དབུ་ཤོག>ཆེད་སྒྲིག
  • དུས་བབ་བརྟན་ཞིང་ལྷིང་བ། བདེ་འཇགས་ཚོར་སྣང་ཟབ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-08-19

    རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བར་བྱེད་དགོས། བོད་ཞི་བས་བཅིངས་འགྲོལ་བཏང་ཚུན་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་རྒྱལ་ཡོངས་མི་དམངས་ཀྱི་སྒེར་སེམས་མེད་པའི་རོགས་སྐྱོར་འོག བོད་ཀྱི་མི་རིགས་ཁག་གི་བུ་ཕྲུག་གིས་བརྟན་ལྷིང་གི་རྨང་གཞི་དང་། མི་རིགས་མཐུན་སྒྲིལ། སྤྱི་ཚོགས་བཅོས་སྐྱོང་སོགས་ཀྱི་གནད་དོན་གཙོ་བོར་དམིགས་ཏེ། མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་གཟི་བརྗིད་མཉམ་གཏོད་ཀྱིས་ས་མཐོའི་ས་གཞི་ཆེན་པོར་ཞི་མཐུན་བརྟན་ལྷིང་གི་བོད་ལྗོངས་གསར་པའི་བདེ་སྐྱིད་ཀྱི་ལེའུ་ཞིག་བརྩམས།

    བརྟན་ལྷིང་གི་རྨང་གཞི་བརྟན་དུ་བཏང་བ།

    བརྟན་ལྷིང་གི་གཞི་རྩ་དམངས་ཀྱི་བློ་ཁ་ཕྱོགས་མིན་ལ་ཐུག 2011ལོའི་ཟླ་10པར་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་རང་སྐྱོང་ལྗོངས་དང་། ས་ཁུལ། རྫོང་། ཤང་བཅས་ཀྱི་རིམ་བཞི་མཉམ་དུ་བསྒུལ་ཏེ། ལོ་ལྟར་ཕུལ་བྱུང་ལས་བྱེད་པ་ཁྲི་2ལྷག་ཙམ་ལས་གྲུབ་པའི་ལས་དོན་རུ་ཁག་ལྗོངས་ཡོངས་ཀྱི་སྲིད་འཛིན་གྲོང་ཚོ(གྲོང་ལྷན)5464ལ་མངགས་ནས་མང་ཚོགས་དང་མཉམ་ཟ་མཉམ་སྡོད་དང་། མཉམ་དུ་སློབ་སྦྱོང་དང་ངལ་རྩོལ། ངོ་ཐུག་གདོང་འཕྲད་ཀྱིས་ཅི་འཕྲོས་མོལ་འཕྲོས་ཤོད་པ་དང་བསམ་འཆར་ཉན་པ། ཞིབ་རྩིས་རྒྱག་སྟངས་དང་འཕེལ་རྒྱས་དོན་གཉེར་བྱེད་སྟངས་དམར་ཁྲིད། བློ་སེམས་གཅིག་མཐུན་གྱིས་བྱ་བ་དངོས་སྒྲུབ་པ་དང་དཀའ་གནད་སེལ་བ་བཅས་ཀྱི་གཏན་འབེབས་བྱས་ནས། ལས་བྱེད་པ་གྲོང་སྡོད་ལས་དོན་ཡོངས་སུ་ཁྱབ་པར་བྱས་པ་རེད། ལོ་10ཡི་རིང་གྲོང་སྡོད་རུ་མི་ཁྲི་20ལྷག་ཙམ་གྱིས་རྒྱ་ཆེའི་གཞི་རིམ་གྱི་ལས་བྱེད་པ་དང་མང་ཚོགས་དང་སེམས་པ་གཅིག་ཏུ་བསྒྲིལ་བ་དང་ནུས་ཤུགས་གཅིག་ཏུ་བཏོན་ཏེ། མང་ཚོགས་ཀྱིས་སེམས་ཁུར་དང་ལབ་གླེང་ཆེན་པོ་བྱེད་པའི་དཀའ་གནད་དངོས་དང་གནད་དོན་འབོར་ཆེན་ཐག་གཅོད་བྱས་པ་དང་ཞིང་འབྲོག་ཁུལ་སྤྱི་ཡོངས་ཀྱི་རྣམ་པར་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་ཆེན་པོ་ཡོང་བར་སྐུལ་འདེད་བཏང་ཡོད།

    “རྨང་གཞིའི་རང་བཞིན་གྱི་ལས་དོན་གཏིང་ཟབ་དང་། ཏན་ཏིག ཞིབ་ཚགས་བཅས་ཀྱི་སྒོ་ནས་སྒྲུབ་པར། ཁྲིམས་ལྟར་བཅོས་སྐྱོང་དང་། རང་འགུལ་བཅོས་སྐྱོང་། ཕྱོགས་བསྡུས་བཅོས་སྐྱོང་། འབྱུང་རྩ་ནས་བཅོས་སྐྱོང་བཅས་ཟུང་འབྲེལ་མཐའ་འཁྱོངས་བྱེད་པ་དང་སྦྲགས། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་དམ་པོར་རྟེན་དགོས……”ཞེས་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛའ་བརྩེའི་བཀའ་མངགས་ཟབ་མོ་དུས་དང་རྣམ་པ་ཀུན་ཏུ་གྲོང་སྡོད་ལས་དོན་རུ་ཁག་གི་རུ་མི་ཚང་མའི་སེམས་ལ་བརྟན་པོར་ངེས་ཡོད། དུས་དེ་ནས་བཟུང་གངས་རིའི་ཁྲོད་དང་། རྩྭ་ཐང་གི་མཐའ། ཞིང་ཁྱིམ་སྒོ་ར། འབྲོག་རའི་སྦྲ་གུར་སོགས་གང་སར་གྲོང་སྡོད་ལས་བྱེད་པས་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུས་པའི་རྐང་རྗེས་བཞག་ཡོད།

    དོ་དམ་བྱེད་སྟངས་གསར་གཏོད་བྱས་པ།

    སྤྱི་ཚོགས་བཅོས་སྐྱོང་མ་ལག་གསར་གཏོད་དང་སྤྱི་ཚོགས་བཅོས་སྐྱོང་ནུས་པ་ཆེ་རུ་གཏོང་བར་སྐུལ་འདེད་བཏང་ཞིང་། ལོ་ངོ་70ཡི་རིང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་ཐོག་མཐའ་བར་གསུམ་དུ་བོད་ཀྱི་ལས་དོན་གྱི་སྤྱི་ཡོངས་ཁྲོད་དུ་བཞག་ནས་བསམ་གཞིག་བྱེད་ཅིང་། བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་གྱི་སྤྱི་ཡོངས་ཁྲོད་དུ་བཞག་ནས་ཇུས་འགོད་མཐའ་འཁྱོངས་བྱས་ནས། མི་དམངས་བདེ་སྡོད་ལས་བརྩོན་དང་སྤྱི་ཚོགས་བརྟན་ཞིང་གོ་རིམ་ལྡན་པ་ཞིག་ཡོང་བའི་འགན་ལེན་བྱས་ཡོད།

    2011ལོ་ནས་2020ལོ་བར་རང་སྐྱོང་ལྗོངས་ཀྱིས་ལྗོངས་ཡོངས་སུ་སྔ་རྗེས་སུ་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་698བསྐྲུན་པ་དང་ཉིན་མཚན་མེད་པར་ཆུ་ཚོད་24ལས་སྒྲུབ་སྐོར་གཡེང་བྱེད་ཀྱི་ཡོད། ཉེན་རྟོག་ཞབས་ཞུའི་ས་ཚིགས་ཀྱིས་ཞབས་འདེགས་དོ་དམ་དྲ་མིག་རེ་རེ་བཞིན་ལ་ཁྱབ་པར་བྱས་ནས། “ལྷུ་ཚིགས་ཕན་ཚུན་སྦྲེལ་བའི”“སྐར་མ་3གྱི་ཉེན་རྟོག་ལས་དོན་འཁོར་རྒྱ”ཞིག་ཆགས་པར་བྱས་པ་ལས། མང་ཚོགས་ལ་སྟབས་བདེ་བྱུང་ལ་མང་ཚོགས་ཀྱི་བདེ་འཇགས་ཚོར་སྣང་ཡང་ཆེ་རུ་ཕྱིན་ཡོད། དེ་རྗེས“སྔོན་ཐོན་གཉིས་ལྡན་དུད་སྦྲེལ”གྱི་འཛུགས་གཏོད་བྱེད་སྒོ་སྤེལ་བ་མ་ཟད། དེའི་ཉམས་མྱོང་དང་བྱེད་ཐབས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྤྱི་ཚོགས་བཅོས་སྐྱོང་ལས་དོན་ལ་སྤྱད་པ་རེད། “གཉིས་ལྡན་དུད་སྦྲེལ”གྱི་ཞབས་འདེགས་དོ་དམ་ལས་དོན“1+5+X”ཡི་དྲ་མིག་ལས་དོན་གྱི་སྟོབས་ཤུགས་དང་སྦྲེལ་མཐུད་བྱས་པ་བརྒྱུད། གྲོང་ཁྱེར་དང་གྲོང་རྡལ་གྱི་ཕྱོགས་བསྡུས་བཅོས་སྐྱོང་གཞུང་ལས་ཁང་དང་མངགས་གཏོང་ཁང་གིས་སྲོག་ཤིང་དང་། སྡེ་ཁུལ་གྱི་མི་དམངས་ཉེན་རྟོག་པ་དང་བདེ་སྲུང་མི་སྣས་རྐང་འཛིན། གྲོང་མིའི(གྲོང་ལྷན)དུད་སྦྲེལ་སྤྱི་མིས་རྨང་གཞི་བཅས་བྱས་པའི་སྤྱི་ཚོགས་དོ་དམ་མ་ལག་གྲུབ་ནས་གནད་དོན་ཐག་གཅོད་ཡག་པོ་ཐུབ་པ་དང་སྤྱི་ཚོགས་ཀྱི་གནས་ཚུལ་དང་དམངས་ཀྱི་འདོད་བློ་གསལ་གསལ་ཐིང་ཐིང་གོང་རིམ་ལ་འབྱོར་གྱི་ཡོད།

    འདི་ལོའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་རང་ལྗོངས་སུ་ལོ་5བསྟུད་མར་ཆབ་སྲིད་རང་བཞིན་དང་ཚོགས་སྤྱིའི་རང་བཞིན་གྱི་དོན་རྐྱེན་དང་གཏུམ་སྤྱོད་འཇིགས་སྐུལ་གྱོད་གཞི་གཅིག་ཀྱང་ཐོན་མེད། སྤྱི་ཚོགས་བཅོས་སྐྱོང་ཏན་ཏིག་ནུས་ལྡན་བྱུང་ནས་ཁྲིམས་ལྟར་བོད་སྐྱོང་གི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་སོང་ཡོད་ཅེས་བསྟན་ཡོད།

    ཁྲིམས་སྐྱོང་གི་འདུ་ཤེས་ཟབ་ཏུ་བཏང་བ།

    ཁྲིམས་སྐྱོང་ནི་ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་གཞི་རྩའི་བྱེད་ཐབས་ཤིག་ཡིན་པ་དང་། བོད་ཞི་བས་བཅིངས་འགྲོལ་བཏང་ཚུན་ཐོབ་པའི་འོད་སྟོང་འཕྲོ་བའི་གྲུབ་འབྲས་ནི་ཁྲིམས་སྐྱོང་འཛུགས་སྐྱོང་ལ་མཐོང་ཆེན་བྱས་པ་དང་ཁ་འབྲལ་ཐབས་མེད།

    ལོ་70ཡི་རིང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཏང་ཀྲུང་དབྱང་དང་ལྷག་པར་དུ་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དང་མཛུབ་སྟོན་དང་མཆན་འགོད་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ཁར། རང་ལྗོངས་ཀྱི་དམིགས་བསལ་གྱི་ལྗོངས་བབ་བམ་གནས་ཚུལ་དངོས་དང་ཟུང་འབྲེལ་བྱས་ཏེ། མང་ཚོགས་ཀྱི་བཅའ་ཁྲིམས་ཀྱི་འདུ་ཤེས་དང་ཁྲིམས་སྐྱོང་གི་འདུ་ཤེས་རྒྱུན་ཆད་མེད་པར་ཟབ་ཏུ་བཏང་ནས་ཁྲིམས་སྐྱོང་བོད་ལྗོངས་དང་། ཁྲིམས་སྐྱོང་སྲིད་གཞུང་། ཁྲིམས་སྐྱོང་སྤྱི་ཚོགས་བཅས་ཀྱི་གཞི་གཅིག་ཅན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ཡོད།

    མཚམས་ཚིགས་གལ་ཆེན་དང་ཁྲིམས་སྐྱོང་དྲིལ་བསྒྲགས་ཉིན་མོ་གཞི་རྟེན་དུ་བྱས་ཏེ། རང་ལྗོངས་ཀྱིས་འཕྲེད་ཡིག་འགེལ་བ་དང་། གཅིག་སྡུད་དྲིལ་བསྒྲགས། དྲིལ་བསྒྲགས་ཡིག་རིགས་སྤྲོད་པ། དུད་ཚང་དུ་སྒྲོག་འགྲེལ་བྱེད་པར་སྐྱོད་པ་སོགས་ཀྱི་རྣམ་པར་བརྟེན་ནས་རྫོང་དང་ཤང་ཁག་ཏུ་བཅའ་ཁྲིམས་དྲིལ་བསྒྲགས་ཀྱི་སློབ་གསོའི་བྱེད་སྒོ་དུས་གཅིག་ཏུ་སྤེལ་བ་དང་ཆབས་ཅིག དྲ་མིག་པ་དང་སྡེ་ཁུལ་གྱི་ཏང་ཡོན་གྱི་གདོང་ལེན་ནུས་པ་གང་ལེགས་བཏོན་ཏེ། ཉེན་རྟོག་ཞབས་ཞུའི་ལས་དོན་ས་ཚིགས་དང་ལྗོངས་ཐད་གཏོགས་སྡེ་ཚན་གྱི་གློག་རྡུལ་བརྙན་ཤེལ་དུ་སྟོན་པ་དང་སྐད་འཕྲིན་སྤྱི་རྟགས་ནས་བརྒྱུད་སྤེལ་བྱེད་པ་སོགས་ཀྱི་བྱེད་སྟངས་བརྒྱུད། འཐབ་ས་དང་པོའི་ལས་སྒྲུབ་སྟོབས་ཤུགས་དང་ཁོངས་གཏོགས་ཁུལ་གྱི་མང་ཚོགས་ལ་བཅའ་ཁྲིམས་ཤེས་བྱ་དྲིལ་བསྒྲགས་བྱས་ཡོད།

    ད་ཆ་བོད་དུ་བདེ་སྐྱིད་དང་། དུས་བདེ། ཞི་མཐུན། མཐུན་སྒྲིལ་བཅས་བྱུང་ཞིང་། མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་འགྲོ་བཞིན་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།