དབུ་ཤོག>ཆེད་སྒྲིག
  • སེམས་དང་ལག་གདང་སྦྲེལ་ནས་གངས་ལྗོངས་ས་མཐོའི་ཀྲུང་གོའི་ཕུགས་འདུན་མཉམ་དུ་བཏོད།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2021-08-21

    961522_yis_1629475200000_s.jpg

    ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཉིང་ཁྲི་གྲོང་རྡལ་ཀ་ལ་གྲོང་ཚོ་ཡིན་པ། ( ཟླ་7ཚེས་21ཉིན་པར་བླངས)

    961524_yis_1629475200000_s.jpg

    ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་སུ་བོད་རིགས་ལས་རོགས་ཚོས་པེ་ཅིང་སློབ་ཆེན་སྐྲན་ནད་སྨན་ཁང་གི་བོད་སྐྱོར་སྨན་པ་ཡོན་ཚན(མིག་ཤེལ་བཏགས་པ)ལ་སྐྱེལ་མ་བྱེད་བཞིན་པ།

    961520_yis_1629475200000_s.jpg

    ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་ཡུལ་སྨད་ཤང་གི་གྲོང་མིས་དྲོད་ཁང་ནང་བཏོགས་པའི་ཧོང་ཀྭ་སྟོན་བཞིན་པ། ཧོང་ཀྭ་དེ་དག་མཉམ་ལས་ཁང་བརྒྱུད་ས་གནས་ཁག་ཏུ་འཚོང་གི་ཡོད། (2020ལོའི་ཟླ་7ཚེས་30ཉིན་པར་བླངས)

    བགྲང་བྱ་23ལྷག་ཙམ་གྱི་བརྩེ་སེམས་ཟབ་མོ། ——

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གངས་ལྗོངས་ས་མཐོར་ཐུགས་ཁུར་དང་གཟིགས་སྐྱོང་ཆེན་པོ་དང་མི་དམངས་ལ་བརྩེ་སེམས་ཟབ་མོ་བཅངས་གནང་བས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་གུས་བཀུར་ཆེན་པོ་ཐོབ་པ།

    ཕོ་བྲང་པོ་ཏ་ལའི་ཐང་ཆེན་ནི་གངས་ལྗོངས་ས་མཐོའི་འཕོ་འགྱུར་ཆེ་བའི་ལོ་རྒྱུས་ཀྱི་དཔང་པོ་དང་། བོད་ཀྱི་དྲ་ཐོག་མིང་ཅན་ཁུལ་ཡིན།

    འདི་ལོ་བོད་དུ་རྟོག་ཞིབ་གནང་རིང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཆེད་མངགས་འདི་གར་ཕེབས་ནས་མི་རིགས་ཁག་གི་མང་ཚོགས་དང་མཇལ་འཕྲད་གནང་སྟེ། ཁོང་ཚོར“བཀྲ་ཤིས་བདེ་ལེགས”ཞུས།

    “བོད་ལྗོངས་ས་བབ་མཐོ་ཡང་སྤྱི་ཁྱབ་ཧྲུའུ་ཅི་སྐུ་ངོ་མ་བོད་དུ་ཕེབས་པ་དེ་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གིས་ང་ཚོར་དམིགས་བསལ་གྱི་ཐུགས་ཁུར་དང་བྱམས་སྐྱོང་གནང་ལུགས་གང་ལེགས་མཚོན་ཡོད”ཕོ་བྲང་པོ་ཏ་ལའི་ཐང་ཆེན་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཇལ་བའི་རྣམ་པ་ཡིད་ལ་འཆར་སྐབས་ལོ་57ལ་སླེབས་པའི་ལྷ་སའི་གྲོང་མི་སྤེན་པ་དབང་རྒྱལ་གྱིས་སེམས་འགུལ་ཚད་མེད་ཐེབས་བཞིན་དེ་ལྟར་བརྗོད།

    གངས་ལྗོངས་ས་མཐོར་ཐེངས་གསུམ་པ་ཕེབས་སྐབས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ས་ཆ་མང་པོར་གཟིགས་གང་ཐུབ་གནང་བ་དང་། ས་གནས་དེ་གའི་ལས་བྱེད་པ་དང་མང་ཚོགས་དབར་འབྲེལ་འདྲིས་གང་མང་གནང་ཡོད།

    ཉལ་ཁང་དང་། ཐབ་ཚང་། མཛོད་ཁང་། གསང་སྤྱོད་ལ་སོགས་མང་ཚོགས་ཀྱི་འཚོ་བའི་ཕྱོགས་གང་ས་ཅི་ཐད་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཞིབ་ཕྲ་གཟིགས་པ་དང་། བཀའ་འདྲི་ཞིབ་ཕྲ་གནང་བ། བཀའ་མངགས་ནན་པོ་གནང་བ་བཅས་ལས་ས་མཐོའི་མི་དམངས་ལ་ཐུགས་ཁུར་གཟབ་བཞེས་གནང་ལུགས་མཚོན་གྱི་ཡོད།

    གངས་ལྗོངས་ས་མཐོར་བརྩེ་སེམས་བཅངས། འདི་གར་འཚོ་བ་སྐྱེལ་བཞིན་པའི་མི་རིགས་ཁག་གི་བུ་ཕྲུག་རྣམས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐུགས་ལ་འཆང་བཞིན་ཐུགས་ཁུར་གཟབ་བཞེས་གནང་བས་འདི་གའི་མི་དམངས་ཀྱི་སེམས་ལ་དྲོ་སྐྱིད་ཆེན་པོ་ཚོར།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་བདེ་ཐང་ལ་ཐུགས་ཁུར་གཟབ་བཞེས་གནང་བས་མི་རྣམས་ལ་སེམས་འགུལ་ཆེན་པོ་ཐེབས —

    2018ལོའི་ཟླ་2ཚེས་12ཉིན་གནད་སྨིན་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ཡག་པོ་རྒྱག་པའི་བཞུགས་མོལ་ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ཀྱི་འབྲེལ་ཡོད་ས་ཁུལ་གྱི་འགན་འཁུར་བློ་མཐུན་ལ་བྱམས་བརྩེའི་སྒོ་ནས“ད་ཆ་གྲུམ་བུ་ཚིགས་ཆེན་གྱི་ནད་ཕོག་མཁན་ག་ཚོད་འདུག་གམ”ཞེས་བཀའ་འདྲི་གནང་།

    དེ་སྔ་བོད་ནི་གྲུམ་བུ་ཚིགས་ཆེན་གྱི་ནད་ཕོག་ཚབས་ཆེ་བའི་ཁུལ་ཡིན་པ་དང་། ཐག་རིང་ལུང་ཁུག་ས་ཁུལ་དུ་གནས་པའི་མི་སེར་ཚོར་ནད་ཀྱི་སྡུག་བསྔལ་ཚད་མེད་མྱངས་དགོས་ཀྱི་ཡོད། ནད་ཡམས་མཐར་སྐྲོད་གཏོང་ཆེད་ཉེ་བའི་ལོ་ཤས་རིང་བོད་ཀྱིས་གྲུམ་བུ་ཚིགས་ཆེན་ནད་འགོག་བཅོས་ལས་དོན་ཤུགས་ཆེན་སྤེལ་ནས། སེ་རྒྱུ་གསབ་པ་དང་། འབྲུ་རིགས་བརྗེ་བ། གནས་སྤོ་སོགས་ཕྱོགས་བསྡུས་བྱེད་ཐབས་སྤྱད་པས། གྲུམ་བུ་ཚིགས་ཆེན་གྱི་ནད་འགོག་བཅོས་ནུས་ལྡན་ཐུབ་ཡོད།

    གྲུམ་བུ་ཚིགས་ཆེན་གྱི་ནད་ཙམ་མ་ཟད། ཉེ་བའི་ལོ་ཤས་རིང་ཐུམ་འབུའི་ནད་དང་། ལྷན་སྐྱེས་སྙིང་ནད། སྐྱ་འགྲིབ་སོགས་བོད་ཀྱི་མི་སེར་ལ་མནར་གཅོད་གཏོང་མཁན་གྱི་ནད་གཞི་འགོག་བཅོས་ནུས་ལྡན་ཐུབ་སྟེ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་སྤྱི་ཚོགས་འགན་སྲུང་མ་ལག་གཞི་རྩའི་ཆ་ནས་བསྐྲུན་ཡོད། སྨན་བཅོས་ཤེས་ལྡན་མི་སྣའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ལས་དོན་གཏིང་ཟབ་སྤེལ་བ་དང་། ཤང་ཚང་མར་འཕྲོད་བསྟེན་ཁང་ཡོད་པ་དང་གྲོང་ཚོ་ཚང་མར་སྨན་བཅོས་ཁང་ཡོད་པ། མི་རེའི་ཆ་སྙོམས་སྔོན་དཔག་ཚེ་ཚད་ལོ་71.1བར་མཐོ་རུ་ཕྱིན་ཡོད།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ཀྱི་སློབ་གསོ་དང་རིག་གནས་བྱ་གཞག་ལ་ཐུགས་ཁུར་གཟབ་བཞེས་གནང་བ་མི་སེམས་ལ་སྐུལ་མ་ཐེབས་པ་ཞིག་ཡོད—

    “སློབ་གྲོགས་ཚོས་ཕུགས་བསམ་འཆང་བཞིན་མེས་རྒྱལ་ལ་དྲིན་ལན་འཇལ་ཏེ་མི་རིགས་མཐུན་སྒྲིལ་ཟབ་ཏུ་གཏོང་བ་དང་རྒྱལ་ཁབ་གཅིག་གྱུར་སྲུང་སྐྱོང་ལ་རང་ཉིད་ཀྱི་ལེགས་སྐྱེས་འབུལ་རྒྱུའི་རེ་བ་ཡོད”2011ལོའི་ཟླ་བདུན་པར་བློ་མཐུན་ཞི་ཅིན་ཕིང་སྐུ་ངོ་མ་བོད་ལྗོངས་སློབ་ཆེན་གྱི་དགེ་སློབ་ཚོར་བྱམས་བརྩེའི་ངང་གཟིགས་པར་ཕེབས་ཏེ། སློབ་གྲོགས་ཚོར་བོད་ལྗོངས་ལ་རྩ་བ་བརྟན་པོ་ཚུགས་ནས་ཞིང་འབྲོག་ཁུལ་དང་། མེས་རྒྱལ་དང་བོད་ཀྱི་དགོས་མཁོ་ཆེ་ཤོས་ཀྱི་སར་བསྐྱོད་དེ། བློ་སྟོབས་ཆེར་སྐྱེད་ཀྱིས་འཇོན་ཐང་ཆེ་རུ་གཏོང་བ་དང་ལས་རྗེས་བཏོད་ནས་མེས་རྒྱལ་ལ་དྲིན་ལན་འཇལ་དགོས་པའི་སྐུལ་ལྕག་གནང་ཡོད། 

    དེ་རྗེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལྗོངས་མི་རིགས་སློབ་ཆེན་བཙུགས་ནས་ལོ་ངོ་60འཁོར་བར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ་དང་། རྒྱལ་སའི་ལྕགས་དང་ངར་ལྕགས་སྨན་ཁང་དུ་དངོས་སྦྱོང་བྱེད་མཁན་གྱི་བོད་ལྗོངས་སློབ་ཆེན་གསོ་རིག་སློབ་གླིང་གི་སློབ་མར་འཕྲིན་ལན་སྤྲིངས་པ་སོགས་ཀྱི་བྱེད་ཐབས་སྣ་ཚོགས་བརྒྱུད། བོད་ཀྱི་སློབ་གསོའི་བྱ་གཞག་འཕེལ་རྒྱས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ཐུགས་ཁུར་གནང་ཡོད། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ཀྱི་ཕུགས་ཕན་གྱི་འཕེལ་རྒྱས་ལ་དམིགས་ཏེ། “རང་བྱུང་དང་། བཟོ་སྐྲུན། ཞིང་ལས། གསོ་རིག་སོགས་ལ་དགོས་མཁོ་ཆེ་བའི་ཤེས་ལྡན་མི་སྣ་དེ་བས་མང་བ་གསོ་སྐྱོང་བྱེད་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་འབྱུང་འགྱུར་ཁྲོམ་རའི་དགོས་མཁོར་དམིགས་ཏེ་ལས་རིགས་སློབ་གསོ་ཡག་པོ་གཉེར་བ། ཚན་རིག་དང་མཐུན་པའི་སྒོ་ནས་རིག་ཚན་བཀོད་སྒྲིག རིམ་པ་དང་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ནས་ཆེད་ལས་རྩལ་ནུས་རྣམ་པའི་ཉེར་སྤྱོད་ཤེས་ལྡན་མི་སྣ་དེ་བས་མང་བ་གསོ་སྐྱོང་བྱེད་དགོས་པའི”ནན་བཤད་གནང་ཡོད།

    བོད་ནི་ཀྲུང་ཧྭ་མི་རིགས་ཀྱི་ཁྱད་ལྡན་རིག་གནས་སྲུང་སྐྱོང་ཁུལ་གལ་ཆེན་ཞིག་རེད། ད་ཐེངས་བོད་དུ་རྟོག་ཞིབ་གནང་རིང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཞབས་ཐང་མར་བར་སྐོར་ཁྲོམ་གཞུང་དུ་རྟོག་ཞིབ་དང་། ཁྱད་ལྡན་ཚོང་ཁང་དུ་གཟིགས་པ། ཡུལ་སྐོར་རིག་གཏོད་ཐོན་ལས་ཀྱི་འཕེལ་རྒྱས་དང་བོད་ཀྱི་རིག་གནས་རྒྱུན་འཛིན་དང་སྲུང་སྐྱོང་སོགས་ཀྱི་གནས་ཚུལ་བཀའ་འདྲི། ཕོ་བྲང་པོ་ཏ་ལའི་སྲུང་སྐྱོང་དང་དོ་དམ་ལས་དོན་ལ་ཐུགས་ཁུར། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོ་དང་མཉམ་དུ་མི་རིགས་རིག་རྩལ་འཁྲབ་སྟོན་ལ་གཟིགས་པ་བཅས་གནང་བ་དང་ཆབས་ཅིག བོད་ཀྱི་རིག་གནས་སྲུང་སྐྱོང་ལས་དོན་ལ་ཞིབ་ཕྲའི་བླང་བྱ་བཏོན་གནང་ཡོད།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བྱམས་བརྩེའི་ཐུགས་ཁུར་འོག་བོད་ཀྱི་སློབ་གསོ་དང་རིག་གནས་བྱ་གཞག་ཕྱོགས་ཡོངས་ནས་འཕེལ་རྒྱས་བྱུང་ཞིང་། སློབ་ཞུགས་གོང་གི་སློབ་གསོ་དང་། རྨང་གཞིའི་སློབ་གསོ། ལས་རིགས་སློབ་གསོ། མཐོ་རིམ་སློབ་གསོ། རྒྱུན་མཐུད་སློབ་གསོ། དམིགས་བསལ་སློབ་གསོ་བཅས་ཚུད་པའི་དེང་རབས་སློབ་གསོའི་མ་ལག་གྲུབ་ཡོད། མིག་སྔར་རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭ་3195ཡོད་པ་དང་། སློབ་གྲྭར་འགྲོ་མུས་ཀྱི་སློབ་མ་ཁྲི་89ཙམ་ཟིན་པ། འོས་འགན་སློབ་གསོ་སྲ་བརྟན་ཐུབ་ཚད་95.03%ཟིན་པ། གསར་ཐོན་ངལ་རྩོལ་པ་མི་རེའི་ཆ་སྙོམས་སློབ་གསོ་ཐོབ་ཚད་ལོ་13.1བར་མཐོ་རུ་སོང་ཡོད། བོད་ཀྱི་སྲོལ་རྒྱུན་རིག་གནས་དང་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་ལས་དུས་རབས་ཀྱི་གསོན་ཤུགས་རྒྱུན་ཆད་མེད་པར་མངོན་ཞིང་། ལྷ་མོ་དང་། གླིང་སྒྲུང་། བོད་ལུགས་གསོ་རིག་གི་ལུམས་བཅོས་བཅས་མཉམ་འབྲེལ་རྒྱལ་ཚོགས་ཚན་སློབ་རིག་གསུམ་རྩ་འཛུགས་ཀྱི་མིའི་རིགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་དཔེ་མཚོན་བརྩམས་ཆོས་ཀྱི་མིང་གཞུང་ནང་ཚུད་ཡོད།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ཀྱི་ལས་བྱེད་པར་གཟིགས་སྐྱོང་བླ་ལྷག་གནང་བས་མི་སེམས་ལ་དྲོ་སྐྱིད་སྦྱིན་ཡོད།

    ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་དང་བདུན་པའི་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ཀྱི་ལས་བྱེད་པའི་འཚོ་བར་ཐུགས་ཁུར་ཆེན་པོ་གནང་ཞིང་། ད་ཐེངས་བོད་དུ་རྟོག་ཞིབ་གནང་རིང་ཡང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལས་བྱེད་པ་དང་ལས་བཟོའི་བདེ་ཐང་འགན་སྲུང་ལས་དོན་ཐད་མཐོང་ཆེན་གནང་ནས་ཁོང་ཚོའི་སེམས་ཁྲལ་སེལ་དགོས་པའི་བཀའ་མངགས་ནན་པོ་གནང་ཡོད།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐུགས་ཁུར་དང་སྐུལ་ལྕག་འོག་བོད་ཀྱི་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པ་ཚོས་གསོ་རླུང་མི་འདང་ཡང་སྙིང་སྟོབས་མི་ཉམས་པ་དང་། དཀའ་ཚེགས་ཆེ་ཡང་དཀའ་སྡུག་ལ་མི་སྐྲག་པ། ས་བབ་མཐོ་ན་བསམ་པའི་གོ་རྟོགས་དེ་བས་མཐོ་བ་བཅས་བྱས་ནས་བོད་ཀྱི་དར་རྒྱས་གོང་འཕེལ་ཆེད་དཀའ་སྤྱད་འབད་འཐབ་བྱེད་བཞིན་མཆིས།

    “གསོ་རླུང་དཀོན་ཡང་སྙིང་སྟོབས་མི་ཉམས་པ་ཞེས་པའི་སྙིང་སྟོབས་ནི་གསར་བརྗེའི་ཕུགས་འདུན་གང་ལས་ཀྱང་མཐོ་བ་དེ་ཡོད”བོད་ཀྱི་འཕེལ་རྒྱས་ཆེད་རྒྱལ་ཡོངས་ཀྱི་ས་གནས་ཁག་དང་ལས་རིགས་ཁག་ནས་ཡོང་བའི་བོད་སྐྱོར་ལས་བྱེད་པ་ཁག་མང་པོས“བོད་སྐྱོད་པ་རྒན་གྲས”ཀྱི་སྙིང་སྟོབས་རྒྱུན་འཛིན་གྱིས་སྔ་འཛིན་ཕྱི་མཐུད་ཀྱི་སྒོ་ནས་གངས་ལྗོངས་ས་མཐོར་བསྐྱོད་དེ་འབད་འབུངས་ཡར་བརྩོན་བྱེད་པའི་བོད་སྐྱོར་སྙིང་སྟོབས་ཀྱི་བསྟོད་གླུ་བརྩམས་ནས་གངས་ལྗོངས་ས་མཐོར་དུས་རབས་གསར་པའི་གཟི་བརྗིད་ཟམ་མི་ཆད་པར་རྒྱས་པ་ས་མཐོའི་མི་དམངས་ཚོས་ནམ་ཡང་བརྗེད་མི་སྲིད།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ཀྱི་ཆོས་ལུགས་ལས་དོན་ལ་ཐུགས་ཁུར་གནང་ནས་ཆོས་ལུགས་འཆམ་མཐུན་ལ་སྐུལ་འདེད་བཏང་གནང་བ་རེད།

    ལྷ་སའི་ནུབ་འདབས་ཀྱི་དགེ་འཕེལ་དབུ་རྩེའི་ལྷོ་ངོས་སུ་གནས་པའི་འབྲས་སྤུངས་དགོན་ནི་བོད་བརྒྱུད་ནང་བསྟན་གྱི་དགོན་སྡེ་གྲགས་ཅན་ཞིག་རེད། ཟླ་7ཚེས་22ཉིན་གྱི་ཕྱི་དྲོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཚོགས་ཆེན་གྱི་ཐང་ཆེན་དུ་ཕེབས་སྐབས་དུང་དང་རྒྱ་གླིང་གི་སྒྲ་ལྷང་ལྷང་དུ་གྲགས་ཡོད།

    དགོན་སྡེའི་ནང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཏེ། “ཆོས་ལུགས་འཕེལ་རྒྱས་ཀྱི་ཆོས་ཉིད་ནི‘ཞི་མཐུན’ལ་ཐུག་ཡོད། ཆོས་ལུགས་གང་ཞིག་ཡིན་རུང་དེ་ཡུན་གནས་དང་འཕེལ་རྒྱས་ཡོང་དགོས་ན་ངེས་པར་དུ་གནས་སའི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་བྱེད་དགོས། དེ་ནི་འཛམ་གླིང་ཆོས་ལུགས་འཕེལ་རྒྱས་དང་ཁྱབ་སྤེལ་གྱི་ཡོངས་ཁྱབ་ཆོས་ཉིད་ཅིག་རེད། བོད་བརྒྱུད་ནང་བསྟན་འཕེལ་རྒྱས་གཏོང་སྐབས་མི་དམངས་ཀྱི་འཚོ་བ་ལེགས་སུ་གཏོང་བར་ཕན་པ་དང་སྤྱི་ཚོགས་བརྟན་ལྷིང་ལ་ཕན་དགོས་ཤིང་། བསྟན་དོན་ལམ་ལྷོངས་དང་། སྤྱི་ཚོགས་ཞི་མཐུན། མི་རིགས་འཆམ་མཐུན་བཅས་ཡོང་བར་བྱེད་དགོས། བོད་བརྒྱུད་ནང་བསྟན་ཡང་དག་པའི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུའི་རེ་བ་ཡོད་ལ། འགྲོ་ལམ་དེ་ཇི་ཙམ་བསྐྱོད་པ་དེ་ཙམ་གྱིས་ཡངས་སུ་དང་ཇི་ཙམ་བསྐྱོད་པ་དེ་ཙམ་གྱིས་ཡག་ཏུ་འགྲོ་རྒྱུ་ཡིན་པ་ང་ལ་ཡིད་ཆེས་ཡོད”ཅེས་པར་དགེ་འདུན་པ་ཡོངས་ཀྱིས་བློ་རྩེ་གཅིག་སྒྲིམ་གྱི་ཉན་པ་རེད།

    འབྲས་སྤུངས་དགོན་དོ་དམ་ཨུ་ལྷན་གྱི་རྒྱུན་ལས་ཀྲུའུ་རེན་གཞོན་པ་འཇམ་དཔལ་ལྷ་བཟང་གིས་འབྲས་སྤུངས་དགོན་ཕྱག་བཏབ་ནས་ལོ་605སོང་རིང་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་མཐོ་ཤོས་འདི་གར་རྟོག་ཞིབ་གནང་བར་ཕེབས་ཐེངས་དང་པོ་རེད། དེ་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་འབྲས་སྤུངས་དགོན་ལ་ཐུགས་ཁུར་དང་བོད་བརྒྱུད་ནང་བསྟན་ལ་ཐུགས་ཁུར་གནང་བ་གང་ལེགས་མཚོན་ཐུབ་ཅེས་སེམས་འགུལ་ཆེན་པོས་བརྗོད།

    ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་འཚམ་མཐུན་ཡོང་བར་སྐུལ་འདེད་གཏོང་རྒྱུ་ནི་བོད་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བའི་གཙོ་གནད་ཅིག་ཡིན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སེམས་ཁུར་ཧ་ཅང་ཆེན་པོ་གནང་བའི་ལས་དོན་ཞིག་ཀྱང་རེད།

    2015ལོའི་ཟླ་6ཚེས་10ཉིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་ནན་ཧའེ་རུ་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོའི་མཇལ་ཁ་དང་ལེན་གནང་སྐབས། པཎ་ཆེན་ལ་བསྟན་དོན་དགོངས་འགྲེལ་ཧུར་ཐག་གནང་སྟེ་བོད་བརྒྱུད་ནང་བསྟན་གྱི་བསྟན་དོན་ཁྲོད་ཀྱི་སྡིག་སྤོངས་དགེ་སྒྲུབ་དང་། འདྲ་མཉམ་བཟོད་སྒོམ། དབུལ་སྐྱོར་རྒུད་སྐྱོབ་སོགས་ཀྱི་དགེ་མཚན་ལྡན་པའི་བསམ་བློ་དར་སྤེལ་ཧུར་ཐག་གཏོང་རྒྱུའི་རེ་བ་བཏོན་གནང་བ་རེད། 2016ལོའི་ཟླ་4ཚེས་22དང་23ཉིན་འཚོགས་པའི་རྒྱལ་ཡོངས་ཆོས་ལུགས་ལས་དོན་གྱི་ཚོགས་འདུའི་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན་དང་འདུལ་ཁྲིམས་ཁྲོད་སྤྱི་ཚོགས་ཞི་མཐུན་དང་། དུས་རབས་ཡར་ཐོན། སྐྱོན་བྲལ་ཡ་རབས་བཅས་ལ་ཕན་པའི་ནང་དོན་སྔོག་འདོན་གཏིང་ཟབ་བྱས་ཏེ་བསྟན་དོན་དང་འདུལ་ཁྲིམས་ལ་དེང་རབས་ཀྲུང་གོའི་འཕེལ་རྒྱས་ཡར་ཐོན་གྱི་བླང་བྱ་དང་འཚམ་པ་ཞིང་། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་འཚམ་པའི་དགོངས་འགྲེལ་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐུལ་འདེད་འོག དུས་རབས་གསར་པའི་བོད་ཀྱིས་རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས་བྱས་པས། རྒྱལ་གཅེས་ཆོས་ལུགས་མི་སྣའི་ནུས་པ་འདོན་སྤེལ་གང་ལེགས་ཐུབ་པ་དང་། ཆོས་དད་རང་མོས་ཀྱི་སྲིད་ཇུས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱུང་བ། ཆོས་ལུགས་ལས་དོན་གྱི་དོ་དམ་ཚད་ལྡན་དང་གོ་རིམ་ལྡན་པ། ཆོས་ལུགས་ཁག་དང་གྲུབ་མཐའ་ཁག་ལ་བརྩི་བཀུར་དང་སྲུང་སྐྱོང་ཐུབ་པ་བཅས་བྱུང་སྟེ་ཆོས་ལུགས་ཞི་མཐུན་ལམ་ལྷོངས་བྱུང་ཡོད།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ཀྱི་མི་རིགས་མཐུན་སྒྲིལ་གྱི་ལས་དོན་ཐུགས་ལ་བཅངས་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་རྒྱུར་སྐུལ་འདེད་བཏང་གནང་བ་རེད།

    བར་སྐོར་ནི་བོད་ཀྱི་གྲགས་ཅན་གྱི་ཡུལ་སྐོར་ཚོང་ལས་ཁྲོམ་གཞུང་ཞིག་ཡིན། འདི་གར་ཚོང་ཁང་མང་ལ་ཡུལ་སྐོར་བའི་རྒྱུན་ཡང་ཆད་རྒྱུ་མེད།

    བར་སྐོར་དུ་ཕེབས་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མྱོང་ཚོར་ཟབ་མོའི་སྒོ་ནས“ལོ་ངོ་སྟོང་གི་བར་སྐོར་ནི་ང་ཚོ་མི་རིགས་ཁག་གིས་བསྐྲུན་པའི་བར་སྐོར་ཁྲོམ་གཞུང་རེད། མི་རིགས་ཁག་གི་རིག་གནས་འདི་གར་སྤེལ་རེས་དང་། འགྲོ་འོང་། མཉམ་འདྲེས་བྱུང་ཞིང་། ང་ཚོ་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་ཆེ་མོ་འདི་གར་དགའ་བདེའི་དཔལ་ལ་རོལ་ཡོད”ཅེས་གསུངས་པ་རེད།

    བར་སྐོར་ནི་བསྡུས་རིས་ཤིག་ལྟར། བོད་ཀྱི་མི་རིགས་མཐུན་སྒྲིལ་གྱི་སྤྱི་ཡོངས་མཚོན་པ་ཞིག་རེད།

    རང་རྒྱལ་གྱི་མཐའ་མཚམས་མི་རིགས་ཁུལ་ཞིག་ཡིན་པའི་བོད་དུ་བོད་རིགས་དང་། རྒྱ་རིགས། ཧུད་རིགས། ལྷོ་པ་རིགས། མོན་པ་རིགས་སོགས་མི་རིགས་40ལྷག་ཙམ་གྱིས་མཉམ་དུ་འཚོ་བ་སྐྱེལ་གྱི་ཡོད།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་རིགས་མཐུན་སྒྲིལ་གྱི་ལས་དོན་བོད་ཀྱི་ལས་དོན་གྱི་སྤྱི་ཡོངས་ཀྱི་དམིགས་བསལ་གནས་བབ་ཁྲོད་བཞག་གནང་སྟེ། “མི་རིགས་56ནི་སེ་འབྲུའི་རྡོག་པོ་ལྟར་དང་ཀྲུང་ཧྭ་མི་རིགས་ནི་སེ་འབྲུའི་གོང་བུ་ལྟར་རེད” “བོད་ཀྱི་ལས་དོན་ལ་ངེས་པར་དུ་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་བྱས་ནས་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུ་དེ་དམིགས་ས་དང་ཤུགས་རྒྱག་སར་བརྩིས་ནས་མཐའ་འཁྱོངས་”བྱེད་དགོས་པ་དང་། “བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ངེས་པར་དུ་འཕེལ་རྒྱས་ཚང་མར་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དོན་སྙིང་ལྡན་པ་མཐའ་འཁྱོངས་བྱེད་དགོས”ཞེས་ནན་བཤད་གནང་བ་རེད།

    ས་ཁུལ་གྱི་ཁྲིམས་འཛུགས་རྣམ་པའི་ཐོག་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་འཛུགས་གཏོད་བྱ་རྒྱུ་འདོན་པ་དང་་ལོ་ལྟར་གྱི་ཟླ་9པ་རང་སྐྱོང་ལྗོངས་ཀྱི“མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་བསྒྲགས་ཟླ་བར”གཏན་འཁེལ་བྱས་ཏེ་མི་རིགས་མཐུན་སྒྲིལ་གྱི་སློབ་གསོ་རིམ་ཁག་དང་རིགས་ཁག་གི་སློབ་གྲྭའི་སློབ་ཚན་ནང་བཀོད་སྒྲིག་གིས། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སྔོན་ཐོན་མཉམ་སྡེབ་དང་མི་སྒེར་ལ་གཟེངས་བསྟོད་ཤུགས་ཆེན་བྱས་ཡོད། ད་ཆ་བོད་ཀྱི་མི་རིགས་ཁག་གིས་སེ་འབྲུའི་རྡོག་ལྟར་གོང་བུ་གཅིག་ཏུ་སྒྲིལ་བ་དང་། སྤེལ་རེས་དང་། འགྲོ་འོང་། མཉམ་འདྲེས་བཅས་ཀྱི་རྣམ་པ་གསར་པ་བཏོད་ཅིང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་རྒྱུན་ཆད་མེད་པར་བརྟན་པོ་བཙུགས་ནས། ཐུན་མོང་ཐོག་དར་རྒྱས་གོང་འཕེལ་གྱི་རྫོགས་མཐའ་མེད་པའི་སྒུལ་ཤུགས་གཅིག་ཏུ་བསྒྲིལ་ཡོད།

    བོད་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་1951ལོའི་སྒོར་དུང་ཕྱུར་1.29ནས་2020ལོའི་སྒོར་དུང་ཕྱུར་1902.74བར་འཕར་བ་དང་། 2020ལོའི་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་14598ཟིན་ནས་ལོ་གོང་མ་ལས་12.7%འཕར་བ། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་41156ཟིན་ནས་ལོ་གོང་མ་ལས་10%འཕར་བ་ལ་སོགས་རེད།

    ལོ་རྒྱུས་ཀྱི་འཁོར་ལོ་རྒྱུན་ཆད་མེད་པར་མདུན་དུ་སྐྱོད་བཞིན་ཡོད་ལ། དུས་རབས་ཀྱི་གོམ་སྟབས་ཀྱང་ནམ་ཡང་སྤོ་མཚམས་འཇོག་མི་སྲིད།

    མིག་སྔར་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་བསྐྲུན་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པ་འགོ་ཚུགས་པ་དང་བོད་ཀྱི་འཕེལ་རྒྱས་དེ་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པར་གནས་ཡོད། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཀྱི་འོད་སྟོང་འཕྲོ་བའི་ཁྲིད་སྟོན་འོག གངས་ལྗོངས་ས་མཐོར་འཚོ་བ་སྐྱེལ་མཁན་མི་རིགས་ཁག་གི་མི་དམངས་ལ་འབྱུང་འགྱུར་གྱི་འཚོ་བ་དེ་བས་བདེ་སྐྱིད་དང་མཛེས་སྡུག་ལྡན་པ་དང་བོད་ཀྱི་འབྱུང་འགྱུར་དེ་བས་འོད་ཟེར་སྟོང་ལྡན་ཡིན་པའི་ཡིད་ཆེས་བརྟན་པོ་ཡོད།

    (ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཧྲེན་ཧུང་པིང་དང་། ལིན་ཧུའེ། ཀྲང་ཅིང་ཕིན། ཝང་ཆི།  )

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།