2020ལོར་རང་སྐྱོང་ལྗོངས་དམངས་སྲིད་ཁོངས་གཏོགས་ཀྱིས་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གི་འགོ་ཁྲིད་འོག་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་དམངས་སྲིད་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་བཅས་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ། དམངས་སྲིད་ཀྱི་འགན་འཁྲི་གཙོ་བོ་དང་ལས་སྒོ་གཙོ་བོ་མངོན་གསལ་དོད་པོ་ཡོང་བ་བྱས་ནས་དམངས་སྲིད་བྱ་གཞག་སྤུས་ཚད་མཐོ་པོས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཏན་ཏིག་བཏང་ཡོད།
གཞི་རྩའི་དམངས་འཚོ་འགན་ལེན་གྱི་མ་ལག་འཐུས་སྒོ་ཚང་དུ་བཏང་བ།
རང་ལྗོངས་ནི་རྒྱལ་ཡོངས་ཀྱི“ལྗོངས་གསུམ་དང་ཀྲོའུ་གསུམ”གྱི་ཤིན་ཏུ་དབུལ་བའི་ས་ཁུལ་ཁྲོད་ཀྱི་ཞིང་ཆེན་རིམ་པའི་གཅིག་སྡུད་ཡུག་སྦྲེལ་གྱི་དམིགས་བསལ་དཀའ་ངལ་ཡོད་པའི་ས་ཁུལ་འབའ་ཞིག་ཡིན་པ་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་ཐོག་མའི་དུས་སུ་རྒྱལ་ཡོངས་སུ་དབུལ་པོ་ཐོན་ཚད་མང་ཤོས་དང་། དབུལ་པོའི་ཚད་གཞི་མཐོ་ཤོས། དབུལ་སྐྱོར་གྱི་མ་གནས་མཐོ་ཤོས། དབུལ་སྒྲོལ་གྱི་དཀའ་གནད་ཆེ་ཤོས་བཅས་ཀྱི་ས་ཁོངས་ཤིག་རེད། 2019ལོའི་ལོ་མཇུག་ཏུ། ལྗོངས་ཡོངས་ཀྱི་རྫོང(ཆུས)དབུལ་པོ74ཡི་དབུལ་ཞྭ་ཕུད་ནས་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་ཁྲི་62.8ཚང་མ་དབུལ་སྒྲོལ་ཐུབ་པའི་ནང་ཡིག་ཚགས་དང་གཱ་བཟོས་པའི་གྲོང་གསེབ་ཀྱི་མི་འབོར་དབུལ་པོ་ཁྲི་11.4ཡིས་ཐ་སྐྱོང་འགན་ལེན་ལ་བརྟེན་ནས་དབུལ་སྒྲོལ་ཐུབ་པ་དེས་ལྗོངས་ཡོངས་ཀྱི་དབུལ་སྒྲོལ་མི་འབོར་གྱི་18.2%བཟུང་ཡོད།
《གནས་སྐབས་རོགས་སྐྱོབ་ལམ་ལུགས་ཁྱོན་ཡོངས་ནས་འཛུགས་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་བསམ་འཆར》བཟོས་ནས་བཏོན་ཏེ་གནས་སྐབས་རོགས་སྐྱོབ་བྱེད་ཤུགས་ཆེ་རུ་བཏང་བ་དང་། རོགས་སྐྱོབ་ཀྱི་ཞིབ་མཆན་གོ་རིམ་སྟབས་བདེ་རུ་བཏང་བ། གནས་སྐབས་དང་སྨན་བཅོས་རོགས་སྐྱོབ་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་བ། “མྱུར་སྐྱོབ་བྱེད་དཀའ་བའི”ལས་དོན་ཕྱོགས་ཡོངས་ནས་སྤེལ་བ། ལྗོངས་ཡོངས་ཀྱི་ཤང་དང་གྲོང་རྡལ(ཁྲོམ་གཞུང)697དུ་གནས་སྐབས་རོགས་སྐྱོབ་གྲ་སྒྲིག་མ་དངུལ་གྱི་ལམ་ལུགས་ཁྱོན་ཡོངས་ནས་བཙུགས་པ་བཅས་རེད། 《བསམ་འཆར》བཏོན་ཚུན། ལྗོངས་ཡོངས་ཀྱིས་ཁྱོན་མི་18252ལ་གནས་སྐབས་རོགས་སྐྱོབ་བྱས་པ་དང་གནས་སྐབས་རོགས་སྐྱོབ་མ་དངུལ་སྒོར་ཁྲི་5198.28སྤྲད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། 2020ལོར་རང་ལྗོངས་ཀྱི་གྲོང་ཁྱེར་གྱི་མ་མཐའི་འཚོ་བའི་འགན་ལེན་གྱི་ཚད་གཞི་དེ་2019ལོའི་མི་རེར་ཟླ་རེར་སྒོར་800ནས་མི་རེར་ཟླ་རེར་སྒོར་847བར་མཐོ་རུ་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་ལེན་གྱི་ཚད་གཞི་མི་རེར་ལོ་རེར་སྒོར་4450ནས་མི་རེར་ལོ་རེར་སྒོར་4713བར་མཐོ་རུ་བཏང་བ་དང་། གཅིག་སྡུད་བསྙེན་བཀུར་དང་གྲོང་ཁྱེར་གྱི་ཁ་ཐོར་བསྙེན་བཀུར་བྱ་ཡུལ་གྱི་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣའི་རོགས་སྐྱོབ་བསྙེན་བཀུར་གྱི་ཚད་གཞི་མི་རེར་ལོ་རེར་སྒོར་13213དང་གྲོང་གསེབ་ཀྱི་ཁ་ཐོར་བསྙེན་བཀུར་བྱ་ཡུལ་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣའི་རོགས་སྐྱོབ་བསྙེན་བཀུར་ཚད་གཞི་མི་རེར་ལོ་རེར་སྒོར་7070བར་མཐོ་རུ་བཏང་བ། ཐ་སྐྱོང་འགན་ལེན་གྱི་ཚད་གཞི་མཐོ་རུ་བཏང་སྟེ་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བ་འགན་ལེན་ཏན་ཏིག་བྱས་པ་རེད། མིག་སྔའི་བར། དཀའ་ངལ་ཡོད་པའི་མང་ཚོགས་ལ་རོགས་སྐྱོབ་ཁ་གསབ་སྒོར་ཁྲི་161187.74སྤྲད་པ་རེད།
རྒན་གསོའི་ཞབས་ཞུ་དང་བྱིས་པའི་ཕན་བདེའི་ལས་དོན་སྤེལ་ཤུགས་ཆེ་རུ་བཏང་བ།
“གཅིག་སྡུད་གཉིས”ལ་སྐུལ་འདེད་ནུས་ལྡན་བཏང་ཞིང་། 2015ལོའི་ལོ་མཇུག་ཏུ་རང་ལྗོངས་སུ་འདོད་མོས་ཡོད་པའི་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ་གཅིག་སྡུད་བསྙེན་བཀུར་དང་དྭ་ཕྲུག་གཅིག་སྡུད་གསོ་ཉར་བྱེད་ཚད་100%ཡི་དམིགས་ཚད་མངོན་འགྱུར་བྱུང་ཡོད། མིག་སྔར་ལྗོངས་ཡོངས་སུ་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣའི་གཅིག་སྡུད་བསྙེན་བཀུར་ལྟེ་གནས་80ཡོད་པ་དང་། ཉལ་ཁྲི་12476ཡོད་པ། དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ་13821ལ་རོགས་སྐྱོབ་བསྙེན་བཀུར་བྱས་པའི་ནང་གཅིག་སྡུད་བསྙེན་བཀུར་བྱེད་འདོད་ཡོད་པའི་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ་7400ཚང་མ་གཅིག་སྡུད་ཐོག་བསྙེན་བཀུར་དང་། ལྗོངས་ཡོངས་ཀྱི་དྭ་ཕྲུག་5188ཚང་མ་བྱིས་པའི་ཕན་བདེའི་སྒྲིག་གཞི་11ལ་གཅིག་སྡུད་གསོ་ཉར་བྱས་ཡོད།
ན་སོ་དར་ལ་མ་བབས་པའི་མིར་དོ་ཁུར་དང་སྲུང་སྐྱོང་ཏན་ཏིག་བྱས་ཏེ་ན་སོ་དར་ལ་མ་བབས་པའི་མིའི་སྲུང་སྐྱོང་ལྟེ་གནས་ཀྱི་རྣམ་གྲངས་ལག་བསྟར་ལ་སྐུལ་འདེད་ཧུར་ཐག་བཏང་ཞིང་། དེའི་ནང་གི་རྣམ་གྲངས་མང་ཆེ་བ་བསྐྲུན་ཟིན་པ་མ་ཟད། དེ་མཚུངས་ཀྱི་འཁོར་སྐྱོད་དོ་དམ་བྱེད་སྟངས་འཚོལ་ཞིབ་ཧུར་ཐག་བྱེད་བཞིན་ཡོད་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། 2020ལོའི་ཟླ་དང་པོར་དོན་དངོས་ཐོག་ཕྲུ་གུ་གསོ་སྐྱོང་བྱེད་མཁན་མེད་པའི་འགན་ལེན་ལམ་ལུགས་བཏོན་ནས་འགན་ལེན་མ་དངུལ་སྒོར་ཁྲི་1248.39དོན་འཁྱོལ་བྱས་པ་རེད། འཚོ་བ་སྐྱེལ་ཐབས་བྲལ་བའི་ན་སོ་དར་ལ་མ་བབས་པའི་སྤྲང་འཁྱམ་རིགས་ལ་རོགས་སྐྱོར་དང་དོ་དམ་བྱེད་ཐབས་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་ཏན་ཏིག་བཏང་ཡོད།
དམངས་སྲིད་ཀྱི་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་ལེགས་སུ་བཏང་བ།
དོན་དངོས་དང་ཟུང་འབྲེལ་དང་། ཐོན་ཁུངས་ལ་སྤྱི་འདོམས། ཚན་རིག་དང་མཐུན་པའི་འཆར་འགོད། བོད་སྐྱོར་གྱི་ཕན་འབྲས་ལ་སྣང་ཆེན་བཅས་བྱས་ནས་ལྗོངས་ཡོངས་ཀྱི་དམངས་སྲིད་ཀྱི་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་སྤྱིའི་ཆ་ནས་དོ་སྙོམས་དང་། སྤྱི་པའི་ཞབས་ཞུའི་འགན་ལེན་ལམ་སྲོལ་སྔར་བས་འཐུས་ཚང་། དམངས་འཚོའི་ཐ་སྐྱོང་འགན་ལེན་ནུས་པ་སྔར་བས་ཆེ་རུ་གཏོང་བ་བཅས་བྱས་ཡོད།
དམངས་སྲིད་ཀྱི་སྤྱི་པའི་ཞབས་ཞུ་མཁོ་འདོན་བྱེད་ཤུགས་ཆེ་རུ་བཏང་ཞིང་། དམངས་སྲིད་ཀྱི་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་ནས“ལོ་ལྔ་ཚན་བཅུ་གསུམ་པའི”རིང་ཉིན་མོའི་ལྟ་རྟོག་ལྟེ་གནས་59དང་ན་སོ་དར་ལ་མ་བབས་པའི་མིའི་སྲུང་སྐྱོང་ལྟེ་གནས་25གསར་སྐྲུན་བྱས་པ་དང་། རྒན་གསོའི་ཞབས་ཞུ་དང་། བྱིས་པའི་ཕན་བདེ། དབང་པོ་སྐྱོན་ཅན་གྱི་ཕན་བདེ་བཅས་དང་། དེ་བཞིན་སྤྱི་ཚོགས་ཀྱི་སྤྱི་ཕན་རིགས་ཀྱི་རྣམ་གྲངས་ཁག་གཅིག་ལག་བསྟར་བྱས་པ་མ་ཟད། སྔོན་གཤེགས་དཔའ་བོའི་བང་སོའི་སྐྱེད་ཚལ་40ཉམས་གསོ་དང་སྒྱུར་བཀོད་ཀྱང་བྱས་པ་རེད།
དམངས་འཚོའི་ཞབས་ཞུའི་ཞན་ཆ་གསབ་ཅིང་། མིག་སྔར་སྨྱོ་ནད་ཕོག་པའི་ཕན་བདེའི་སྒྲིག་གཞི་7བཙུགས་པ་དང་པུར་ཁང་7གསར་སྐྲུན་དང་བསྐྱར་སྐྲུན་རྒྱས་སྐྲུན་གྱི་རྣམ་གྲངས་སྒྲིག་འཛུགས་བྱེད་བཞིན་ཡོད་པ་རེད། དུར་ཁྲོད་156ཉམས་གསོ་སྒྱུར་བཀོད་བྱས་ནས་མི་དམངས་མང་ཚོགས་ཀྱི་གཞི་རྩའི་ཕུང་པོ་དུར་སྐྱེལ་གྱི་དགོས་མཁོ་ནུས་ལྡན་ངང་བསྐངས་ཡོད།