེན་པོའི་མ་ལག་ཅིག་ཆགས་ནས་2020ལོའི་ལོ་མཇུག་ཏུ་གྲོང་ཁྱེར་ཡོངས་ཀྱི་སྲིད་འཛིན་གྲོང་ཚོར་གློག་དྲ་གཙོ་བོ་ཁྱབ་ཚད་100%ཟིན་ཡོད། དྲ་སྦྲེལ་གྲོང་ཚོ་དང་དུད་ཚང་དུ་ཁྱབ་ནས་བརྙན་ལམ་ནས་འབྲེལ་གཏུག་དང་། དྲ་ཐོག་ནས་ཉོ་སྒྲུབ། སྒུལ་བདེའི་གཏོང་སྤྲོད་བཅས་འཚོ་བ་སྐྱེལ་སྟངས་གསར་པར་གྱུར་ཡོད།
བདེ་སྡོད་ལས་བརྩོན། མི་དམངས་ཀྱི་འཚོ་བ་ཡར་ངོའི་ཟླ་ལྟར་འཕེལ་རྒྱས་ཕྱིན་པ།
ད་ཆ་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ཡོངས་སུ་ཐོབ་ནས་ལྷོ་ཁ་གྲོང་ཁྱེར་གྱི་རྫོང(ཆུས)12ཚང་མ་དབུལ་ཞྭ་ཕུད་པ་དང་དབུལ་པོར་གྱུར་ཚད་19.3%ནས་ཀླད་ཀོར་བར་ཆག་སྟེ་ལོ་ངོ་སྟོང་རིང་དབུལ་པོ་དབུལ་རྐྱང་གི་གནད་དོན་རྦད་དེ་ཐག་གཅོད་ཐུབ་ཡོད།
སློབ་གསོའི་བྱ་གཞག་མགྱོགས་མྱུར་འཕེལ་རྒྱས་ཕྱིན་ཞིང་། སློབ་ཞུགས་གོང་གི“སྐད་གཉིས”སློབ་གསོའི་སྒྱུར་བཅོས་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་པ་དང་། འོས་འགན་སློབ་གསོ་ཁྱོན་ཡོངས་ནས་ཁྱབ་གདལ་བཏང་བ། མཐོ་རིམ་སློབ་འབྲིང་དང་ལས་རིགས་སློབ་གསོའི་མ་ལག་རིམ་བཞིན་གྲུབ་པ། རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭ་1959ལོའི་སློབ་ཆུང་4དང་སློབ་གྲྭར་འགྲོ་མུས་ཀྱི་སློབ་མ་552ནས་2020ལོའི་སློབ་གྲྭ་436དང་སློབ་གྲྭར་འགྲོ་མུས་ཀྱི་སློབ་མ་60362བར་མང་དུ་ཕྱིན་ཡོད།
འཕྲོད་བསྟེན་བྱ་གཞག་བརྟན་པོའི་ངང་འཕེལ་རྒྱས་ཕྱིན་ཞིང་། ལྷོ་ཁ་གྲོང་ཁྱེར་གྱི་སྨན་བཅོས་ཞབས་ཞུ་དང་། མ་བུ་བདེ་སྲུང་། བོད་ལུགས་གསོ་རིག་དང་བོད་སྨན། ནད་ཡམས་སྔོན་འགོག་དང་ཚོད་འཛིན་སོགས་ཞབས་ཞུའི་མ་ལག་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་ཕྱིན་པ་དང་། 1959ལོའི་སྨན་བཅོས་སྒྲིག་གཞི་13དང་འཕྲོད་བསྟེན་ཆེད་ལས་ལག་རྩལ་མི་སྣ་30ནས་2020ལོར་སླེབས་སྐབས་སྨན་བཅོས་སྒྲིག་གཞི་750དང་འཕྲོད་བསྟེན་ཆེད་ལས་ལག་རྩལ་མི་སྣ་3781བར་མང་དུ་ཕྱིན་ནས་ཞིང་འབྲོག་ཁུལ་དུ་རིན་མེད་སྨན་བཅོས་ཁྱབ་ཚད་100%ཟིན་ཡོད།
གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པ་འཛུགས་སྐྲུན་བྱེད་པའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་ཞིང་། ལྷོ་ཁ་གྲོང་ཁྱེར་གྱི་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་ཚད་རྒྱུན་ཆད་མེད་པར་མགྱོགས་སུ་ཕྱིན་ནས“གཙོ་བོ་1དང་ཞར་བྱུང་11”གི་གྲོང་ཁྱེར་དང་གྲོང་རྡལ་ཅན་གྱི་བཀོད་པ་ཆགས་པ་དང་། ལྷ་ས་དང་ལྷོ་ཁ་གཞི་གཅིག་ཅན་གྱི་འཕེལ་རིམ་རྒྱུན་ཆད་མེད་པར་མགྱོགས་སུ་ཕྱིན་པ། གྲོང་ཁྱེར་འཕེལ་རྒྱས་ཀྱི་གསོན་ཤུགས་དེ་བས་ཆེ་རུ་ཕྱིན་ཡོད།
རི་ཀླུང་མཛེས་སྡུག་ལྡན། སྐྱེ་ཁམས་ཁོར་ཡུག་སྔར་བས་ལེགས་པ།
ཡར་ཀླུང་གཙང་པོའི་ངོགས་གཉིས་སུ་སྐྱོད་སྐབས་ཡར་ཀླུང་གཙང་པོའི་འགོག་སྲུང་ལྗོན་ཤིང་སྔོ་ཐིང་ངེར་གནས་པ་དང་། དེ་ནི་ངོགས་གཉིས་ཀྱི་ལས་བྱེད་པ་དང་མང་ཚོགས་ཚོས་ལོ་30ལྷག་ཙམ་རིང་བཞག་པའི་ལྗང་མདོག་གི་ངོ་མཚར་བྱས་རྗེས་ཤིག་རེད།
2020ལོའི་ལོ་མཇུག་བར་ལྷོ་ཁ་གྲོང་ཁྱེར་གྱི་ནགས་ཚལ་རྒྱ་ཁྱོན་སྤྱི་ཆིང་ཁྲི་118.28དང་མི་ཐབས་ནགས་ཤིང་རྒྱ་ཁྱོན་སྤྱི་ཆིང་ཁྲི་3.26ཟིན་ནས་ནགས་ཚལ་ཁྱབ་ཚད་24.79%ཟིན་ཡོད། ནགས་ཚལ་དང་། རྩྭ་ར། འདམ་ར་སོགས་སྐྱེ་ཁམས་མ་ལག་དང་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་ནུས་ལྡན་ཐུབ་ཡོད། གྲོང་ཁྱེར་དེས་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་1དང་། རྒྱལ་ཁབ་འདམ་རའི་སྤྱི་གླིང་4 རྒྱལ་ཁབ་ནགས་ཚལ་སྤྱི་གླིང་1བཅས་བསྐྲུན་པ་དང་། རང་སྐྱོང་ལྗོངས་རིམ་པའི་སྐྱེ་ཁམས་རྫོང་7དང་། ཤང་གྲོང་73 གྲོང་ཚོ་ཨུ་ལྷན་518བཅས་བསྐྲུན་པ་མ་ཟད། 2020ལོའི་ཟླ་10པར“རྒྱལ་ཁབ་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་དཔེ་སྟོན་གྲོང་ཁྱེར”ལའང་བདམས་ཡོད་པ་རེད།