དབུ་ཤོག>ཆེད་སྒྲིག
  • དམག་དམངས་སེམས་པ་བསྒྲིལ་ནས། མཐའ་མཚམས་མཁར་རྫོང་སྲུང་ཡོད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-08-19

    མཐའ་མཚམས་ས་ཁུལ་ཞི་མཐུན་བརྟན་ལྷིང་དང་ཁྱིམ་ཚང་དང་རྒྱལ་ཁབ་སྟོབས་འབྱོར་ལྡན་པ་ལས། མཐའ་མཚམས་ས་ཁུལ་གྱི་མི་རིགས་ཁག་གི་མི་དམངས་ཀྱིས་མཐའ་མཚམས་བརྟན་ལྷིང་སྲུང་སྐྱོང་ཧུར་ཐག་བྱེད་པ་དང་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་ལོ་རྒྱུས་ཀྱི་ལག་ལེན་ཁྲོད་སྟོབས་ཤུགས་གསར་པ་སྦྱིན་ཡོད། ས་སྲུང་མཐའ་བརྟན་ནི་དུས་རབས་གསར་པའི་བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ཚོས་བསྐྲུན་པའི་བདེ་འཇགས་ཀྱི་མཁར་རྫོང་ཞིག་རེད།

    གཞིས་རྩེ་གྲོང་ཁྱེར་ས་དགའ་རྫོང་འཕྲང་སྒོ་ཤང་དུ་དཔུང་ཁག་དེ་འདྲ་ཞིག་ཡོད་དེ། ཁོང་ཚོས་རྟག་ཏུ་སྦག་སྦག་བཞོན་ནས་རི་མཐོ་གཡང་གཟར་ཁྲོད་བསྐྱོད་དེ། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་དང་མཐའ་མཚམས་ཀྱི་བདེ་འཇགས་སྲ་བརྟན་གཏོང་ཆེད་སྐོར་གཡེང་ཡང་ཡང་བྱེད་ཀྱི་ཡོད། དཔུང་ཁག་དེའི་ཚོགས་ཆུང་རེར་ཚོགས་མི་གཉིས་གསུམ་ལས་མེད་པ་དང་། མི་མ་མཐོང་གོང་ནས་སྦག་སྦག་གི་ལྡིར་སྒྲ་ཐོས་ཀྱི་ཡོད་པ་མ་ཟད། ད་དུང་སྦག་སྦག་གི་སྒྲ་སྒམ་ཆུང་ཆུང་ནས“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོའི་སྒྲོག་འགྲེལ་གྱི་ནང་དོན་གློད་ཀྱི་ཡོད། ཁོང་ཚོ་ནི་མཉམ་འགོག་རུ་མི་དང“གཉིས་ལྡན་དུད་སྦྲེལ”གྱི་སྤྱི་མི་ལས་གྲུབ་པའི་འཕྲང་སྒོ་ཤང་མཐའ་མཚམས་སྐོར་སྲུང་སྦག་སྦག་རུ་ཁག་རེད།

    འཕྲང་སྒོ་ཤང་གི་སྲིད་འཛིན་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་3370ཟིན་པ་དང་ཆ་སྙོམས་ས་བབ་མཐོ་ཚད་སྨི་5370ཟིན་གྱི་ཡོད། ཤང་དེ་ནི་མཐའ་མཚམས་ཀྱི་འཐབ་ས་དང་པོར་ཆགས་ཤིང་། ནེ་པ་ལ་དང་ས་འབྲེལ་ཡིན་ལ་དེའི་མཐའ་མཚམས་ཀྱི་ལམ་ཐག་ལ་སྤྱི་ལེ་105ཡོད། མཐའ་མཚམས་ཀྱི་སྔོན་འགོག་ཚོད་འཛིན་ཐད་སྟོང་ཆ་དང་བར་གསེང་མི་ལུས་པའི་འགན་ལེན་བྱས་ནས་མཉམ་དུ་སྔོན་འགོག་དང་། ཚོད་འཛིན། བཅོས་སྒྲིག་བཅས་དངོས་འབྲེལ་ཐུབ་པ་བྱ་ཆེད། 2003ལོར་འཕྲང་སྒོ་ཤང་གིས་མཐའ་མཚམས་སྐོར་སྲུང་སྦག་སྦག་རུ་ཁག་བཙུགས་པ་དང་། རུ་མི་ཚང་མ་ས་གནས་དེ་གའི་ཞིང་འབྲོག་པ་གཟུགས་སྟོབ་ཆེ་གྲས་རྣམས་དང་། མཐའ་མཚམས་ཀྱི་འཐབ་ས་དང་པོའི་ས་དབྱིབས་ལ་རྒྱུས་མངའ་ཡོད་མཁན། མཐའ་མཚམས་ཞི་མཐུན་བརྟན་ལྷིང་ལ་ལེགས་སྐྱེས་འབུལ་འདོད་པའི་མི་ལས་གྲུབ་པ་ཤ་སྟག་རེད། མིག་སྔའི་བར་སྐོར་སྲུང་རུ་ཁག་གི་རུ་མི་ཐོག་མའི་མི་20ནས་ད་ཆའི་76བར་མང་དུ་ཕྱིན་ཡོད།

    2020ལོ་ཚུན་དུ། བོད་ཀྱིས་རང་སྐྱོང་ལྗོངས་མཐའ་སྲུང་ཨུ་ལྷན་གྱི་ཚང་འཛོམས་གྲོས་ཚོགས་དང་མཐའ་མཚམས་དོ་དམ་ཚོད་འཛིན་ཚོགས་ཆུང་གི་ཚོགས་འདུ་ཐེངས་མང་འཚོགས་པ་རེད། དུས་རབས་གསར་པའི་འཕེལ་རྒྱས་འཐབ་ཇུས་ཀྱི་དགོས་མཁོ་དང་བསྟུན་ཆེད། བོད་ཀྱི་མཐའ་མཚམས་འཛུལ་གྲོལ་མཐའ་སྲུང་ཞིབ་བཤེར་སྤྱི་ཁྱབ་ས་ཚིགས་ཀྱིས་རང་འགུལ་ངང་འཛུགས་སྐྲུན་གྱི་དམིགས་ཚད་གལ་ཆེན་36རང་སྐྱོང་ལྗོངས་ཀྱི་མཐའ་མཚམས་འཛུགས་སྐྲུན་གྱི་སྤྱིའི་འཆར་འགོད་ནང་བཅུག་པ་དང་། རིམ་པ་བཞི་པའི་དཔོན་པོ་གཙོ་བོ་ཚང་མ་རིམ་པ་གཅིག་མཚུངས་ཀྱི་རྒྱལ་ཁབ་བདེ་འཇགས་ཨུ་ལྷན་ནམ་ཡང་ན་མཐའ་སྲུང་ཨུ་ལྷན་གྱི་འགོ་ཁྲིད་ཚན་ཁག་ནང་ཞུགས་པ། རང་སྐྱོང་ལྗོངས་དང་། གྲོང་ཁྱེར(ས་ཁུལ)དང་། རྫོང(ཆུས) ཤང(གྲོང་རྡལ)བཅས་རིམ་པ་བཞིའི་བཀོད་འདོམས་དང་མཉམ་འགུལ་མཉམ་ལས་ལམ་ལུགས་བཟོས་པ་དང་འཐུས་སྒོ་ཚང་དུ་བཏང་བ་བཅས་ལས། “ཏང་ཨུད་ཀྱིས་ཁ་ཕྱོགས་སྟངས་འཛིན་དང་། སྲིད་གཞུང་གིས་སྤྱི་ཡོངས་ནས་མཐུན་སྦྱོར། དམག་དཔུང་གིས་རྐང་འཛིན་པ་བྱེད་པ། ཉེན་རྟོག་ཕྱོགས་ཀྱིས་བཅོས་སྐྱོང་ལ་དམ་འཛིན། མི་དམངས་རྨང་གཞིར་འཛིན་པ”བཅས་ཕྱོགས་ལྔ་གཞི་གཅིག་གི་མཐའ་སྟོབས་མཐའ་སྲུང་གི་ལམ་སྲོལ་ཆགས་པ་དང་། ཏང་སྲིད་དམག་ཉེན་དམངས་ཀྱིས་མཐའ་སྲུང་ཐད་མཉམ་དུ་གྲོས་མོལ་དང་དོ་དམ་བྱེད་པའི་ཐུན་མོང་ངོས་འཛིན་གཅིག་སྒྲིལ་བྱུང་ཡོད། བོད་ཀྱི་མཐའ་མཚམས་འཛུལ་གྲོལ་མཐའ་སྲུང་ཞིབ་བཤེར་སྤྱི་ཁྱབ་ས་ཚིགས་ཀྱིས་ཁྱིམ་མཚེས་རྒྱལ་ཁབ་དང་ཞིང་ཆེན་དང་ཁྲིམས་འཛིན་མཉམ་ལས་བྱེད་ཟབ་ཏུ་གཏོང་བ་དང་། མཐའ་མཚམས་བརྟན་ལྷིང་སྲུང་སྐྱོང་གི་ཉེན་རྟོག་ལས་དོན་མཉམ་ལས་དེ་བས་གཏིང་ཟབ་དང་དེ་བས་རྒྱ་ཆེ་བའི་ཁྱབ་ཁོངས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་ཡོད།

    མཐའ་མཚམས་ཀྱི་བདེ་འཇགས་སྲུང་སྐྱོང་བྱེད་པར་མཐའ་མཚམས་ཀྱི་འཐབ་ས་དང་པོར་ཚན་རིག་ལག་རྩལ་གྱི་ཐོན་སྐྱེད་ནུས་ཤུགས་དང་པོའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། 2020ལོར་བོད་ཀྱི་མཐའ་མཚམས་ཀྱི་འཐབ་ས་དང་པོར་ལྡིར་སོ་སྤྲོས་ཆས་ཀྱིས་ཉིན་མཚན་དབྱེར་མེད་དུ“སོ་ལྟ”བྱེད་པ་དང་གློག་ཀླད་ཀྱིས་བྱི་བརྡ་འགུལ་བ་ཙམ་གྱིས་ས་ཁོངས་ཧྲིལ་པོར“སྐོར་གཡེང”བྱེད་པ་གཞི་རྩའི་ཆ་ནས་མངོན་འགྱུར་བྱུང་སྟེ། ཚན་རྩལ་གསར་གཏོད་དེ་མི་ལ་བཅིངས་འགྲོལ་དང་ཉེན་རྟོག་པའི་སྟོབས་ཤུགས་རྒྱ་སྐྱེད་གཏོང་བ། མཐའ་མཚམས་དོ་དམ་ཚོད་འཛིན་གྱི་ཕན་ནུས་ཆེ་རུ་གཏོང་བའི་ཐབས་མཆོག་ཏུ་གྱུར་ཡོད། ཉེན་རྟོག་པ་དང་མི་དམངས་མཉམ་འདྲེས་འཕེལ་རྒྱས་ཀྱི་བསམ་ཕྱོགས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་ཕྱིན་ནས་ཚན་ཞིབ་ཚན་པ་དང་སློབ་གླིང་དང་སློབ་གྲྭ་དང་མཉམ་དུ་མཐའ་མཚམས་དོ་དམ་ཚོད་འཛིན་བྱེད་པའི་ཐད་ཀྱི་ཞིབ་འཇུག་ལག་ལེན་ལ་མུ་མཐུད་ཤུགས་སྣོན་བརྒྱབ་པས། ལས་རིགས་ཀྱི་མཚོན་རྟགས་ཁྱད་ཆོས་ལྡན་པ་དང་། གནས་སྤོས་ཡུལ་མི་དོ་དམ་གྱི་ཁྱད་ཆོས་ལྡན་པ། བོད་ཀྱི་ས་ཁོངས་ཁྱད་ཆོས་ལྡན་པ་བཅས་ཀྱི“གྲངས་འཛིན་མཐའ་མཚམས་དང་རིག་ལྡན་མཐའ་མཚམས”ཀྱི་དོ་དམ་ཚོད་འཛིན་སྒྲིག་ཆས་མ་ལག་ཅིག་གྲུབ་བཞིན་ཡོད།

    བོད་མི་དམངས་ལ་བདེ་སྡོད་ལས་བརྩོན་ཡོང་བར“མཐའ་བརྟན”དགོས་ལ“མཐའ་དར”དེ་བས་ཀྱང་དགོས། མཐའ་མཚམས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་བ་དང་མཐའ་མཚམས་ས་ཁུལ་དར་རྒྱས་བརྟན་ལྷིང་དང་ཞི་མཐུན་བརྟན་ལྷིང་ཡོང་བར། བསམ་བློ་ཞིབ་ཚགས་དང་། རིག་པ་སྐྱེན་པོ། ལམ་བུ་ཡངས་པོ་བཅས་དགོས་ལ། མཐའ་མཚམས་ཁུལ་གྱིས་ལྷོད་གཡེང་སྤུ་ཙམ་ཡང་མི་གཏོང་བར་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཁྲོད་དུའང་ཞུགས་དགོས། དེར་བརྟེན་བོད་ཀྱིས་རྒྱལ་ཁབ་ཀྱི“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་དང་ལེན་ཧུར་ཐག་ཞུས་ཏེ་སྒོ་མོ་འབྱེད་ཤུགས་ཆེ་རུ་བཏང་ནས། ཚོང་དོན་འགྲེམས་ཚོང་བྱེད་སྒོ་ཐེངས་མང་གཉེར་ཏེ་ཚོང་དོན་མཉམ་ལས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་བཏང་བས། མཐའ་མཚམས་ས་ཁུལ་གྱི་ཐོན་ཁུངས་སྣ་ཚོགས་བེད་སྤྱོད་ཡག་པོ་བྱུང་བ་དང་མཐའ་མཚམས་མི་སེར་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ནང་ཞུགས་ཚད་རིམ་བཞིན་ཇེ་མཐོར་འགྲོ་བཞིན་ཡོད། 2019ལོའི་ཟླ་6ཚེས་26ཉིན་ནས་ཚེས་30ཉིན་བར། བོད(ལྷ་ས)ཀྱི་ཨེ་ཤེ་ཡ་ལྷོ་མ་དང་ཨེ་ཤེ་ཡ་ཤར་མའི་མནའ་འབྲེལ་རྒྱལ་ཁབ་ཀྱི་ཚོང་ཟོག་འགྲེམས་ཚོགས་ཐེངས་དང་པོ་བདེ་བླག་ངང་གཉེར་བ་དང་། རང་སྐྱོང་ལྗོངས་མཐའ་མཚམས་ཚོང་དོན་ཚོང་ཚོགས་ཀྱིས་ཐེངས་དང་པོ་གཙོ་གཉེར་བྱས་པའི་ཚོང་ཟོག་འགྲེམས་ཚོགས་ནི་བོད་ཀྱི་ཨེ་ཤེ་ཡ་ཤར་ལྷོའི་ཁྱད་ལྡན་ཚོང་ཟོག་གི་བརྗོད་དོན་གཙོ་བོའི་འགྲེམས་ཚོགས་ཐོག་མ་དེ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།