དབུ་ཤོག>ཆེད་སྒྲིག
  • ས་བབ་མཐོ་ཡང་དཔའ་མི་ཞུམ། སྙིང་སྟོབས་དེ་བས་ལྷག་པར་ཆེ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-08-21

    952830_yis_1629302400000_s.jpg

    འདི་ནི་ཆུ་མིག་མཚོ་རིམ་པ་དང་པོའི་སྤྱི་བདེ་ཞིབ་བཤེར་ས་ཚིགས་ཀྱི་མི་དམངས་ཉེན་རྟོག་པས་ལས་འགན་སྒྲུབ་བཞིན་པ།

    བོད་བྱང་ཐང་གི་སྒོ་མོ་དང་པོ་སྟེ། མངའ་རིས་ས་ཁུལ་རུ་ཐོག་རྫོང་ཆུ་མིག་མཚོ་རིམ་པ་དང་པོའི་སྤྱི་བདེ་ཞིབ་བཤེར་ས་ཚིགས་ཀྱི་མི་དམངས་ཉེན་རྟོག་པས་ཅེ་ཧྲན་ཏ་པན་ལའི་འདབས་སུ་བཅའ་སྲུང་བྱེད་བཞིན་ཡོད། དེ་ནི་བོད་ཀྱི་བྱང་སྒོ་ཆེ་མོ་རེད་ལ་ཤིན་ཅང་ནས་བོད་དུ་སྐྱོད་སྐབས་བརྒྱུད་དགོས་ངེས་ཀྱི་ས་ཆ་ཞིག་ཀྱང་རེད།

    དེ་གར་ཡངས་ཤིང་རྒྱ་ཆེ་བས་ཞིབ་བཤེར་ས་ཚིགས་ཀྱི་དོ་དམ་ཁྱབ་ཁོངས་སྤྱི་ལེ་ངོས་གྲུ་ཁྲི་གཅིག་ལྷག་ཙམ་ཟིན་པ་དེ་ཀྲེ་ཅང་ཞིང་ཆེན་གྱི་བཅུ་ཆ་གཅིག་གི་རྒྱ་ཁྱོན་དང་ཧ་ལམ་མཚུངས་ཀྱི་ཡོད།

    དེ་གར་ས་ཐག་ཧ་ཅང་རིང་བས་མངའ་རིས་ས་ཁུལ་རུ་ཐོག་རྫོང་གྲོང་དང་བར་ཐག་སྤྱི་ལེ་268ཡོད་པ་དང་རླངས་འཁོར་ལ་བསྡད་ན་ཉུང་མཐར་ཡང་ཆུ་ཚོད་4འགོར་གྱི་ཡོད།

    དེ་གར་གཏན་འཇགས་ཀྱི་འཁྱགས་སའི་རྒྱུད་ཡིན་པས་གྲང་ངར་ཤིན་ཏུ་ཆེ་བ་དང་ལོ་རེའི་ཆ་སྙོམས་དྲོད་ཚད་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་20ཟིན་པ་དང་། ཉིན་མཚན་གྱི་དྲོད་ཚད་ཧེ་བག་ཧྲེ་ཧྲི་ཏུའུ་20ཙམ་ཟིན་པ། དྲོད་ཚད་དམའ་ཤོས་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་45ཟིན་གྱི་ཡོད། 

    དེ་གར་དཀའ་ཚེགས་ཆེ་ཞིང་ཆ་སྙོམས་ས་བབ་མཐོ་ཚད་སྨི་5200ཟིན་པ་དང་། ལོ་འཁོར་མོར་ལྷགས་པ་རིམ་པ་དྲུག་བདུན་རྒྱག་མཚམས་ཆད་ཀྱི་མེད་པ་དང་། མཁའ་རླུང་ནང་གསོ་རླུང་འདུས་ཚད་རྒྱ་མཚོའི་ངོས་ཀྱི་40%ཡང་ཟིན་གྱི་མེད།

    “སྲོག་གནས་དཀའ་ཁུལ”བརྟན་སྲུང་བྱས་པ།

    “ཆུ་མིག་མཚོ”ཞེས་པ་ནི་2013ལོར་རིམ་པ་དང་པོའི་སྤྱི་བདེའི་ཞིབ་བཤེར་ས་ཚིགས་བཙུགས་རྗེས་གཞི་ནས་བྱུང་བའི་མིང་ཞིག་ཡིན་པ་དང་མི་དམངས་ཉེན་རྟོག་པ་ཚོས་དེ་སྔའི་མིང་ལ“གཤིན་པོའི་ལུང་ཤུར”ཞེས་འབོད་ཀྱི་ཡོད།

    “གཤིན་པོའི་ལུང་ཤུར”དུ་ངག་རྒྱུན་མང་པོ་ཡོད། འོན་ཀྱང་ཡིད་རྟོན་རུང་བའི་ཐོ་འགོད་ལྟར་ན། 1950ལོའི་ལོ་མཇུག་དང་1951ལོའི་དཔྱིད་ཀར་ཤིན་ཅང་ནས་སྔོན་ལ་སྒེར་རྩེ་རྫོང་གི་གྲ་མ་མང་པོར་འབྱོར་བའི་རང་ཚུགས་རྟ་དམག་ཧྲི་ཤོག་གི་སྔོན་སྐྱོད་ལེན་ཤོག་ལ་རོགས་སྐྱོར་བྱེད་པའི་ཆེད་དུ། ཤིན་ཅང་དམག་ཁུལ་ཁང་གིས་སྔ་རྗེས་སུ་འབྲི་གཡག་དང་། བོང་བུ། རྔ་མོང་བཅས་མགོ་གྲངས་1700ལྷག་ཙམ་དང་དངོས་རྫས་ཁག་ཐེངས་གཅིག་བསྡུ་རུབ་བྱས་ཏེ། ཅེ་ཧྲན་ཏ་པན་ལ་ཐེངས་གསུམ་བརྒལ་མཐར། བོང་བུ་16དང་འབྲི་གཡག་30ལྷག་ཙམ་མ་གཏོགས་ཚང་མ་ཅེ་ཧྲན་ཏ་པན་ལ་རུ་ཤི་བ་རེད། དངོས་ཟོག་སྐྱེལ་འདྲེན་གྱི་འགན་འཁུར་མཁན་ཡུ་གུར་རིགས་ཀྱི་སྤུན་ཟླ་གཉིས་ཀྱི་རྩ་ཆེའི་ཚེ་སྲོག་ཀྱང་དེ་གར་ཤོར་བ་རེད།

    ད་ཆ་དེ་གར་བཅའ་སྡོད་བྱེད་མཁན་ནི་བོད་ལྗོངས་མངའ་རིས་ས་ཁུལ་རུ་ཐོག་རྫོང་ཆུ་མིག་མཚོའི་རིམ་པ་དང་པོའི་སྤྱི་བདེ་ཞིབ་བཤེར་ས་ཚིགས་ཀྱི་ལས་བྱེད་ཉེན་རྟོག་པ་25རེད། ཞིབ་བཤེར་ས་ཚིགས་ཀྱི་གྱང་ངོས་སུ་ཁོང་ཚོའི་མི་ཚེའི་དམ་ཚིག་སྦྱར་ཡོད་པ་སྟེ“ས་བབ་དང་མཐོ་ཚད་བསྡུར་བ་དང་། རྩྭ་ཐང་དང་ཆེ་ཆུང་བསྡུར་བ། བྱེ་རླུང་དང་བཟོད་བསྲན་ཐེག་ནུས་བསྡུར་བ། གངས་རི་དང་དྭངས་གཙང་བསྡུར་བ”བཅས་རེད།

    ཞིབ་བཤེར་ས་ཚིགས་སུ་སྐྱོད་སྐབས་རྒྱ་ཆེ་ལ་སྟབས་བདེ་བའི་ཤེལ་ཁང་དག་ཁང་པ་ཐོག་གཅིག་མའི་སྟར་པ་དང་སྦྲེལ་ཡོད། འདི་ནི་མི་དམངས་ཉེན་རྟོག་པའི་གཞུང་དོན་སྒྲུབ་ས་དང་སྡོད་གནས་གཅིག་ལྕོགས་ཡིན། ཤེལ་ཁང་ནང་གུར་དྲུག་བདུན་ཕུབ་པ་དང་སྟེང་ཤོད་ཡོད་པའི་ཉལ་ཁྲི་བརྒྱབ་ཡོད། གུར་རེའི་ནང་ཐབ་རེ་ཡོད་ཀྱང་དགུན་དུས་དྲོད་ཚད་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་20ཡི་གྲང་ངར་དང་རིམ་པ་དྲུག་བདུན་གྱི་གྲང་རླུང་འགོག་མི་ཐུབ།

    “ཐེངས་ཤིག་ལྷགས་པ་ཆེན་པོ་བརྒྱབ་ནས་ཤེལ་ཁང་གི་ཐོག་འཁྱེར། ན་ནིང་ཕར་འགྲོ་ཚུར་འོང་བྱེད་མཁན་ཁ་ལོ་བར་གྲང་རླུང་འགོག་རོགས་བྱ་ཆེད། ང་ཚོས་གནས་སྐབས་གུར་གཉིས་བརྒྱབ་མོད། འོན་ཀྱང་ཉིན་གཉིས་མ་འགོར་བར་ལྷགས་པ་ཆེན་པོ་བརྒྱབ་ནས་འཁྱེར་འདུག”ཅེས་ཀྲན་ཀྲང་རྡོ་རྗེ་རྒྱལ་པོས་བཤད།

    འཚོ་བ་ནི་བསམ་ཚོད་ལས་དཀའ་ཚེགས་དེ་བས་ཆེ་བ་ཡོད། མངའ་རིས་ས་ཨུད་ཀྱི་ཧྲུའུ་ཅི་ཀྲུའུ་ཀྲུང་ཁུའེ་ཡིས་གསར་འགོད་པར། 2016ལོའི་བོད་ཀྱི་ལོ་གསར་སྐབས་ངས་ས་ཁུལ་གྱི་འབྲེལ་ཡོད་སྡེ་ཚན་གྱི་བློ་མཐུན་ཁྲིད་དེ་ཞིབ་བཤེར་ས་ཚིགས་སུ་ལས་བྱེད་ཉེན་རྟོག་པར་འཚམས་འདྲིར་བསྐྱོད་པ་ཡིན། དགོང་ཟས་ཟ་སྐབས་ས་ཚིགས་སུ་ཞོག་ཁོག་སྡེར་མ་གང་བརྔོས་རྗེས་སྒྲོག་ཙེའི་སྟེང་བཞག་ནས་སྐར་མ་ཁ་ཤས་མ་སོང་བར་འཁྱགས་པ་ཐེབས་འདུག་ཅེས་བཤད།

    མི་དམངས་ཉེན་རྟོག་པས་ཀྲུའུ་ཀྲུང་ཁུའེ་ལ་གནས་ཚུལ་དེ་དེ་ཙམ་སྡུག་པོ་མ་རེད། ཞིབ་བཤེར་ས་ཚིགས་དང་རྫོང་གྲོང་གི་ལམ་ཐག་ཅུང་རིང་བས་ས་ཚིགས་ཀྱི་མཁོ་ཆས་གཟའ་འཁོར་གཅིག་ལ་ཐེངས་གཅིག་ལས་སྐྱེལ་ཐུབ་ཀྱི་མེད། གངས་འབབ་སྐབས་ཚང་མས་སྟབས་བདེའི་ཐུག་པ་དང་རྩམ་པར་བརྟེན་ནས་འཚོ་བ་སྐྱེལ་གྱི་ཡོད། དགུན་དུས་སུ་སྐྱེལ་འདྲེན་བྱེད་པའི་དངོས་ཟོག་ཞིབ་བཤེར་ས་ཚིགས་སུ་མ་འབྱོར་གོང་འཁྱགས་པ་ཐེབས་ཀྱི་ཡོད་ཅེས་བཤད།

    “མི་དམངས་ལ་ཞབས་འདེགས་ཞུ་བར་ས་མཚམས་མེད”

    1950ལོའི་ཟླ་8པར་བོད་སྐྱོད་དཔའ་བོའི་སྔོན་སྐྱོད་ལེན་ཤོག་གི་དཔོན་དམག་136གིས་ཏང་གི་འཐུས་མི་དང་འཐབ་ས་མདུན་མའི་སྤྱི་ཁྱབ་བཀོད་འདོམས་པ་གཅིག་ལྕོགས་ཡིན་པའི་ལི་ཏི་སན་གྱི་སྣེ་ཁྲིད་འོག་དཀའ་སྡུག་ཚད་མེད་མྱོང་བ་དང་བློས་གཏོང་ཆེན་པོ་བྱས་ཏེ་ཅེ་ཧྲན་ཏ་པན་ལ་བརྒལ་ནས་མངའ་རིས་སུ་མདུན་སྐྱོད་བྱས།

    ལོ་70ཕར་ལ་འདས་ཤིང་། དེ་རིང་གསར་འགོད་པ་ཅེ་ཧྲན་ཏ་པན་ལ་རུ་འབྱོར་སྐབས། ཐོག་མར་མཐོང་བ་ནི་ཆུ་མིག་མཚོའི་རིམ་པ་དང་པོའི་སྤྱི་བདེ་ཞིབ་བཤེར་ས་ཚིགས་ཀྱི་རྒྱལ་སྒོའི་གྱང་ངོས་ཀྱི་སྦྱར་ཡིག་ཆེན་པོ་ཞིག་སྟེ“གཤིན་པོའི་ལུང་ཤུར་ལ་ཁ་གཏད་གཅོག་པར་ཆུ་མིག་མཚོ་ལས་ལྷག་པ་མེད”ཅེས་པ་དེ་རེད།

    སྤྱི་བདེ་དང་། དམིགས་བསལ་ཉེན་རྟོག་པ། གནས་སྤོས་ཡུལ་མི་དོ་དམ་ཉེན་རྟོག་པ་བཅས་ལས་གྲུབ་པའི་དམག་འཐབ་མཉམ་སྡེབ་དེས་སྔོན་སྐྱོད་ལེན་ཤོག་གི་དཔའ་བོའི་ཞབས་རྗེས་དེད་ནས་ས་བབ་མཐོ་ཚད་སྨི་5200ཟིན་པའི་རྒྱལ་ལམ་དུ་བཅའ་སྡོད་བྱས། ཁོང་ཚོས་འགྲོ་འོང་རླངས་འཁོར་ཐོ་འགོད་ཞིབ་བཤེར་དང་། མང་ཚོགས་ལ་ཞབས་འདེགས་ཞུ་བ། ཛ་དྲག་རོགས་སྐྱོབ་བྱེད་པ། འཕྲལ་སྡོམ་དོན་རྐྱེན་ཐག་གཅོད་སོགས་ཀྱི་ལས་འགན་ཕྲག་ཐོག་ཏུ་འཁུར་ནས་ཕྱོགས་གཅིག་གི་བདེ་འཇགས་སྲུང་བཞིན་མཆིས།

    འདི་ལོའི་ཟླ་5པའི་ཟླ་མཇུག་གི་ཉིན་ཞིག་ལ་ལོ་60ལྷག་ཙམ་ལ་སླེབས་པའི་བུད་མེད་ཡུལ་སྐོར་བ་ཞིག་དངངས་འཚབ་ཆེན་པོས་ཞིབ་བཤེར་ས་ཚིགས་སུ་ཡོང་ནས“ངའི་བཟའ་ཟླར་གློ་བུར་དུ་ལ་དུག་ཕོག་ནས་ཁྲག་ནང་གསོ་རླུང་འདུས་ཚད་40%མན་དུ་ཆག་འདུག ཁྱེད་རྣམ་པས་ཁོང་སྐྱོབ་རོགས་གནང”ཞེས་ཞུས། རྒྱུན་གཏན་གྱི་མིའི་འཕར་རྩའི་ཁྲག་ནང་དབྱང་རླུང་འདུས་ཚད་98%ཟིན་པ་དང་སྡོད་རྩའི་ཁྲག་ནང་དབྱང་རླུང་འདུས་ཚད་75%ཡས་མས་ཟིན་གྱི་ཡོད། ད་ཆ་40%མན་ཆག་པས་ཉེན་ཁ་ཧ་ཅང་ཆེན་པོ་ཡོད།

    ནད་པ་ཀྲའོ་ཅུན་ལོ་69ལ་སླེབས་པ་དང་གློ་སྙིང་གི་ནད་ཕོག་ཡོད། ད་ཐེངས་བཟའ་ཟླ་དང་མཉམ་དུ་བོད་དུ་ཡུལ་སྐོར་ལ་སྐྱོད་སྐབས་ས་བབ་མཐོ་ཚད་སྨི་5170ཟིན་པའི་ཆི་ཐའེ་ཏ་པན་ལ་རུ་སླེབས་སྐབས་ས་མཐོའི་རང་བཞིན་གྱི་སྙིང་ནད་ལངས་ནས་ཚེ་སྲོག་ལ་ཉེན་ཁ་འཕྲད་ཡོང་སྙམ་པ་བསམ་པའི་ཡུལ་ལའང་འཁོར་མེད། ས་ཆ་དེ་ཤིན་ཅང་ཧོ་ཐན་དང་བོད་ལྗོངས་མངའ་རིས་འབྲེལ་མཚམས་ནས་ལེ་དབར་30ཡིས་ཆོད་པ་དང་། རེ་ཞིག་ཤིན་ཅང་ཧོ་ཧྲའོ་ཡུན་ཞིབ་བཤེར་ས་ཚིགས་དང་འབྲེལ་བ་བྱེད་མ་ཐུབ་སྟབས་བཟའ་ཟླས་ཆུ་མིག་མཚོའི་རིམ་པ་དང་པོའི་སྤྱི་བདེ་ཞིབ་བཤེར་ས་ཚིགས་ལ་རོགས་སྐྱོར་བྱ་རྒྱུའི་རེ་བ་མི་ཞུ་ཀ་མེད་བྱུང་།

    ཆབ་སྲིད་ཨུ་ཡོན་བཀྲ་ཤིས་སྤེན་པས་འཕྲལ་མར་མི་དམངས་ཉེན་རྟོག་པ་གཉིས་ཁྲིད་དེ་གསོ་རླུང་བླུགས་པའི་དམ་བི་འཁུར་ནས་རླངས་འཁོར་བཏང་སྟེ་གནས་ཚུལ་ཐོན་ཡུལ་དུ་བསྐྱོད། དེ་གར་འབྱོར་རྗེས་འཕྲལ་མར་གསོ་རླུང་རྔུབས་ཏེ་ཁྲག་ནང་གསོ་རླུང་འདུས་ཚད་མང་དུ་བཏང་ནས་སྙིང་ཁམས་ནུས་པ་ལེགས་སུ་བཏང་ཡོད། དེ་རྗེས་བཀྲ་ཤིས་སྤེན་པས་རྫོང་བཀོད་འདོམས་པུའུ་ལ་ཁ་པར་བཏང་རྗེས་མྱུར་དུ་ཉེན་རྟོག་རླངས་འཁོར་བཀོད་སྒྲིག་བྱས་ཏེ་ནད་པ་ཤིན་ཅང་གི་ས་བབ་དམའ་བའི་ས་ཁུལ་དུ་སྐྱེལ་དགོས་པའི་བཀའ་འབྱོར།

    མཚན་མོའི་ཆུ་ཚོད་10པར་ཁོང་ཚོ་ས་བབ་མཐོ་ཚད་སྨི་3600ཟིན་པའི་ལེ་དབར་སུམ་ཅུའི་དམག་སྒར(འོམ་བུའི་ཐང)སེ་ཐུའུ་ལ་གྲོང་རྡལ་དུ་འབྱོར། ནད་པའི་ནད་གཞི་མངོན་གསལ་དོད་པོས་ཞི་ལྷོད་དུ་སོང་བ་དང་སྲོག་ཉེན་ལས་ཐར་བ་མཐོང་སྐབས། ཁོང་ཚོས་ས་རུབ་རྗེས་ཀྱི་ལམ་གྱི་ཉེན་ཁར་མ་འཛེམས་པར་མཚན་མོ་དེ་རང་དུ་ཆུ་མིག་མཚོ་རུ་བསྐྱོད། ཐེངས་དེར་འགྲོ་འོང་སྤྱི་ལེ་700ཙམ་བྱས་ཡོད།

    ཆུ་མིག་མཚོའི་རྒྱུད་དུ་མི་མེད་ལུང་སྟོང་མང་པོ་ཡོད་པ་དང་ལྷག་པར་དུ་གསུམ་བཞི་ནས་ཤིན་ཅང་གི་ལེ་དབར་སུམ་ཅུའི་དམག་སྒར་གྱི་ཆ་སྙོམས་ས་བབ་མཐོ་ཚད་སྨི་5000ཡན་ཟིན་གྱི་ཡོད། ཐོག་མར་ས་མཐོར་སླེབས་སྐབས་ས་མཐོར་མི་འཕྲོད་པའི་ནད་དང་ཐོལ་བྱུང་རང་བཞིན་གྱི་ས་མཐོའི་ནད་ཐོན་སླ་པོ་ཡོད། ཛ་དྲག་རོགས་སྐྱོབ་དེ་ཞིབ་བཤེར་ས་ཚིགས་ཀྱི་ལས་བྱེད་ཉེན་རྟོག་པ་ཚོའི་རྒྱུན་གཏན་གྱི་ལས་ཀའི་ཁྲོད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་གྱུར་ཡོད།

    “མི་དམངས་ལ་ཞབས་འདེགས་ཞུ་བར་ས་མཚམས་ཀྱི་དབྱེ་བ་མེད། བོད་དང་ཤིན་ཅང་གི་ས་ཁོངས་གང་དུ་ཡིན་རུང་། རོགས་སྐྱོབ་རེ་ཞུ་འབྱོར་ཚེ་ང་ཚོས་འཕྲལ་མར་ཉེན་རྟོག་པ་བཏང་ནས་རོགས་སྐྱོབ་བྱེད་ཀྱི་ཡོད”ཅེས་ཀྲན་ཀྲང་རྡོ་རྗེ་རྒྱལ་པོས་བཤད། ཞིབ་བཤེར་ས་ཚིགས་ཀྱིས་ཟླ་རེར་ཆ་སྙོམས་ཉེན་རྟོག་པ་རོགས་སྐྱོབ་ལ་ཐེངས་20ལྷག་ཙམ་བཏང་ཡང་ལས་བྱེད་ཉེན་རྟོག་པ་ཚོས་དེར་འཁང་ར་དང་གནོང་འགྱོད་སྤུ་ཙམ་ཡང་བྱེད་ཀྱི་མེད།

    “འཇིགས་སྐུལ་དོགས་ཡོད་མི་སྣ་གཅིག་ཀྱང་བོད་དུ་གཏན་ནས་ཡོང་དུ་འཇུག་གི་མིན”

    ཆུ་མིག་མཚོའི་རིམ་པ་དང་པོའི་སྤྱི་བདེ་ཞིབ་བཤེར་ས་ཚིགས་ཀྱིས་ཤིན་བོད་འགྲིམ་འགྲུལ་སྲུང་སྐྱོང་བྱེད་པ་དང་དེ་ནི་ཉེས་གསོག་དོགས་ཅན་ཤིན་ཅང་ནས་བོད་དུ་ལྐོག་འཛུལ་སྔོན་འགོག་གི་ལམ་བུ་གལ་ཆེན་ཞིག་རེད།

    2017ལོའི་ཟླ་4ཚེས་24ཉིན་ཆབ་སྲིད་ཨུ་ཡོན་བཀྲ་ཤིས་སྤེན་པས་ལས་བྱེད་ཉེན་རྟོག་པ་5ཁྲིད་དེ་རླངས་འཁོར་བཏང་ནས་ཨག་སའེ་ཆེན་མཚོར་སྐོར་གཡེང་བྱེད་པར་བསྐྱོད། ཟླ་བ་གཅིག་གི་གོང་ཞིབ་བཤེར་ས་ཚིགས་སུ་ཤིན་ཅང་ཉེན་རྟོག་ཕྱོགས་ཀྱི་གཞོགས་འདེགས་ཞིབ་བཤེར་ཡི་གེ་འབྱོར་ནས་འཇིགས་སྐུལ་དོགས་ཡོད་མི་སྣ་བོད་དུ་ལྐོག་འཛུལ་བྱེད་རྒྱུ་བཀག་འགོག་བྱེད་རོགས་ཞུས་པ་རེད།

    མཚོ་འགྲམ་གྱི་བྱེ་རྡོའི་ལམ་ནས་རྒྱལ་ལམ་219བརྒྱུད་ཕྱིར་ལོག་པའི་ལམ་བར་དུ་མི་དམངས་ཉེན་རྟོག་པ་ཚོས་མདུན་ཕྱོགས་ཀྱི་ཐག་མི་རིང་བའི་སར་ཤིན་ཅང་གི་འཁོར་བྱང་བསྒར་བའི་ཕི་ཁ་རླངས་འཁོར་ཞིག་གློ་བུར་དུ་རྒྱལ་ལམ་ནས་ཁ་བྲལ་ཏེ་ལྷོ་ཕྱོགས་སུ་མྱུར་བར་བསྐྱོད་པ་མཐོང་།

    “ལྷོ་ཕྱོགས་ནི་རི་བོ་རེད། འཇིགས་སྐུལ་དང་འབྲེལ་བའི་དོགས་ཡོད་མི་སྣ་ཡིན་ནམ། རྒྱལ་མཚམས་ལས་བརྒལ་སྲིད་དམ”ཕི་ཁ་རླངས་འཁོར་གྱི་དོགས་ཡོད་བྱེད་སྤྱོད་ལ་མི་དམངས་ཉེན་རྟོག་པ་དོགས་པ་ལངས། བཀྲ་ཤིས་སྤེན་པས་གཞོགས་འདེགས་ཞིབ་བཤེར་ཡི་གེ་བསམ་བློ་འཁོར་མ་ཐག་ལམ་སེང“རྗེས་འདེད་གཏོང་ཞིག”ཅེས་བཀའ་བཏང་བས། མི་དམངས་ཉེན་རྟོག་པ་ཚོས་ཉེན་བརྡའི་གློག་སྒྲོན་སྤར་བ་དང་། ཉེན་བརྡའི་དུང་བརྡ་གྲགས་པ། སྣུམ་སྒོ་བསྣོན་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་གཞུ་ལས་བྲལ་བའི་མདའ་མོ་བཞིན་ཕི་ཁ་རླངས་འཁོར་གྱི་རྗེས་དེད།

    སྐར་མ་20ལྷག་ཙམ་རིང་ཛ་དྲག་རྗེས་འདེད་བཏང་བ་དང་མི་དམངས་ཉེན་རྟོག་པའི་ཟིལ་གནོན་འོག་ཕི་ཁ་རླངས་འཁོར་ཁ་མ་བཀག་ཐབས་མེད་བྱུང་བ་རེད།

    རླངས་འཁོར་ནས་མི་5དོན་པ་དང་། དེའི་ཁྲོད་ནས་མགོ་རིལ་ཞིག་དངངས་འཚབ་ཆེན་པོ་བྱེད་ཀྱི་ཡོད། མི་དམངས་ཉེན་རྟོག་པས་ཁོ་ཚོ་ལག་པ་བཀྱག་ཏུ་བཅུག་པ་དང་། མི་ཞིག་གིས་དེ་ཙམ་བྱང་པོ་མེད་པའི་རྒྱ་སྐད་ཐོག་ནས་ཁོ་ཚོ་འོམ་བུའི་ཐང་དུ་ཡོང་སྟེ་རི་ཁུལ་དུ་རླངས་འཁོར་ཉམས་བཟོ་བྱེད་པར་སྐྱོད་མཁན་ཡིན་ཞེས་འགྲེལ་བཤད་བརྒྱབ།

    ཞིབ་བཤེར་རགས་ཙམ་བྱས་པ་བརྒྱུད་མི་དམངས་ཉེན་རྟོག་པས། ཕི་ཁ་རླངས་འཁོར་གྱི་འཁོར་རྟགས་རྫུན་མ་ཡིན་པ་དང་། མི་5པོ་དེ་དག་ལ་ལག་ཐོགས་ཁ་པར་ཕུད་ལག་ཁྱེར་གང་ཡང་མེད་པ་ཤེས།

    ཀྲན་ཀྲང་ཕུར་བུ་བཀྲ་ཤིས་ལ་སྙན་ཞུ་འབྱོར་རྗེས་འཕྲལ་དུ་ཉེན་རྟོག་པ་བཏང་ནས་རོགས་སྐྱོར་བྱས་ཏེ་དོགས་ཡོད་མི་སྣ་ཞིབ་བཤེར་ས་ཚིགས་སུ་ཁྲིད།

    “འཇིགས་རྒོལ་རལ་གྲི་རྣོན་པོ”ཞེས་པའི་ཞིབ་བཤེར་སྒྲིག་ཆས་བརྒྱུད་མི་དམངས་ཉེན་རྟོག་པས་མི་མགོ་རིལ་དེའི་ལག་ཐོགས་ཁ་པར་ནས་ཁོ་པའི་ཐོབ་ཐང་ལག་ཁྱེར་གྱི་ཆ་འཕྲིན་ཤེས་རྟོགས་བྱུང་བ་དང་དེ་ནི་གཞོགས་འདེགས་ཞིབ་བཤེར་ཡི་གེའི་ནང་བརྡ་ཁྱབ་བཏང་བའི་འཇིགས་སྐུལ་དང་འབྲེལ་བ་ཡོད་པའི་དོགས་ཡོད་མི་སྣ་ཡིན་པ་རེད།

    གནམ་རྙི་གཞི་རྒྱ་ཆེ་ན་ཡང་། མི་ངན་འཆོར་བའི་སྲུབས་ཀ་མེད་ཅེས་པ་ལྟར། འཇིགས་སྐུལ་དང་འབྲེལ་བའི་དོགས་ཡོད་མི་སྣ་བོད་དུ་ལྐོག་འཛུལ་བྱ་རྒྱུའི་རེ་ངན་དེ་དཔའ་ངར་ལྡན་པའི་ཆུ་མིག་མཚོ་ཡི་རིམ་པ་དང་པོའི་སྤྱི་བདེ་ཞིབ་བཤེར་ས་ཚིགས་ཀྱི་ལས་བྱེད་ཉེན་རྟོག་པས་ཐལ་བའི་རྡུལ་དུ་བརླགས་པ་རེད།

    “འཇིགས་སྐུལ་དང་འབྲེལ་བའི་དོགས་ཡོད་མི་སྣ་གཅིག་ཀྱང་བོད་དུ་གཏན་ནས་ཡོང་དུ་འཇུག་གི་མིན”ཞེས་པ་དེ་ནི་ཆུ་མིག་མཚོ་ཡི་རིམ་པ་དང་པོའི་སྤྱི་བདེ་ཞིབ་བཤེར་ས་ཚིགས་ཚུད་པའི་རུ་ཐོག་རྫོང་གི་སྤྱི་བདེ་ལས་བྱེད་ཉེན་རྟོག་པ་ཡོངས་ཀྱིས་ཏང་དང་མི་དམངས་ལ་གཟི་བརྗིད་ལྡན་པའི་ཁས་ལེན་བྱས་པ་ཞིག་རེད།

    ལྷག་བསམ་རྣམ་དག་དང་འགན་འཁུར་གྱི་བསམ་པར་བརྟེན་ནས་ཉེན་རྟོག་པའི་བླ་སྲོག་བཏོད།

    “མཁྲེགས་སར་གཏུག་ཕོད་པའི་གསར་བརྗེའི་སྙིང་སྟོབས་དང་། དཔའ་ངར་ཞུམ་མེད་དང་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་གཡུལ་སར་རང་སྲོག་ཤོར་བར་མི་སྐྲག་པ་དང་ནམ་རྒྱུན་དཀའ་སྡུག་ལ་མི་སྐྲག་པ་བྱེད་དགོས”ཞེས་ལོ་70ཡི་གོང་ཅེ་ཧྲན་ཏ་པན་ལ་མ་བརྒལ་གོང་ལི་ཏི་སན་གྱིས་དམག་འཁྲུག་གོང་གི་སྐུལ་སློང་བྱེད་སྐབས་ཟབ་ལ་ནན་པའི་གཏམ་ཚིག་དེ་ནི་རྩ་བ་བརྟན་པོ་ཚུགས་ཏེ་ཆུ་མིག་མཚོ་ཡི་རིམ་པ་དང་པོའི་སྤྱི་བདེ་ཞིབ་བཤེར་ས་ཚིགས་ཀྱི་ལས་བྱེད་ཉེན་རྟོག་པ་ཚང་མའི་སེམས་ནང་རྡོ་ལ་རི་མོ་བརྐོས་པ་ལྟར་ཉར་ཡོད།

    2020ལོའི་ཟླ་6ཚེས་17ཉིན་ལོ་41ལ་སླེབས་པའི་ཀའོ་ཝུའེ་ཏུང་གློ་བུར་དུ་སྙིང་ནད་ལངས་ནས་སྤྱི་བདེའི་བྱ་གཞག་དང་། གཉེན་ཉེ། འཐབ་གྲོགས་བཅས་དང་གཏན་དུ་གྱེས། རུ་ཐོག་རྫོང་རྒྱལ་སྲུང་རུ་ཆེན་གྱི་རུ་དཔོན་རིམ་པ་དང་པོའི་ཉེན་རྟོག་དཔོན་གྱི་ངོས་ནས་ཆུ་མིག་མཚོ་ནི་ཁོང་གིས་ཐོག་མཐའ་བར་གསུམ་དུ་དམག་འཐབ་བྱེད་པའི་འཐབ་ས་མདུན་མ་དེ་རེད།

    ལོ་39ལ་སླེབས་པའི་ལིན་ཅང་ཕིང་ནི་དེ་སྔ་མཚོ་ཆེན་རྫོང་ཨུད་ཀྱི་རྒྱུན་ཨུ་དང་། སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་དང་སྤྱི་བདེ་ཅུས་ཀྱི་ཅུས་ཀྲང་གཅིག་ལྕོགས་ཡིན་པ་དང་། དེ་སྔ་ཆུ་མིག་མཚོའི་རིམ་པ་དང་པོའི་སྤྱི་བདེ་ཞིབ་བཤེར་ས་ཚིགས་ཀྱི་ཀྲན་ཀྲང་གི་འགན་འཁུར་མྱོང་ཡོད། “བློ་བདེ་པོ་བགྱིས། ང་ཡོད་ན་སྣང་དག་ཡོག་མ་རེད”ཅེས་པ་ནི་ཁོང་གི་ཁ་རྒྱུན་རེད། 2020ལོའི་ཟླ་12ཚེས་17ཉིན་ཉེན་རྟོག་པ་བྱས་ནས་ལོ་20སོང་བའི་ལིན་ཅང་ཕིང་གློ་བུར་དུ་ས་མཐོའི་རང་བཞིན་གྱི་ཀླད་པར་ཆུ་བསགས་ནས་ལས་གནས་ཐོག་འགྱེལ།

    ཁོང་འཇིག་རྟེན་འདི་ནས་བྲལ་རུང་ཁོང་གི་སྙིང་སྟོབས་ནམ་ཡང་གནས།

    ལྷག་པ་ཕུན་ཚོགས་ཀྱི་ཉལ་ཁྲིའི་ཐོག་གི་ཕོ་ཁེབས་དེ་ཁོང་ཚོ་བཞུགས་སྐབས་ལྟར་གྲལ་འགྲིག་པོས་ལྟེབ་རྩེགས་བརྒྱབ་ཡོད་པ་དང་ཐལ་རྡུལ་འབབ་ཚེ་འཐབ་གྲོགས་ཚོས་དུས་ཐོག་ཏུ་རྡབ་རྡབ་གཏོང་གི་ཡོད། ལྷག་པ་ཕུན་ཚོགས་འཇིག་རྟེན་འདི་ནས་ཁ་འབྲལ་ཡང་ཁོང་ཚོའི་སེམས་སུ་རང་ཉིད་དང་མཉམ་དུ་ཡོད་པའི་སྣང་བ་ཞིག་རྟག་ཏུ་འཆར་གྱི་ཡོད།

    2020ལོའི་ཟླ་10ཚེས་8ཉིན། ཕྱི་དྲོའི་ཆུ་ཚོད་3པ་ཙམ་ལ་རྐང་འཁོར་བཞོན་པའི་འགྲུལ་པ་ཞིག་ཞིབ་བཤེར་ས་ཚིགས་སུ་ཡོང་ནས་རང་ཉིད་ཀྱི་ལག་ཁྱེར་དང་གུར་ཚང་མ་ལྷགས་པ་ཆེན་པོ་བརྒྱབ་ནས་ཆུ་མིག་མཚོའི་ནང་འཁྱེར་སོང་ཞེས་ཞུས།

    “ང་ལོ་ཆུང་བ་ཡོད་པས་ངས་ཕྱིན་ཆོག”ཅེས་ལྷག་པ་ཕུན་ཚོགས་ཀྱིས་མ་སྐུལ་དང་བླངས་ཀྱིས་གྱོན་པ་ཕུད་དེ་སྐེད་པར་ཐག་པ་བཏགས་ནས་སྒོ་གླེགས་ཁོག་སྟོང་ཞིག་གི་སྟེང་དུ་མཆོངས་པ་དང་ལྕགས་མདོང་རིང་པོ་ཞིག་འཁྱེར་ནས་ནུས་ཤུགས་ཡོད་རྒུས་གུར་གྱི་ཕྱོགས་སུ་བསྐྱོད།

    གུར་དང་ཐག་ཉེ་པོ་བཅར་སྐབས་ལྷག་པ་ཕུན་ཚོགས་ཀྱིས་ཚོད་ལྟ་ཐེངས་ཁ་ཤས་བྱས་ཀྱང་གུར་ལེན་མ་ཐུབ། ཆུའི་ནང་གུར་འབོངས་བས་ཧ་ཅང་ལྕི་བ་དང་། ཁོང་གིས་ལྕགས་མདོང་བཞག་སྟེ་ལག་པ་གཉིས་ཀྱིས་གུར་ལེན་རྩིས་བྱས།

    སྐབས་དེ་དུས་ལྷགས་པ་ཆེན་པོ་བརྒྱབ་ནས་ལྷག་པ་ཕུན་ཚོགས་ཀྱི་སྐེད་པར་བཏགས་པའི་ཐག་པ་གློ་བུར་དུ་གྲོལ་ཏེ་ཆུའི་ནང་དུ་ལྷུངས། སྒོ་ལེབ་ཚོད་འཛིན་མ་ཐུབ་པར་མཚེའུ་ཡི་ལྟེ་བར་གཡེང་།

    མཚོ་འགྲམ་གྱི་ལས་གྲོགས་ཚོས་གནས་ཚུལ་དེ་མཐོང་མ་ཐག་སྐད་ཤུགས་ཆེན་པོས“མགྱོགས་པོ་ཚུར་ཤོག ཉེན་ཁ་ཆེན་པོ་འདུག”ཅེས་འབོད།

    འོན་ཀྱང་བྱ་ལོང་བྱེད་ལོང་མ་བྱུང་བར། སྒོ་གླེགས་ནི་རླུང་གི་དེད་ཕྱོགས་དང་བསྟུན་ནས་ཐག་ཇེ་རིང་དུ་སོང་མཐར་རྦ་རླབས་ཁྲོད་ནས་གར་སོང་ཆ་མེད་དུ་གྱུར།

    དེ་རྗེས་ཀྱི་ཟླ་གཅིག་ལྷག་ཙམ་ནང་འཐབ་གྲོགས་ཚོས་ཉིན་ལྟར་མཚོ་འགྲམ་དུ་འཚོལ་སྐྱོབ་བྱས་ཏེ། ལྷག་པ་ཕུན་ཚོགས་གློ་བུར་དུ་ཁོང་ཚོའི་མིག་ལམ་དུ་འཆར་རྒྱུའི་རེ་བ་ཆེན་པོ་བྱས།

    འོན་ཀྱང་ཁོང་ཚོའི་རེ་བ་དེ་མངོན་འགྱུར་བྱུང་མེད།

    ལྷག་པ་ཕུན་ཚོགས་དེ་ལྟར་གྲོངས་པ་དང་སྐབས་དེ་དུས་ཁོང་ལོ་ན་23རེད།

    “བུ་གློ་བུར་དུ་གྲོངས་པས་སྐད་ཆ་ཚིག་གཅིག་ཀྱང་ཤོད་རྒྱུ་མ་བྱུང་། ཁོང་ནི་ཉེན་རྟོག་པ་དང་མི་གཞན་གྱི་ཆེད་དུ་ཚེ་སྲོག་ཤོར་བ་རེད། ཁོང་ནི་ནམ་ཡང་ངའི་སྤོབས་པ་ཡིན”ཞེས་མགྲིན་པ་བརྣངས་བཞིན་དཔའ་བོ་ཁོང་གི་སྐྱེད་མས་མི་དམངས་ཉེན་རྟོག་པའི་སྤྱིར་བཏང་དང་རླབས་ཆེན་ལ་འགྲེལ་བཤད་བརྒྱབ།

    ལེགས་སྐྱེས་ཕུལ་ནས་སླར་ཡང་བྱས་རྗེས་གསར་པ་བཏོད།

    “གུར་ཞིབ་བཤེར་ས་ཚིགས”ནས“སྟབས་བདེའི་ཁང་པའི་ཞིབ་བཤེར་ས་ཚིགས”རབས་གཉིས་པ་དང་། “ཨར་འདམ་ཁང་པའི་ཞིབ་བཤེར་ས་ཚིགས”རབས་གསུམ་པ་བར་བཅས་དང་། དེ་ནས་བསྐྲུན་ཟིན་པ་དང་སྤྱོད་ཉེར་ཡོད་པའི“ཐོག་བརྩེགས་ཁང་པའི་ཞིབ་བཤེར་ས་ཚིགས”བཅས་བར། ས་ཚིགས་བཙུགས་ནས་ལོ་8སོང་རིང་ཏང་དང་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་ཆུ་མིག་མཚོ་ཡི་རིམ་པ་དང་པོའི་སྤྱི་བདེ་ཞིབ་བཤེར་ས་ཚིགས་ལ་ཐུགས་ཁུར་དང་བྱམས་སྐྱོང་གནང་ཡོད།

    རྒྱལ་སྲིད་སྤྱི་ཁྱབ་ཁང་གི“རྒྱལ་ཡོངས་སྤྱི་བདེའི་དཔེ་བཟང་ཞིབ་བཤེར་ས་ཚིགས”དང་། “རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་གྱི་དཔེ་བཟང་མཉམ་སྡེབ”ཀྲུང་ཧྭ་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ཀྱི“ལྔ་གཅིག་ངལ་རྩོལ་གཟེངས་བསྟོད་ལག་ཁྱེར” གུང་གཞོན་སྡེ་ཚོགས་ཀྲུང་དབྱང་དང་རྒྱལ་ཡོངས་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་ཀྱི“ཀྲུང་གོའི་གཞོན་ནུའི་ལྔ་བཞིའི་གཟེངས་རྟགས་མཉམ་སྡེབ”བོད་རང་སྐྱོང་ལྗོངས་ཀྱི“ལྗོངས་ཡོངས་ཀྱི་སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་གི་སྔོན་ཐོན་མཉམ་སྡེབ” “ལྗོངས་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་མཉམ་སྡེབ”སོགས་ཀྱི་གཟི་བརྗིད་མཚན་སྙན་ནི་ཏང་དང་སྲིད་གཞུང་གིས་ཆུ་མིག་མཚོའི་རིམ་པ་དང་པོའི་ཞིབ་བཤེར་ས་ཚིགས་ལ་གནང་བའི་གཟི་བརྗིད་མཚན་སྙན་རེད།

    འདི་ལོ་ཆུ་མིག་མཚོའི་རིམ་པ་དང་པོའི་སྤྱི་བདེ་ཞིབ་བཤེར་ས་ཚིགས་ཀྱིས་སྔ་རྗེས་སུ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་བདེ་པུའུ་དང་རང་སྐྱོང་ལྗོངས་ཀྱི་མཉམ་སྡེབ་ཀྱི་བྱས་རྗེས་རིམ་པ་དང་པོ་བཞག་ཡོད།

    བློས་གཏོང་ཕོད་མཁན་ནི་ཆེས་གཅེས་པར་འོས་པའི་མི་ཞིག་ཡིན།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།