དབུ་ཤོག>ཆེད་སྒྲིག
  • བོད་ཀྱིས་སྣ་མང་ཕུན་སུམ་ཚོགས་པའི་བྱེད་སྒོ་སྤེལ་ནས་རྟེན་འབྲེལ་ཆེ་མོ་དགའ་བས་བསུ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-08-17

    ཉིན་ཤས་བསྟུད་མར་བོད་ཀྱིས་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་དང་། མང་ཚོགས་མཉམ་སྤྲོ། འགྲེམས་སྟོན། རིག་རྩལ་སྐོང་འཁྲབ་སོགས་སྣ་མང་ཕུན་སུམ་ཚོགས་པའི་བྱེད་སྒོ་སྤེལ་ཏེ། བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུས་པ་རེད།

    “ངའི་ཁྱིམ་ནི་སྔོན་ཆད་ཞིང་བྲན་ཡིན་པ་དང་། ཞི་བས་བཅིངས་འགྲོལ་བཏང་རྗེས་གཞི་ནས་ད་ལྟའི་འཚོ་བ་གསར་པ་སྐྱེལ་རྒྱུ་བྱུང་། ང་ཚོས་དེ་རིང་གཟབ་མཆོར་ལེགས་པར་སྤྲས་ཏེ་ཕོ་བྲང་པོ་ཏ་ལའི་ཐང་ཆེན་དུ་སྤེལ་བའི་མཉམ་སྤྲོའི་བྱེད་སྒོར་ཞུགས་དོན་ནི་བོད་ལྗོངས་གསར་པའི་མི་དམངས་ཀྱི་བསམ་པའི་ཉམས་འགྱུར་མངོན་པར་བྱས་ནས་རླབས་ཆེན་གྱི་ཏང་དང་མེས་རྒྱལ་ལ་བསྟོད་གླུ་འབུལ་ཆེད་ཡིན”ཞེས་ལོ་62ལ་སླེབས་པའི་རྒན་མོ་གཡང་འཛོམས་ཀྱིས་ངོ་གདོང་ནས་དགའ་བའི་འཛུམ་མདངས་འཕྱུར་བཞིན་དེ་ལྟར་བཤད།

    ཉེ་ཆར་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་ཆེད། ལྷ་སའི་མི་རིགས་ཁག་གི་མང་ཚོགས་ཚོས་ཕོ་བྲང་པོ་ཏ་ལའི་ཐང་ཆེན་དུ་རང་འགུལ་ངང་འཛོམས་ཏེ། 《མཛེས་པའི་བོད་ལྗོངས། གཅེས་པའི་ཕ་ཡུལ》ཞེས་པའི་རོལ་དབྱངས་ཀྱི་འགྱུར་ཁུག་ཁྲོད་མང་ཚོགས་ཚོས་དགའ་སྤྲོའི་སྟངས་སྟབས་ལ་བརྟེན་ནས་མི་རིགས་ཁག་གི་མི་དམངས་ཀྱི་མཐུན་སྒྲིལ་ཆེན་པོའི་ཞི་མཐུན་གྱི་རྣམ་པ་མངོན་པར་བྱས་ཡོད།

    ཉིན་ཤས་གོང་། རང་སྐྱོང་ལྗོངས་རང་བྱུང་ཐོན་ཁུངས་ཐིང་གིས་ལས་བྱེད་ལས་བཟོ་སྒྲིག་འཛུགས་བྱས་ཏེ། དངོས་རྫས་ས་གཤིས་དཔྱད་གཞིའི་མཛོད་འགྲེམས་ཁང་དུ་ལྟ་སྐོར་བྱས་ནས། བོད་ཀྱི་ས་གཤིས་ལས་དོན་གྱི་དཀའ་ཚེགས་ཆེ་བའི་ལོ་རྒྱུས་དང་འོད་སྟོང་འཕྲོ་བའི་གྲུབ་འབྲས་ལ་ཕྱོགས་ཡོངས་ནས་ཤེས་རྟོགས་བྱས་ཏེ་རང་རྟོགས་ངང་སྒྱུར་བཅོས་ལ་ཞབས་འདེགས་ཞུ་བ་དང་། འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ། མང་ཚོགས་ལ་ཞབས་འདེགས་ཞུ་བ་བཅས་ཀྱི་བྱ་སྤྱོད་དངོས་ལ་བརྟེན་ནས་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་ཕྱག་རྟགས་ཕུལ་བ་རེད། རང་བྱུང་ཐོན་ཁུངས་ཐིང་གི་ཏང་ཡོན་ལས་བྱེད་པ་ཧུའུ་ཀྲི་ཧྭ་ཡིས། ད་ཐེངས་ཀྱི་བྱེད་སྒོ་བརྒྱུད་ཞི་བས་བཅིངས་འགྲོལ་བཏང་ཚུན་བོད་ཀྱི་ས་གཤིས་ལས་དོན་ལ་ཐོབ་པའི་གྲུབ་འབྲས་ལ་ངོས་འཛིན་གཏིང་ཟབ་བྱུང་ལ། ཀྲུང་གོ་གུང་ཁྲན་ཏང་མེད་ན་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་མེད་པ་དང་ད་ཆའི་བདེ་སྐྱིད་ལྡན་པའི་འཚོ་བ་མེད་པའི་མྱོང་ཚོར་ཡང་ཟབ་མོ་བྱུང་། སླད་ཕྱིན་ལས་དོན་སྤེལ་རིང“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དང་ས་གཤིས་ཀྱི“གཟི་བརྗིད་གསུམ”གྱི་སྙིང་སྟོབས་མུ་མཐུད་དར་སྤེལ་བཏང་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་ལ་སྟོབས་ཤུགས་སྐྱེས་སུ་འབུལ་གྱི་ཡིན་ཞེས་བཤད།

    ཉེ་ཆར་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་གནས་ཆུང་སྡེ་ཁུལ་གྱིས་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་རིག་རྩལ་མཉམ་དུ་འཁྲབ་པ་རེད། འཁྲབ་སྟོན་མ་བྱས་གོང་ལྷ་ས་གྲོང་ཁྱེར་གྱི་སྒྲོག་འགྲེལ་བ་གྲགས་པ་དབང་བསྟན་གྱིས“ཏང་གི་འོད་ཟེར་མཐའ་མཚམས་ཕྱོགས་སུ་འཕྲོ། མཐའ་མཚམས་མི་དམངས་སེམས་པ་ཏང་ལ་ཕྱོགས”ཞེས་པ་བརྗོད་དོན་གཙོ་བོར་བྱས་ཏེ། རང་ཉིད་ཀྱི་མྱོང་བ་དངོས་དང་ཟུང་འབྲེལ་གྱིས་རྒྱ་ཆེའི་མང་ཚོགས་ལ“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དང“ལམ་གཉིས”ཀྱི་སྙིང་སྟོབས་སྒྲོག་འགྲེལ་བྱས་པ་དང་། བོད་གསར་རྙིང་བསྡུར་ནས་ལས་སླ་པོར་བྱུང་བ་ཞིག་མིན་པའི་བདེ་སྐྱིད་ལྡན་པའི་འཚོ་བ་གསོན་ཉམས་དོད་པོས་རྒྱས་བཤད་བྱས་ཏེ། ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲང་བའི་རྒྱ་ཆེའི་མང་ཚོགས་ཀྱི་ཡིད་ཆེས་དང་ཆོད་སེམས་སྔར་བས་བརྟན་དུ་བཏང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།