
འདི་ནི་བརྗིད་ཆགས་མཛེས་སྡུག་ལྡན་པའི་གདང་ལའི་རི་རྒྱུད་ཡིན་པ།
བཅིངས་འགྲོལ་དམག་ནུབ་བྱང་ནས་བོད་དུ་སྐྱོད་པར་འདི་ག་ནས“བོད་སྐྱོད་ལམ་རྒྱུད་ཀྱི་འགག་སྒོ་ཆེ་ཤོས་རྒྱལ་ཁའི་ངང་སྒྲོལ་བ་རེད” དེ་སྔའི་སོག་སྟོད་དེའུ་དམར་ཚོ་པ་དེ་དམག་སྡེ་བཅོ་བརྒྱད་པའི་རང་ཚུགས་ཉིང་ལག་རུ་ཁག་བོད་དུ་སྐྱོད་པའི་ཤང་དང་པོར་གྱུར་ཡོད།
སྔོན་ཆད་ཀྱི་དཀའ་སྡུག་འཚོ་བའི་དུས་རབས་བརྒྱུད་མཚར་སྡུག་རྣམ་པར་བཀྲ་བའི་འཕོ་འགྱུར་བསུས་ཤིང་། གསར་བརྗེའི་སྔོན་བྱོན་དཔའ་བོའི་ཁྲག་རྒྱུན“གསར་བརྗེའི་གཡུ་མཆོག་པས”རྒྱུད་འཛིན་བྱས་ཡོད།
ས་ཁམས་ཀྱི་དབྱེ་མཚམས་ནས་ལོ་རྒྱུས་ཀྱི་དབྱེ་མཚམས་བར་དང་། མུན་ནག་གི་སྤྱི་ཚོགས་རྙིང་པ་ནས་འོད་ཟེར་སྟོང་ལྡན་གྱི་བོད་གསར་པའི་བར་གྱི་འགྱུར་ལྡོག་ཚང་མ་གཡུ་མཆོག་རྩྭ་ཐང་གིས་དཔང་པོ་བྱེད་ཐུབ་ལ་གདང་ལས་ཀྱང་དཔང་པོ་བྱེད་ཐུབ།
མུན་ནག་གི་སྔར་སོང་།
“རླུང་ཆེན་ལྡང་བ་དང་། གསོ་རླུང་མི་འདང་བ། ཧོར་ཟླ་དྲུག་པར་ཁ་བ་འབབ་པ། དུས་ཚིགས་བཞི་ལ་སློག་པ་གྱོན་པ”བཅས་ནི་གདང་ལའི་བྱང་ངོས་ཀྱི་གཡུ་མཆོག་རྩྭ་ཐང་ཡིན་པ་དང་། ས་བབ་མཐོ་ཚད་སྨི་4800ལྷག་ཙམ་ཟིན་ཡོད། བཅར་འདྲི་ཚོགས་ཆུང་དེར་སླེབས་སྐབས་ཟླ་དྲུག་པར་ཡང་ཁ་བ་འབབ་བཞིན་ཡོད་པ་དང་རྩྭ་ཐང་ལ་གཞི་ནས་སྔོ་ལོག་རྒྱག་པའི་དུས་ཡིན་པ་རེད།
ཡིན་ན་ཡང་ཧ་ཅང་དཀའ་ཚེགས་ཆེ་བའི་རང་བྱུང་ཁོར་ཡུག་གིས་འཐབ་འཛིང་པ་དཔའ་བོ་ཚོས་བོད་བཅིངས་འགྲོལ་གཏོང་བའི་གོམ་སྟབས་བརྟན་པོ་འགོག་ཐུབ་མེད་ལ། དེ་ནི་ས་གནས་དེ་གའི་མང་ཚོགས་ཚོའི་སྤྱི་ཚོགས་རྙིང་པའི་འཚོ་བའི་འགོག་རྐྱེན་ཆེ་ཤོས་དེ་ཡང་མིན་པ་རེད།
“སྲིད་གཞུང་རྙིང་པའི་གཉའ་གནོན་ནི་གདང་ལའི་གངས་སྐྱོན་དང་འདྲ་བར་ང་ཚོ་འབྲོག་པའི་འཆི་གསོན་རང་ཉིད་ཀྱི་ལས་དབང་ལ་སྐྱབས་བཅོལ་རྒྱུ་ལས་མ་འདས” “དམག་གོས་སྔོན་པོ་གྱོན་པའི་བཅིངས་འགྲོལ་དམག་མི་ཁག་དུ་མར་དབྱེ་སྟེ་གངས་རྒན་ལ་ནས་གདང་ལ་བརྒྱུད་དེ་ཡོང་བ་དང་། ཁོང་ཚོས་རྡ་ཡང་སྤྲད་དེ་ང་ཚོ་མི་སེར་གྱི་ས་ནས་ནོར་ལུག་ཉོ་བ་ལས་ང་ཚོར་སུན་པོ་རྩ་བ་ནས་བཟོ་གི་མེད”ཅེས་ལོ་81ལ་སླེབས་པའི་གཡུ་མཆོག་ཤང་ཟོ་གེ་གྲོང་ཚོའི་བགྲེས་སོང་ཁམས་བཟང་གིས་བཤད།
བཅིངས་འགྲོལ་དམག་མི་ཞི་བའི་ངང་བོད་དུ་སྐྱོད་པས་རི་ཁུལ་གྱི་འབྲོག་པ་ཚོར་བཅིངས་འགྲོལ་གྱི་རེ་བ་སྦྱིན། ཡིན་ན་ཡང་ཁོང་ཚོས་དུས་དེ་སླར་ཡང་ལོ་8བསྒུགས་པ་རེད།
1959ལོར། བོད་ཀྱི་མཐོ་རིམ་ལོག་སྤྱོད་ཤོག་ཁག་གིས་ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་དུས་ནམ་ཡང་ལག་བསྟར་ཐུབ་ཆེད་ཕྱོགས་ཡོངས་ནས་དྲག་པོའི་ངོ་ལོག་ཟིང་འཁྲུག་བསླངས་ཤིང་། ངོ་ལོག་ཟིང་འཁྲུག་པ་ཁག་གཅིག་གདང་ལའི་རྒྱུད་དུ་བྲོས་པ་རེད།
“ངོ་ལོག་ཟིང་འཁྲུག་པས། གལ་སྲིད་ཁོ་ཚོའི་རྗེས་སུ་མ་ཕྱིན་ན། ལྕག་ཚན་གྱིས་ཐེངས་100བཞུ་རྒྱུ་མ་ཚད་ནོར་ལུག་ཚང་མ་འཕྲོག་གི་ཡིན་ཞེས་འཇིགས་སྐུལ་བྱས་བྱུང”སྐབས་དེར་རྒད་པོ་ཁང་གསར་བཙན་སྐུལ་གྱིས་ངོ་ལོག་ཟིང་འཁྲུག་པའི་གྲས་སུ་བཅུག་ཀྱང་ཕྱིས་སུ་གོ་སྐབས་བཙལ་ནས་བྲོས་པ་རེད། “ང་ལུང་ཤུར་ཞིག་ཏུ་ཉིན་10ཡིབ་ནས་བསྡད་པ་ཡིན། ཁོ་ཚོས་མཐོང་ནས་སླར་ཡང་འཛིན་པར་སྐྲག་པས་ས་རུབ་རྗེས་གཞི་ནས་ཕྱིར་ཐོན་ཏེ་འཐུང་ཆུ་འཚོལ་དུ་ཕྱིན་པ་ཡིན”
དྲག་པོའི་ངོ་ལོག་ཟིང་འཁྲུག་ཞོད་འཇགས་བཏང་ནས་བཅོས་སྒྱུར་བྱས་པར་རྒྱལ་ཁ་ཐོབ་པ་དང་བསྟུན་ནས། རྒད་པོ་ཁང་གསར་དང་རི་ཁུལ་གྱི་འབྲོག་པ་ཚོའི་མི་ལུས་ལ་གཞི་ནས་བཅིངས་འགྲོལ་ཐོབ་པ་རེད། “སྔོན་ཆད་རྟ་ཟོག་སེམས་ཅན་ལྟ་བུའི་འཚོ་བ་སྐྱེལ་གྱི་ཡོད། རང་ལུས་རང་དབང་ཅི་ཡང་མེད་པར་མིས་དེད་དེ་འགྲོ་གི་ཡོད། བཅིངས་འགྲོལ་བཏང་རྗེས་མིའི་འཚོ་བ་ཇི་འདྲ་ཞིག་ཡིན་པ་གཞི་ནས་ཧ་གོ་བྱུང་། གུང་ཁྲན་ཏང་ནི་ང་ཚོའི་སྐྱབས་མགོན་ཆེ་ཤོས་དེ་རེད”
ལྗང་མདོག་གི་ཆུ་འགོ
དམག་སྡེ་བཅོ་བརྒྱད་པའི་ཐད་གཏོགས་ཉིང་ལག་རུ་ཁག་བོད་དུ་སྐྱོད་པའི་རབ་ཁ་དང་པོ་གདང་ཆུ་ནས་འདམ་ར་དང་པོ་ཉི་ཡག་མཚོ་གོར་བར་དང་། དེ་ནས་ཉག་ཁ་མཐོ་ཤོས་གངས་རྒན་ལ་བར་སོགས་དམག་སྡེ་བཅོ་བརྒྱད་པའི་ཐད་གཏོགས་ཉིང་ལག་རུ་ཁག་གང་དུ་བསླེབས་ན་དེ་གར་བགྲོད་ལམ་ཤར་གཏོང་ཐུབ་ལ་འབྲོག་པ་མང་ཚོགས་བདེ་སྡོད་བྱུང་ཡོད།
རྩྭ་ཐང་ནི་ནམ་ཡང་མཛེས་སྡུག་ལྡན་ཡང་དེ་རིང་ལྷག་པར་མཛེས་བྱུང་། འབྲོག་པའི་འཚོ་བར་ལོ་ངོ་སྟོང་གི་མཆོང་སྐྱོད་བྱུང་ནས་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འཕོ་འགྱུར་བྱུང་ཡོད།
“སྔོན་ཆད་གནམ་ལ་བརྟེན་ནས་འཚོ་བ་སྐྱེལ་དགོས་ལ་ཕྱིར་བསྐྱོད་ན་རྟ་ལ་རྟེན་དགོས་ཀྱི་ཡོད། ད་ཆ་ས་ལམ་ཚང་མ་སྣུམ་ནག་ལམ་དུ་གྱུར་ཅིང་སྦག་སྦག་དོར་ནས་རླངས་འཁོར་གཏོང་གི་ཡོད། གློག་དྲ་ཡང་སོ་སོའི་སྒོ་རྩར་ཁྲིད་ཡོད”“ཚོར་སྣང་ཟབ་ཤོས་ནི་ང་ཚོའི་དངུལ་ཁུག་ལྗིད་ཏིག་ཏིག་ཏུ་ཆགས་པ་དེ་རེད”ཅེས་ཁམས་ཁུག་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཚེ་རིང་རྒྱལ་གྱིས་བཤད།
གཡུ་མཆོག་ཤང་གི་གྲངས་གཞི་ཞིག་ལས་མངོན་པར་གཞིགས་ན། 2020ལོར་གཡུ་མཆོག་ཤང་གི་དཔལ་འབྱོར་ཡོང་འབབ་སྒོར་ཁྲི་2475ལྷག་ཙམ་ཟིན་ནས་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་12417.15ཟིན་ཡོད།
གུང་ཁྲན་ཏང་སླེབས་རྗེས་སྡུག་བསྔལ་བདེ་བར་གྱུར། དུས་རབས་གསར་པར་འགྱུར་ལྡོག་དེ་བས་ཆེ། ལོ་རྒྱུས་ཀྱི་མུན་ནག་མཐའ་དག་བསལ་བས་གཡུ་མཆོག་རྩྭ་ཐང་གི་འབྲོག་པ་མང་ཚོགས་ཀྱི་འཚོ་བ་བདེ་སྐྱིད་ལྡན་པར་གྱུར། ད་ཆ། གདང་ལའི་ལྷོ་བྱང་ངོས་སུ་རི་བོའི་སྤོ་དང་། ཆུ་བོའི་ཁུངས། མིའི་བདེ་སྐྱིད་བཅས་ཀྱི་མཛེས་སྡུག་ཡིད་དུ་འོང་བའི་རི་མོ་ཞིག་མངོན་བཞིན་ཡོད།
གསར་བརྗེའི་གཡུ་མཆོག
དམག་སྡེ་བཅོ་བརྒྱད་པའི་ཐད་གཏོགས་ཉིང་ལག་རུ་ཁག་བོད་དུ་སྐྱོད་པའི་ཤང་དང་པོའི་ཆ་ནས། གཡུ་མཆོག་ཤང་ལ་མི་སེམས་འགུལ་བའི་གསར་བརྗེའི་གཏམ་རྒྱུད་དང་། ཕུན་སུམ་ཚོགས་པའི་གསར་བརྗེའི་ཐོན་ཁུངས། ཟབ་ཅིང་བརྟན་པའི་གསར་བརྗེའི་བརྩེ་སེམས་བཅས་ཡོད།
གཡུ་མཆོག་ཤང་གསར་བརྗེའི་ཏང་འཛུགས་སྐྱོང་འགྲེམས་སྟོན་ཁང་དུ་འཛུལ་ན། མའོ་ཀྲུའུ་ཞིའི་གསུང་བཏུས་དང་། མའོ་ཀྲུའུ་ཞིའི་སྐུ་པར་རྟགས་མ། མའོ་ཀྲུའུ་ཞིའི་ཟངས་སྐུ། དུས་སྐབས་ཁག་གི་ལོ་རྒྱུས་ཡིག་ཆ་སོགས་འགྲེམས་དངོས་110ལྷག་ཙམ་མཐོང་ཐུབ་ལ། འདི་ལྟ་བུའི་འགྲེམས་སྟོན་བོད་ཀྱི་ས་ཁུལ་གཞན་དུ་དཀོན་པ་རེད།
“ང་ཚོས་བཅར་འདྲི་བྱེད་རིང་ཕལ་ཆེར་དུད་ཚང་ཚང་མར་གསར་བརྗེ་དང་འབྲེལ་བའི་ཅ་ལག་རིགས་ཉར་ཚགས་བྱེད་པའི་གོམས་གཤིས་ཡོད་པ་ཤེས། དེར་བརྟེན། ང་ཚོས‘ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི’བརྗོད་དོན་གཙོ་བོའི་སློབ་གསོ་དང་ཟུང་འབྲེལ་བྱས་ཏེ། གསར་བརྗེའི་ཐོན་ཁུངས་འཚོལ་བསྡུ་རྒྱ་ཁྱབ་བྱས་ནས་འགྲེམས་སྟོན་ཁང་འདི་བཙུགས་པ་ཡིན”ཞེས་གཡུ་མཆོག་ཤང་གི་ལས་བྱེད་པ་འགྲེམས་སྟོན་ཁང་གི་འགྲེལ་བཤད་པ་བསོད་ནམས་བཟང་པོས་གསར་འགོད་པར་བཤད། འབྲོག་པ་མང་ཚོགས་ཀྱིས་གསར་བརྗེའི་ཉར་ཚགས་འདི་དག་ལ་ཧ་ཅང་གཅེས་སྤྲས་བྱེད་ཀྱི་འདུག ཉར་དངོས་རེ་རེའི་རྒྱབ་ཏུ་འགྲེམས་སྟོན་ལ་གཡར་མཁན་གྱི་མིང་བྲིས་ཡོད།
དུས་ཡུན་ཉིན་གཉིས་ཀྱི་བཅར་འདྲིའི་ནང་། བཅར་འདྲི་ཚོགས་པའི་ཚོགས་མི་ཚོར་སེམས་འགུལ་མི་ཐེབས་པའི་དུས་ཚོད་ཏོག་ཙམ་ཡང་མེད་པར་ཚང་མས་སེམས་པ་དམར་པོ་ཏང་ལ་ཕྱོགས། འཚོ་བ་ཡག་པོ་ཅི་དགར་སྐྱེལ། གསར་བརྗེའི་ས་བོན་རྒྱུན་འཛིན་བྱེད་བཅས་ནི་གསར་བརྗེའི་གཡུ་མཆོག་གི་ནང་དོན་ངོ་མ་ཡིན་པ་ཚོར་བ་རེད།
གནའ་ནས་ཀྲོང་ངེར་འགྱིངས་པའི་རི་བོ་མཐོན་པོས་ལོ་ངོ་བདུན་ཅུའི་རིང་གི་འགྱུར་ལྡོག་གི་དཔང་པོ་བྱེད་པ་དང་ཆབས་ཅིག ཡུལ་དུས་ཀྱི་གནས་ཚད་ཅིག་དང་འདྲ་བར་ཡུལ་དེ་གའི་ལོ་རྒྱུས་ཀྱི་གནས་ཡུལ་དང་ལོ་རྒྱུས་ཀྱི་འཕེལ་ཕྱོགས་སྟོན་གྱི་ཡོད།