ཉེ་ཆར་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ཤིང་། ཚོགས་འདུའི་ཐོག་གཏམ་བཟང་མང་པོ་ཁྱབ་བསྒྲགས་བྱས་པ་སྟེ། 2012ལོ་ནས་2020ལོ་བར་རང་ལྗོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་18363ནས་སྒོར་41156བར་མང་དུ་ཕྱིན་པ་དང་། རིམ་རྩིས་བྱས་ན་སྒོར་22793འཕར་ནས་ལོ་རེར་ཆ་སྙོམས་10.6%འཕར་ཏེ་རྒྱལ་ཡོངས་ལས་བརྒྱ་ཆའི་གྲངས་2.9ཡིས་མཐོ་བ་ཡོད་པ་རེད། གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་5698ནས་སྒོར་14598བར་འཕར་ནས་རིམ་རྩིས་བྱས་ན་སྒོར་8900འཕར་བ་དང་ལོ་རེར་ཆ་སྙོམས་12.5%འཕར་ནས་རྒྱལ་ཡོངས་ལས་བརྒྱ་ཆའི་གྲངས་3.1གིས་མཐོ་བ་ཡོད་པ་རེད། 2015ལོ་ནས་2020ལོ་བར་བོད་ཀྱི་གྲོང་ཁྱེར་དང་གྲོང་རྡལ་དང་། གྲོང་གསེབ་ཀྱི་ཡུལ་མི། གྲོང་མི་ཡོངས་ཀྱི་ཡོང་འབབ་འཕར་ཚད་ལོ་6བསྟུད་མར་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད།
དེ་ནི་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70སོང་རིང་དང་ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་འོག ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་བོད་ཀྱི་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་དཀའ་སྤྱད་འབད་འཐབ་དང་འབད་འབུངས་ཡར་བརྩོན་བྱས་ཏེ་བཏོད་པའི་བཀྲག་མདངས་འཚེར་བའི་གྲུབ་འབྲས་གཞན་ཞིག་རེད།
གྲངས་གཞི་ལས་མངོན་པར། 2012ལོ་ནས་2020ལོ་བར་རང་ལྗོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་ཡོང་འབབ་མགྱོགས་མྱུར་འཕར་ནས་ཞིང་ཆེན་18ལས་བསྟུད་མར་བརྒལ་ཏེ་ཨང་29པ་ནས་ཨང་11བར་འཕར་ཡོད། གྲོང་གསེབ་ཀྱི་ཡུལ་མིའི་ཡོང་འབབ་བརྟན་པོའི་ངང་འཕར་ནས་ཞིང་ཆེན་5ལས་བརྒལ་ཏེ་ཨང་28པ་ནས་ཨང་23བར་འཕར་ཡོད། བོད་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་ཀྱིས་རྒྱལ་ཡོངས་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་ནང་བཟུང་བའི་བསྡུར་ཚད་2012ལོའི་51.9%ནས་2020ལོའི་67.6%བར་འཕར་ནས་བརྒྱ་ཆའི་གྲངས་15.7མཐོ་རུ་ཕྱིན་ཡོད།
གཞིས་རྩེ་གྲོང་ཁྱེར་རྣམ་གླིང་རྫོང་གི་མང་ཚོགས་དབང་རྒྱལ་གྱིས་ལོ་མང་རིང་གི་ལས་ཀའི་ཉམས་མྱོང་སྤྱད་དེ་སྔོན་ལ་མི་ཚེའི་ཡོང་འབབ་དང་པོ་དེ་བསགས་པ་མ་ཟད། 2019ལོར་ཆུམ་ཤང་སྨོན་སྒོ་ཕུ་གྲོང་ཚོའི་གཞོན་དབང་ངལ་ནུས་མཉམ་ལས་ཁང་བཙུགས་ནས་མང་ཚོགས་40ལྷག་ཙམ་གྱི་སྣེ་ཁྲིད་དེ་ངལ་ནུས་ཡོང་འབབ་སྒོར་ཁྲི་100ལྷག་ཙམ་བྱུང་བ་དང་མི་རེར་ལོ་རེར་ཆ་སྙོམས་ཡོང་འབབ་སྒོར་ཁྲི་2.5ཟིན་ཡོད། ཁོང་གིས“ལོ་དེ་དག་ནང་ང་ཚོ་མི་སེར་ཚོའི་འབབ་འཕར་ཕྱུག་འགྱུར་གྱི་ཐབས་ལམ་ཇེ་མང་དུ་ཕྱིན་པས། ལས་ལ་བརྩོན་ཞིང་བསམ་ཕོད་པ་དང་སྒྲུབ་ཕོད་པ་ཞིག་ཡིན་ཕྱིན་ཚང་མར་འབབ་འཕར་ཕྱུག་འགྱུར་ཡོང་ཐུབ”ཅེས་བརྗོད།
རྒྱལ་ཁབ་བསྡོམས་རྩིས་ཅུས་བོད་ལྗོངས་བརྟག་དཔྱད་སྤྱི་ཁྱབ་རུ་ཁག་གི་ཏང་ཙུའི་ཁོངས་མི་སྒྲིག་བཤེར་ཙུའུ་ཀྲང་ཚེ་རིང་བཀྲ་ཤིས་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན། ཉེ་བའི་ལོ་ཤས་རིང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་འབབ་འཕར་གནད་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ་ཞིབ་ཕྲའི་འབབ་འཕར་བྱ་ཐབས་འདོན་པ་དང་། སྲིད་ཇུས་བཏོན་ནས་ལས་གཏོད་གསར་གཏོད་ལ་ལྕག་སྐུལ་བྱེད་པ། ཐབས་ལམ་མང་པོར་བརྟེན་ནས་ཞིང་འབྲོག་པའི་ལས་ཞུགས་གཞན་སྒྱུར་ལ་སྐུལ་འདེད་གཏོང་བ་སོགས་ཕྱོགས་མང་པོའི་ཐད་ནས་ཡུལ་མིའི་འབབ་འཕར་ལ་བཀོད་གཏོང་སྙོམས་སྒྲིག་བྱེད་ཤུགས་ཆེ་རུ་བཏང་བ་དང་། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གི་སྐུལ་འདེད་ཧུར་ཐག་འོག་བྱ་ཐབས་ཁག་དོན་འཁྱོལ་གནད་སྨིན་བྱུང་ནས་ལྗོངས་ཡོངས་ཀྱི་གྲོང་མི་མི་རེའི་ཆ་སྙོམས་ཡོང་འབབ་མང་དུ་ཤུགས་ཆེན་འགྲོ་རྒྱུར་སྐུལ་ཁྲིད་ཐུབ་ཡོད།