དབུ་ཤོག>ཆེད་སྒྲིག
  • སྤུན་ཟླའི་མཛའ་བརྩེའི་རོགས་སྐྱོར། དུས་ཐོག་ཆར་པ་འདྲ་བྱུང་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-08-19

    ཏང་ཀྲུང་དབྱང་གིས་སྔར་ནས་བཟུང་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་བོད་ཀྱི་མི་དམངས་ལ་བྱམས་བརྩེའི་ཐུགས་ཁུར་གནང་གི་ཡོད། ལོ་རྒྱུས་ཀྱི་དུས་མཚམས་གལ་ཆེན་དང་འགག་རྩ་ཚང་མར་བོད་ཀྱི་ལས་དོན་ལ་ཞིབ་འཇུག་དང་འཆར་འགོད་གནང་སྟེ། རྩེ་རིམ་ཇུས་འགོད་དང་འཐབ་ཇུས་གདམ་གའི་ཐད་ནས་བོད་ལ་བླང་བྱ་ཁ་གསལ་བཏོན་གྱི་ཡོད། བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ནི་ཀྲུང་དབྱང་གིས་ཆེད་མངགས་བོད་ཀྱི་ལས་དོན་ལ་ཞིབ་འཇུག་དང་འཆར་གཞི་འགོད་པའི་བྱ་ཐབས་ནུས་ལྡན་ཞིག་ཡིན་པ་དང་། བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་འཚོག་རིམ་བཞིན་བྱ་ཐབས་གལ་ཆེན་བཏོན་ནས། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་གཏོང་གི་ཡོད།

    1980ལོའི་ཟླ་3ཚེས་14དང་15ཉིན་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དང་པོ་འཚོགས་ཤིང་། དེ་ནི་བོད་ཞི་བས་བཅིངས་འགྲོལ་དང་དམངས་གཙོའི་བཅོས་སྒྱུར་བྱས་རྗེས་བོད་ཀྱི་ལོ་རྒྱུས་ལ་འགྱུར་ལྡོག་བྱུང་བའི་ཚོགས་འདུ་གལ་ཆེན་ཞིག་རེད། བཞུགས་མོལ་ཚོགས་འདུར་བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་གཏོང་དགོས་པ་བཏོན་པ་དེས་བོད་ཀྱི་ལས་དོན་གྱི་ལྟེ་བ་གཞན་སྒྱུར་དང་བོད་འཕེལ་རྒྱས་གཏོང་བའི་ལོ་རྒྱུས་རང་བཞིན་གྱི་ཁ་ལོ་སྒྱུར་མཚམས་ཤིག་འགོ་ཚུགས་ཡོད།

    1984ལོའི་ཟླ་2པ་ནས་3པའི་བར་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་གཉིས་པ་འཚོགས་ཤིང་། བཞུགས་མོལ་ཚོགས་འདུ་དེ་འཚོགས་པ་ལས། རྒྱལ་ཡོངས་རང་བཞིན་གྱི་བོད་སྐྱོར་ལས་གྲྭ་སྤེལ་འགོ་ཚུགས་པ་མཚོན་གྱི་ཡོད། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་པེ་ཅིང་དང་། ཧྲང་ཧའེ། ཐེན་ཅིན། ཅང་སུའུ། ཀྲེ་ཅང་། སི་ཁྲོན། ཀོང་ཏུང་། ཧྲན་ཏུང་། ཧྥུའུ་ཅན་བཅས་ཞིང་ཆེན་དང་གྲོང་ཁྱེར་9དང་། ཆུ་གློག་པུའུ་དང་། ཞིང་འབྲོག་ཉ་ལས་པུའུ། རྒྱལ་ཁབ་འཛུགས་སྐྲུན་རྒྱུ་ཆ་ཅུས་སོགས་འབྲེལ་ཡོད་སྡེ་ཚན་གྱིས་བོད་ལ་རོགས་སྐྱོར་བྱས་ཏེ། སྐབས་དེ་དུས་ཁ་ཚ་དགོས་གཏུགས་ཆེ་བའི་ལས་གྲྭ་དང་རྣམ་གྲངས་43འཛུགས་སྐྲུན་བྱེད་དགོས་པའི་གཏན་འབེབས་གནང་བ་རེད།

    1994ལོའི་ཟླ་7ཚེས་20ནས་23ཉིན་བར་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་གསུམ་པ་འཚོགས་ཤིང་། བཞུགས་མོལ་ཚོགས་འདུར་ཀྲུང་དབྱང་གི་སྡེ་ཚན་ཁག་དང་ཞིང་ཆེན་དང་གྲོང་ཁྱེར་15ཡིས“ཁ་གཏད་བོད་སྐྱོར་དང་། ཁག་བགོས་འགན་འཁུར། དུས་བཀག་བརྗེ་རེས”བཅས་བྱེད་དགོས་པའི་ཐབས་ཇུས་གལ་ཆེན་བཏོན་པ་དང་འབྲེལ་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཁག་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་སྐུལ་སློང་བྱས་ནས། བོད་ལ་རྣམ་གྲངས་62སྐྲུན་རོགས་བྱས་པ་དེས་རྒྱལ་ཡོངས་ཀྱིས་བོད་ལ་རོགས་སྐྱོར་བྱེད་པའི་རྣམ་པ་གསར་པ་བཏོད་ཡོད།

    2001ལོའི་ཟླ་6ཚེས་25ནས་27ཉིན་བར་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བཞི་པ་འཚོགས་ཤིང་། ཚོགས་འདུར་བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་མྱུར་པོ་ནས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། བོད་ཀྱི་སྤྱི་ཚོགས་ཀྱི་དུས་བབ་གཞི་རྩའི་ཆ་ནས་བརྟན་ལྷིང་ནས་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་དགོས་པ་བཏོན་ཡོད།

    2010ལོའི་ཟླ་1ཚེས་18ནས་20ཉིན་བར་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པ་འཚོགས་ཤིང་། བཞུགས་མོལ་ཚོགས་འདུ་དེ་ནི་རང་རྒྱལ་གྱིས་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་བསྐྲུན་པའི་འགག་རྩའི་དུས་སྐབས་དང་བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་འགག་རྩའི་དུས་མཚམས་སུ་སླེབས་སྐབས་འཚོགས་པ་ཞིག་རེད། 

    2015ལོའི་ཟླ་8ཚེས་24དང་25ཉིན་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་འཚོགས་ཤིང་། ཚོགས་འདུར་ཏང་གི་བོད་སྐྱོང་མཛད་ཇུས་ལ་ཐོག་མར་སྙིང་བཏུས་བྱས་ནས“ངེས་པར་དུ་དྲུག”ལ་བསྡུས་པ་སྟེ། ངེས་པར་དུ་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མཐའ་འཁྱོངས། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་མཐའ་འཁྱོངས་བཅས་བྱེད་དགོས་པ་དང་། རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བར་བྱེད་དགོས་པའི་འཐབ་ཇུས་དགོངས་པ་མཐའ་འཁྱོངས་བྱེད་དགོས་པ་དང་། ཁྲིམས་ལྟར་བོད་སྐྱོང་དང་། དམངས་ཕྱུག་བོད་དར། ཡུན་རིང་བོད་སྐྲུན། མི་སེམས་གཅིག་སྒྲིལ། རྨང་གཞི་བརྟན་གཏོང་བཅས་ཀྱི་རྩ་དོན་གལ་ཆེན་མཐའ་འཁྱོངས་བྱེད་དགོས་པ། 

    ངེས་པར་དུ་བོད་ཀྱི་སྤྱི་ཚོགས་ཀྱི་འགལ་ཟླ་གཙོ་བོ་དང་དམིགས་བསལ་འགལ་ཟླ་ཁོང་དུ་བརྟན་པོ་ཆུད་པར་བྱས་ཏེ་དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགོ་འཛུགས་ས་དང་དོན་ལ་བབས་སར་བྱས་ནས་ཏཱ་ལའི་རུ་ཚོགས་ལ་འཐབ་རྩོད་བྱེད་པའི་མཛད་ཕྱོཌ་སྲིད་ཇུས་ལ་གཡོ་འགུལ་མི་གཏོང་བ་མཐའ་འཁྱོངས་བྱེད་དགོས་པ་དང་། 

    ངེས་པར་དུ་ཏང་གི་མི་རིགས་སྲིད་ཇུས་དང་ཆོས་ལུགས་སྲིད་ཇུས་ཕྱོགས་ཡོངས་དང་ཡང་དག་པའི་ངང་ལག་ལེན་བསྟར་ཏེ་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས། མི་རིགས་ཁག་གི་མང་ཚོགས་ཀྱིས་རླབས་ཆེན་མེས་རྒྱལ་དང་། ཀྲུང་ཧྭ་མི་རིགས། ཀྲུང་ཧྭ་ཡི་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བཅས་ལ་མོས་སེམས་ཟམ་མི་ཆད་པར་ཟབ་ཏུ་གཏོང་དགོས་པ།

    ངེས་པར་དུ་ཀྲུང་དབྱང་གི་ཐུགས་ཁུར་དང་རྒྱལ་ཡོངས་ཀྱི་རྒྱབ་སྐྱོར་དང་བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་དཀའ་སྤྱད་འབད་འཐབ་ཟུང་འབྲེལ་དམ་ཟབ་བྱས་ནས། རྒྱལ་ནང་དང་རྒྱལ་སྤྱིའི་སྤྱི་ཡོངས་གཉིས་ལ་སྤྱི་འདོམས་བྱེད་རིང་བོད་ཀྱི་ལས་དོན་ཡག་པོ་སྒྲུབ་དགོས་པ།

    ངེས་པར་དུ་རིམ་ཁག་ཏང་རྩ་འཛུགས་དང་ལས་བྱེད་པ་དང་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས། བོད་དུ་ཏང་གི་སྲིད་སྐྱོང་རྨང་གཞི་བརྟན་དུ་གཏོང་དགོས་པ་བཅས་རེད།

    2020ལོའི་ཟླ་8ཚེས་28དང་29ཉིན་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ་རེད།

    དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཐད་ཞི་ཅིན་ཕིང་གིས“ངེས་པར་དུ་བཅུ”སྒྲུབ་དགོས་ཞེས་གསུངས་པ་སྟེ། ངེས་པར་དུ་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་བཅས་མཐའ་འཁྱོངས་བྱེད་དགོས་པ་དང་།

    ངེས་པར་དུ་རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་ལྗོངས་བརྟན་ལྷིང་ཡོང་བར་བྱེད་དགོས་པའི་འཐབ་ཇུས་ཀྱི་དགོངས་པ་མཐའ་འཁྱོངས་བྱེད་དགོས་པ།

    ངེས་པར་དུ་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ་བོད་ཀྱི་ལས་དོན་གྱི་དམིགས་ས་དང་ཤུགས་རྒྱག་སར་བརྩི་རྒྱུ་མཐའ་འཁྱོངས་བྱེད་དགོས་པ།

    ངེས་པར་དུ་ཁྲིམས་ལྟར་བོད་སྐྱོང་དང་། དམངས་ཕྱུག་བོད་དར། ཡུན་རིང་བོད་སྐྲུན། མི་སེམས་གཅིག་སྒྲིལ། རྨང་གཞི་བརྟན་གཏོང་བཅས་ཀྱི་རྩ་དོན་གལ་ཆེན་མཐའ་འཁྱོངས་བྱེད་དགོས་པ།

    ངེས་པར་དུ་རྒྱལ་ནང་དང་རྒྱལ་སྤྱིའི་སྤྱི་ཡོངས་གཉིས་ལ་སྤྱི་འདོམས་བྱེད་དགོས་པ།

    ངེས་པར་དུ་དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩི་དགོས་པ།

    ངེས་པར་དུ་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་དགོས་པ།

    ངེས་པར་དུ་རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་དང་ཁྲིམས་ལྟར་ཆོས་ལུགས་ལས་དོན་ལ་དོ་དམ་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས་པ།

    ངེས་པར་དུ་སྐྱེ་ཁམས་སྲུང་སྐྱོང་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་བྱེད་དགོས་པ།

    ངེས་པར་དུ་ཏང་འཛུགས་སྐྱོང་དང་ལྷག་པར་དུ་ཆབ་སྲིད་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས་པ་བཅས་རེད།

    ཞི་ཅིན་ཕིང་གིས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ནི་བོད་ཀྱི་ལས་དོན་ཡག་པོ་སྒྲུབ་པའི་རྩ་བའི་གཞི་འཛིན་ས་ཡིན་པས་ངེས་པར་དུ་ཡུན་རིང་མཐའ་འཁྱོངས་དང་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་དགོས་པའི་ནན་བཤད་གནང་བ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།