དབུ་ཤོག>ཆེད་སྒྲིག
  • “ས་མཐོའི་ཁྱིམ་དུ་འཚམས་འདྲི”བྱེད་ཐེངས་གཅིག་ལས་མངོན་པའི་བོད་ཀྱི་ལོ་ངོ་70ཡི་འཕོ་འགྱུར་རླབས་པོ་ཆེ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-08-15

    QQ截图20210814102432.jpg

    འདི་ནི་ནོར་སྒྲོན(གཡས)དང་སློབ་གྲོགས་ཚོ་ཐོག་དང་པོར“བསྐྱར་དར་རྟགས་ཅན”གྱི་མེ་འཁོར་ལ་བསྡད་ནས་ཁྱིམ་དུ་ལོག་བཞིན་པ།

    866749_yis_1628870400000_s.jpg

    འདི་ནི་ཝུའུ་ཧན་བོད་ལྗོངས་སློབ་འབྲིང་གི་མཐོ་རིམ་ལོ་རིམ་དང་པོའི་སློབ་མ་ཚེ་རིང་དོན་གྲུབ་ཀྱིས་སྤོ་བོའི་མཛུབ་ཁྲིད་འོག་འཇུ་བྲོ་འཁྲབ་བཞིན་པ།

    867347_yis_1628870400000_s.jpg

    འདི་ནི་བསྐྱར་དར་རྟགས་ཅན་གྱི་མེ་འཁོར་ཡིན་པ།

    བོད་ལྗོངས་ལྷོ་ཁ་འཕྱོངས་རྒྱས་རྫོང་འཇུ་གྲོང་ཚོར་ཝུའུ་ཧན་བོད་ལྗོངས་སློབ་འབྲིང་གི་མཐོ་རིམ་ལོ་རིམ་དང་པོའི་སློབ་མ་ཚེ་རིང་དོན་གྲུབ་ཀྱིས་སྤོ་བོའི་མཛུབ་ཁྲིད་འོག་འཇུ་བྲོ་འཁྲབ་བཞིན་ཡོད་པ་རེད།

    2021ལོ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བའི་ལོ་ཡིན་ལ། བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བའི་ལོ་ཡང་ཡིན། 1951ལོར《ཀྲུང་དབྱང་མི་དམངས་སྲིད་གཞུང་དང་བོད་ས་གནས་སྲིད་གཞུང་དབར་བོད་ཞི་བས་བཅིངས་བཀྲོལ་འབྱུང་ཐབས་སྐོར་གྱི་གྲོས་མཐུན》པེ་ཅིང་དུ་བཞག་པ་དང་། དུས་དེ་ནས་བཟུང་བོད་ལ་ཞི་བའི་བཅིངས་འགྲོལ་ཐོབ་ནས་དུས་རབས་གསར་པའི་འཕེལ་རྒྱས་ཀྱི་ལམ་བུར་སྐྱོད་འགོ་ཚུགས།

    ད་ལོའི་ཟླ་བདུན་པར་གསར་འགོད་པ་བོད་དུ་སྐྱོད་སྐབས། ཝུའུ་ཧན་བོད་ལྗོངས་སློབ་འབྲིང་གི“ས་མཐོའི་ཁྱིམ་དུ་འཚམས་འདྲི”བྱེད་པའི་སྐབས་དང་བསྟུན་ནས་བོད་ཀྱི་ཁྱིམ་ཚང་དཀྱུས་མའི་འཚོ་བར་བཅར་འདྲི་བྱས་པ་དང་། ཁོང་ཚོའི་ངག་ལས་ལོ་ངོ་70ཡི་འཚོ་བའི་འགྱུར་ལྡོག་ཆེན་པོ་ཐོས་བྱུང་ལ། བོད་ཀྱི་ཁྲོམ་གཞུང་ཆེ་ཆུང་གང་སར་བསྐྱོད་ནས་བོད་ལྗོངས་མི་དམངས་ཀྱི་བདེ་སྐྱིད་དངོས་འབྲེལ་མཐོང་བྱུང་།

    ཁྱིམ་དུ་ལོག་པའི་ལམ་བུ།

    ལྷ་ཉིང་ལྕགས་ལམ་ཤར་གཏོང་ཐུབ་རྗེས་བོད་ཀྱི་སློབ་མས་ཐོག་དང་པོར་“བསྐྱར་དར་རྟཌ་ཅན”གྱི་མེ་འཁོར་ལ་བསྡད་ནས་ཁྱིམ་དུ་ལོག་པ།

    ཉིན་2རིང་མེ་འཁོར་བསྡད་རྗེས། ཟླ་7ཚེས་5ཉིན་གྱི་ཕྱི་དྲོའི་ཆུ་ཚོད་5པར་ཝུའུ་ཧན་བོད་ལྗོངས་སློབ་འབྲིང་གི་དམའ་རིམ་ལོ་རིམ་དང་པོ་དང་མཐོ་རིམ་ལོ་རིམ་དང་པོའི་སློབ་མ་220དགེ་རྒན་གྱི་སྲུང་སྐྱེལ་འོག་བདེ་འཇགས་ངང་ལྷ་ས་མེ་འཁོར་འབབ་ཚུགས་སུ་འབྱོར་བ་དང་བསྟུན་ནས་ཁོང་ཚོའི་དབྱར་གསེང་གི་འཚོ་བའང་འགོ་ཚུགས།

    ཝུའུ་ཧན་བོད་ལྗོངས་སློབ་འབྲིང་གི་ཐོག་མའི་གནས་ས་ནི་ཅིང་ཀྲོའུ་ཧྲ་གྲོང་ཁྱེར་དུ་ཡིན་པ་དང་། མཚོ་བོད་ལྕགས་ལམ་མ་བསྐྲུན་གོང་ནང་སའི་བོད་ལྗོངས་འཛིན་གྲྭའི་སློབ་མ་ཚོ་ཁྱིམ་དུ་ལོག་སྐབས་སྔོན་ལ་ཧྲ་གྲོང་ཁྱེར་ནས་ཆུ་ཚོད་དྲུག་བདུན་ཙམ་རླངས་འཁོར་ལ་བསྡད་དེ་ཝུའུ་ཧན་དུ་འགྲོ་དགོས་པ་དང་། ཝུའུ་ཧན་ནས་མེ་འཁོར་ལ་བསྡད་དེ་ཆུ་ཚོད་ཉི་ཤུ་ལྷག་ཙམ་བསྐྱོད་ན་ཁྲེང་ཏུར་འབྱོར་ལ། དེ་ནས་སླར་ཡང་ཁྲེང་ཏུའུ་ནས་གནམ་གྲུར་བསྡད་ན་གཞི་ནས་ལྷ་སར་འབྱོར་གྱི་ཡོད། དེ་ལྟར་ན་དུས་ཡུན་རིང་བ་དང་། འབབ་ཚུགས་ཐེངས་མང་བརྗེ་བ། བདལ་གླ་མཐོ་བར་བརྟེན་སློབ་མ་མང་པོ་ལོ་གསུམ་ནང་ཁྱིམ་དུ་ཐེངས་གཅིག་ལས་ལོག་ཐུབ་ཀྱི་མེད། མཚོ་བོད་ལྕགས་ལམ་ཤར་གཏོང་ཐུབ་རྗེས། ནང་སའི་བོད་ལྗོངས་འཛིན་གྲྭའི་སློབ་མ་ཚོ་ཁྱིམ་དུ་ལོག་སྐབས་དེ་སྔོན་ལྟར་དཀའ་བ་མང་པོ་སྤྱད་མི་དགོས་པར་ལོ་རེའི་དབྱར་གསེང་དུ་ཁྱིམ་ལ་ལོག་ཐུབ་ཀྱི་ཡོད།

    ལྷ་ས་མེ་འཁོར་འབབ་ཚུགས་སུ་ཁྱིམ་བདག་ཚོས“སྲུང་སྐྱེལ་བྱེད་མཁན་རྒན་ལགས་ཡོད་པས་ལམ་ཐག་ཇི་ལྟར་རིང་ཡང་ང་ཚོར་སེམས་ཁྲལ་མི་འདུག”ཅེས་བཤད་པ་དང་། ཁོང་ཚོས་ས་གནས་ཁག་ནས་ལྷ་སར་ཕྲུ་གུ་བསུ་བར་ཡོང་སྟེ་དགེ་རྒན་ཚོར་མཇལ་དར་བསྒྲོན་ནས་ཐུགས་རྗེ་ཆེ་ཞུས།

    ཝུའུ་ཧན་བོད་ལྗོངས་སློབ་འབྲིང་དུ་ཉིང་ཁྲིའི་སློབ་མ་མི་ཉུང་བ་ཡོད། ད་ལོར་ལྷ་ཉིང་ལྕགས་ལམ་དངོས་སུ་བསྐྲུན་ནས་མེ་འཁོར་ཤར་གཏོང་ཐུབ་པ་དང་། དེ་ལས་བོད་ཀྱི་གློག་རླངས་ཅན་གྱི་ལྕགས་ལམ་ཐོག་མ་བསྐྲུན་ཟིན་པ་དང“བསྐྱར་དར་རྟགས་ཅན”གྱི་མེ་འཁོར་ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་31ལ་ཁྱབ་པ་མཚོན་ཡོད། ཝུའུ་ཧན་བོད་ལྗོངས་སློབ་འབྲིང་གི་སློབ་མ་ཡང“བསྐྱར་དར་རྟགས་ཅན”གྱི་མེ་འཁོར་ལ་ཐོག་མར་བསྡད་དེ་ལྷ་ས་ནས་ཕ་ཡུལ་ཉིང་ཁྲིར་ལོག

    སློབ་མ་ནོར་སྒྲོན་ཉིང་ཁྲིར་སློབ་ཆུང་དང་དམའ་རིམ་སློབ་འབྲིང་འགྲིམ་པ་དང་། ཕ་མ་གཉིས་ཀས་ལྷ་སར་ལས་ཀ་བྱེད་ཀྱི་ཡོད་པས། ཁོ་མོས་ཆུང་དུས་ནས་ཉིང་ཁྲི་དང་ལྷ་སའི་བར་ཕར་འགྲོ་ཚུར་འོང་ཐེངས་མང་བྱེད་མྱོང་། “སློབ་ཆུང་སྐབས་ལྷ་ཉིང་རིམ་མཐོའི་གཞུང་ལམ་ད་དུང་ཤར་གཏོང་ཐུབ་མེད། ང་ཚོ་ལམ་དུ་ཆུ་ཚོད་8ལྷག་ཙམ་བསྐྱོད་དགོས་ཀྱི་ཡོད” རྡོག་ཐོན་བྱེད་རིམ་བཞིན་ཕ་མ་གཉིས་པོས་ཐོ་རེངས་ཆུ་ཚོད་4པ་ཙམ་ནས་མལ་ལས་ལངས་ཏེ་གྲ་སྒྲིག་བྱེད་དགོས། ལམ་བར་དུ་རླངས་འཁོར་འདམ་དུ་དིམ་པའི་སེམས་ཁྲལ་ཆེན་པོ་ཡོད་ལ། གལ་སྲིད་འདམ་དུ་དིམ་ན་ད་དུང་རླངས་འཁོར་ནས་བབས་ཏེ་འདོན་རོགས་བྱེད་དགོས། ཁོ་མོ་དམའ་རིམ་སློབ་འབྲིང་དུ་སྐྱོད་སྐབས་ལྷ་ཉིང་རིམ་མཐོའི་གཞུང་ལམ་ཤར་གཏོང་ཐུབ་པ་དང་། ནང་མི་ཚོ་ལྷ་ས་ནས་ཉིང་ཁྲི་བར་རླངས་འཁོར་བསྡད་ཚེ་ཆུ་ཚོད་4ལྷག་ཙམ་ལས་འགོར་གྱི་མེད།

    “ད་ཆ་ལྷ་ཉིང་ལྕགས་ལམ་ཤར་གཏོང་ཐུབ་པས་ཚང་མ་དེ་བས་སྟབས་བདེ་རུ་ཕྱིན་ཡོད། དེ་སྔ་བརྙན་འཕྲིན་ནས‘བསྐྱར་དར་རྟགས་ཅན’གྱི་མེ་འཁོར་མཐོང་མྱོང་ཡོད། ད་ཆ་རང་ཉིད་ཀྱི་ཕ་ཡུལ་ནས་སྡོད་རྒྱུ་བྱུང་བས་ཧ་ཅང་དགའ་པོ་འདུག མེས་རྒྱལ་སྟོབས་འབྱོར་མངའ་ཐང་རྒྱས་པ་དང་བོད་ལྗོངས་ཀྱང་ཉིན་རེ་ལས་མ་འདས་པར་འཕེལ་རྒྱས་འགྲོ་བཞིན་འདུག་པས་ང་རང་སེམས་གཏིང་ནས་དགའ་པོ་འདུག སླད་ཕྱིན་ངས་སློབ་སྦྱོང་ཧུར་ཐག་བྱས་ཏེ་བོད་དུ་ལོག་ནས་ཕ་ཡུལ་འཛུགས་སྐྲུན་ཆེད་རང་ནུས་གང་ཡོད་འདོན་རྒྱུ་ཡིན”ཞེས་ནོར་སྒྲོན་གྱིས་བཤད།

    ས་མཐོའི་ཁྱིམ་དུ་འཚམས་འདྲི་བྱེད།

    ཁྱིམ་ཚང་རེ་རེའི་མི་སེམས་འགུལ་བའི་གཏམ་རྒྱུད་ལས་བོད་ཀྱི་ལོ་ངོ་70ཡི་འཕོ་འགྱུར་ཆེན་པོ་གསལ་ལེར་མངོན།

    ལྷ་ས་དང་། ཉིང་ཁྲི། ལྷོ་ཁ་སོགས་ས་ཆ་གང་དུ་སླེབས་ཀྱང་ཝུའུ་ཧན་བོད་ལྗོངས་སློབ་འབྲིང་གི་དགེ་རྒན་གྱིས་བོད་ཀྱི་སློབ་མའི་ཁྱིམ་དུ་བསྐྱོད་དེ་ཕྲུ་གུ་དང་ཁྱིམ་བདག་དང་སྤེལ་རེས་གླེང་མོལ་བྱེད་ཀྱི་ཡོད། “ས་མཐོའི་ཁྱིམ་དུ་འཚམས་འདྲི”བྱེད་པའི་གོམ་སྟབས་དང་བསྟུན་ནས་གསར་འགོད་པས་ཁྱིམ་ཚང་རེ་རེ་ནས་བོད་ཀྱི་ལོ་ངོ་70ཡི་འཕོ་འགྱུར་ཆེན་པོ་གསལ་པོར་མཚོན་པའི་མི་སེམས་འགུལ་བའི་གཏམ་རྒྱུད་མང་པོ་ཐོས་བྱུང་།

    ལྷ་སར་སློབ་མ་ཉི་མ་ལྷ་འཛོམས་ཀྱི་ལོ་74ལ་སླེབས་པའི་རྨོ་བོ་སྒྲོལ་དཀར་གྱིས་འཛུམ་དམུལ་དམུལ་ངང“ད་ཆ་ཁྱིམ་གྱི་འཚོ་བར་རྦད་དེ་འགྱུར་ལྡོག་ཕྱིན་སོང་། ང་རང་ཉིན་ལྟར་ཕྱིར་འཆམ་འཆམ་དུ་འགྲོ་གི་ཡོད་ལ་སེམས་པ་ཡང་ཧ་ཅང་སྐྱིད་པོ་འདུག”ཅེས་བརྗོད། སྒྲོལ་དཀར་གྱི་དྲན་འཆར་ནང་ཆུང་དུས་ཁྱིམ་གྱི་འཚོ་བ་ཧ་ཅང་སྐྱོ་པོ་ཡོད་པ་དང་། ཁོང་གིས“ཁང་མིག་གཅིག་ལས་མེད་པས། ཕ་མ་གཉིས་གཞོགས་གཅིག་ལ་ཉལ་ནས་དཀྱིལ་དུ་རས་ཡོལ་ཞིག་འཐེན་རྗེས་ང་དང་གཅུང་མོ་ཕྱོགས་གཞན་དེར་ཉལ་བ་དང་། གཅེན་པོ་ཐབ་ཚང་དུ་ཉལ་གྱི་ཡོད། དེ་དུས་དབྱར་ཁར་ཆར་པ་འབབ་སྐབས་ཁང་པའི་ནང་ཐིགས་པ་བརྒྱབ་རྐྱེན། ང་དང་གཅེན་གཅུང་ཚོས་ཕྱི་ནས་ཐིགས་ས་དབོར་ཏེ་ཁང་པར་ཐིགས་ཚགས་རྒྱག་དགོས་ཀྱི་ཡོད། ང་རང་གིས་ཆུང་དུས་ནས་ནས་དང་། ཞོག་ཁོག སྲན་མ་སོགས་འདེབས་རོགས་བྱས་པ་ཡིན། རྩམ་པ་ཕྲན་བུ་ལས་མེད་པ་ནང་མི་5ལ་བགོ་དགོས་པས། དེ་རིང་ལྟོ་ཆས་བཟས་ཚར་རྗེས་སང་ཉིན་ག་རེ་ཟ་དགོས་སམ་སྙམ་ནས་ཨ་མས་ཉིན་ལྟར་སེམས་ཁྲལ་བྱེད་ཀྱི་ཡོད”ཅེས་བརྗོད།

    སྒྲོལ་དཀར་གྱིས“ང་ཚོའི་མི་རབས་དེར་གཅེན་གཅུང་མིང་སྲིང་ཚང་མ་སློབ་གྲྭར་བསྐྱོད་མྱོང་མེད། གཞན་གྱིས་དཔེ་ཁུག་ཁུར་ནས་འགྲོ་དུས་ཡིད་སྨོན་ཆེན་པོ་སྐྱེ་ཡི་འདུག”ཅེས་བརྗོད། ཕྱིས་སུ་རྒྱལ་ཁབ་ཀྱིས་བོད་ལ་སློབ་གསོའི“འགན་ལེན་གསུམ་གྱི་སྲིད་ཇུས”ལག་བསྟར་བྱས་ནས་ལྗོངས་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་གི་སློབ་མའི་ཟས་གོས་སྡོད་གསུམ་དང་སློབ་སྦྱོང་གི་མཁོ་ཆས་འགན་ལེན་བྱས་པས། སྒྲོལ་དཀར་གྱི་བུ་ཕྲུག་བཞི་པོ་ཡང་སློབ་གྲྭ་འགྲིམས་ཐུབ་ཡོད། ཁོ་མོའི་བུ་རྗེས་སུ་དམག་མི་བྱས་པ་དང་། བུ་མོ་གསུམ་སློབ་ཆེན་འགྲིམས་ཡོད། ད་ཆ་སྒྲོལ་དཀར་དང་ཁོང་གི་བུ་མོ་ལྷ་ས་གྲོང་ཁུལ་གྱི་རྒྱ་ཆེ་ལ་དཀར་ཆ་དོད་པའི་ཐོག་བརྩེགས་ཁང་པར་སྡོད་པ་དང་ཁྱིམ་དུ་ད་དུང་ཁང་པ་གསར་པ་ཞིག་མཛེས་བཟོ་བྱེད་བཞིན་ཡོད། སྒྲོལ་དཀར་གྱིས“ངའི་ཚ་མོ་ཝུའུ་ཧན་དུ་སློབ་སྦྱོང་བྱེད་པར་འགྲོ་ཐུབ་པས་མི་རབས་གཅིག་ལས་གཅིག་གི་འཚོ་བ་ཇེ་སྐྱིད་རེད། ལོ་ངོ་70ཡི་རིང་ང་ཚོའི་ཁྱིམ་ལ་འགྱུར་ལྡོག་ཆེན་པོ་བྱུང་བ་ལྟར་བོད་ཡོངས་ལ་ཡང་འགྱུར་ལྡོག་ཆེན་པོ་བྱུང་ཡོད”ཅེས་བརྗོད།

    ཉིང་ཁྲི་བྲག་ཡིབ་ཆུས་ཐང་སྟེང་གྲོང་ཚོར་ཝུའུ་ཧན་བོད་ལྗོངས་སློབ་འབྲིང་གི་སློབ་ཐོན་སློབ་མ་ཉི་མ་བཀྲ་ཤིས་ཀྱི་སྤོ་བོ་ཕུར་བུ་ཚེ་རིང་གིས་རང་ཁྱིམ་གྱི་སྒོ་རའི་ནང་དུ་ལོ་3ལ་སླེབས་པའི་ཚ་བོར་ལྟ་བཞིན་འདུག

    ཕུར་བུ་ཚེ་རིང་ད་ལོར་ལོ་66ལ་སླེབས་པ་དང་ཁོང་གི་སྒྱུག་མོ་ནི་བོད་རྙིང་པའི་གཞིས་ཀའི་བདག་པོའི་ནང་བཟན་ཡིན་པས། ཆུང་དུས་ནས་གཙང་སྦྲ་དང་སྒོ་སྲུང་བྱེད་དགོས་ཀྱི་ཡོད། ཉིན་གང་ལྟོ་དུས་གསུམ་པོར་རྩམ་ཐུག་ཙམ་ལས་འཐུང་རྒྱུ་མེད་ཁར། ཉིན་མོར་གྱོན་པའི་ལྷམ་ནི་མཚན་མོའི་སྔས་མགོ་དང་ལུས་ལ་གྱོན་པའི་ཕྱུ་པ་ནི་མཚན་མོའི་ཉལ་ཆས་བྱེད་དགོས་ཀྱི་ཡོད། བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་རྗེས་ཕུར་བུ་ཚེ་རིང་གི་སྒྱུག་མོའི་ཁྱིམ་ལ་བ་གླང་5དང་ས་ཞིང་མུའུ་5ལྷག་ཙམ་བགོས་པ་དང་། ཁོང་ཡང་སྐབས་དེ་དུས་ཀྱི་གོང་གྲོང་ཤང་ཏང་ཨུད་ཀྱི་ཨུ་ཡོན་དང་བུད་མེད་ཀྲུའུ་རེན་བྱས་ནས་འཚོ་བ་རིམ་བཞིན་ཡག་ཏུ་ཕྱིན་ཡོད།

    སྒྱུར་བཅོས་སྒོ་དབྱེ་བྱས་རྗེས། ཕུར་བུ་ཚེ་རིང་གིས་ཐང་སྟེང་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅིའི་འགན་ཁུར་ནས་ཡུལ་མི་སྤུན་ཟླ་ཚོའི་སྣེ་ཁྲིད་དེ་ཐོན་སྐྱེད་འཕེལ་རྒྱས་དང་དམངས་འཚོ་ལེགས་སུ་བཏང་བས་གྲོང་ཚོའི་རྣམ་པར་འགྱུར་ལྡོག་ཆེན་པོ་བྱུང་བ་མ་ཟད། ཁོང་ལའང་བོད་རང་སྐྱོང་ལྗོངས་ངལ་རྩོལ་དཔེ་བཟང་བའི་གཟེངས་རྟགས་ཐོབ། “དེ་སྔ་གྲོང་ཚོའི་ལམ་ཚང་མ་བདེ་པོ་མེད་པ་དང་། རྐང་ཐང་མར་སྐྱོད་སྐབས་འདམ་བག་གིས་ཁེངས་ཡོད། ད་ཆ་གཙང་སྦྲ་དོད་ལ་ཁོད་སྙོམས་པ་མ་ཟད། སློབ་ཆེན་སློབ་མ་ཡང་དེ་སྔ་ལས་མང་བ་ཡོད་པས་འཚོ་བར་སེམས་ཁྲལ་གཏན་ནས་མེད”ཅེས་ཕུར་བུ་ཚེ་རིང་གིས་འཛུམ་དམུལ་དམུལ་ངང་བརྗོད།

    ལྷོ་ཁ་འཕྱོངས་རྒྱས་རྫོང་འཇུ་གྲོང་ཚོར་ཝུའུ་ཧན་བོད་ལྗོངས་སློབ་འབྲིང་གི་མཐོ་རིམ་ལོ་རིམ་དང་པོའི་སློབ་མ་ཚེ་རིང་དོན་གྲུབ་ཀྱིས་སྤོ་བོའི་མཛུབ་ཁྲིད་འོག་འཇུ་བྲོ་འཁྲབ་བཞིན་འདུག

    འཇུ་བྲོར་ད་བར་ལོ་ངོ་1300ལྷག་ཙམ་གྱི་ལོ་རྒྱུས་ལྡན་ཞིང་། 2014ལོར“འཇུ་བྲོ”རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་ནང་བཅུག་པ་དང་ཚེ་རིང་དོན་གྲུབ་ཀྱི་སྤོ་བོ་ཉི་མ་དབང་ཕྱུག་མངོན་མིན་རིག་གནས་ཤུལ་བཞག་དེའི་རྒྱུན་འཛིན་པར་གྱུར།

    ལོ་80ཙམ་ལ་སླེབས་པའི་ཉི་མ་དབང་ཕྱུག་གིས། ངའི་ནང་མི་ཚང་མ་སྔོན་ཆད་འཕྱོངས་རྒྱས་རྫོང་གི་གཞིས་ཀ་ཞིག་གི་ཞིང་བྲན་ཡིན་པ་དང་། དུས་རྒྱུན་དཔོན་པོ་དང་སྐུ་དྲག་གི་ནོར་ལུག་འཚོ་བ་དང་རྨོ་ཞིང་འདེབས་དགོས་པ་ཕུད། ད་དུང་སྐུ་ངོ་ཚོར་འཇུ་བྲོ་འཁྲབ་དགོས་ཀྱི་ཡོད་ཅེས་བཤད་པ་དང་། བོད་ཞི་བས་བཅིངས་འགྲོལ་བཏང་རྗེས་ཉི་མ་དབང་ཕྱུག་རྫོང་རིག་རྩལ་དྲིལ་བསྒྲགས་རུ་ཁག་གི་རུ་མིར་གྱུར།

    ཆུང་དུས་ནས་སྤོ་བོས་ཞབས་བྲོ་འཁྲབ་པ་མཐོང་བས་ཚེ་རིང་དོན་གྲུབ་ལོ་9ལ་སླེབས་སྐབས་སྤོ་བོའི་མདུན་དུ་འཁྲབ་སྟོན་ཐེངས་དང་པོ་བྱས་ཤིང་། སྤོ་བོས་ཁོ་པར“ལྷན་སྐྱེས་ཀྱི་ཤེས་རབ་ལྡན་འདུག”ཅེས་བསྔགས་བརྗོད་བྱས་པ་དང་འབྲེལ་སྤོ་བོའི་དགེ་ཕྲུག་གི་གྲས་ཤིག་ཏུ་གྱུར།

    ན་ནིང་གི་ཟླ་9པར་ཚེ་རིང་དོན་གྲུབ་ཝུའུ་ཧན་བོད་ལྗོངས་སློབ་འབྲིང་དུ་རྒྱུགས་འཕྲོད་པ་དང་བོད་ལྗོངས་ལྷོ་ཁ་ནས་ཧུའུ་པེ་ཝུའུ་ཧན་བར་ཁོས་རྔ་ཁྱེར་ནས་སློབ་གྲྭར་བསྐྱོད་པ་དང་སློབ་གྲྭའི་ནང་འཇུ་བྲོ་མུ་མཐུད་སྦྱངས་པ་མ་ཟད། ད་དུང་སློབ་གྲོགས་མི་ཉུང་བ་ཞིག་ལ་འཁྲབ་སྟངས་བསླབས་ཡོད། ད་ལོར་ཁོས་ཝུའུ་ཧན་གྲོང་ཁྱེར་གྱི་སྒྱུ་རྩལ་ཤེས་ལྡན་མི་སྣ་ཆུང་ངུའི་འགྲན་བསྡུར་ནང་ཞུགས་ནས་ངོ་མཚར་ཆེ་བའི་འཇུ་བྲོ་འཁྲབ་སྟེ་བྱ་དགའ་རིམ་པ་གཉིས་པ་བླངས་ཡོད། དབྱར་གསེང་འདིར་ཁོས་སླར་ཡང་རྔ་འཁུར་ནས་མེ་འཁོར་ལ་བསྡད་དེ་ཕ་ཡུལ་དུ་ལོག “ངས་འཇུ་བྲོ་འཁྲབ་མཚམས་གཏན་ནས་འཇོག་རྒྱུ་མིན། ང་རང་གང་དུ་བསྐྱོད་ཀྱང་སྒྱུ་རྩལ་དེ་དར་སྤེལ་གཏོང་རྒྱུ་ཡིན”ཞེས་ཚེ་རིང་དོན་གྲུབ་ཀྱིས་བརྗོད།

    བདེ་སྐྱིད་ལྡན་པའི་འཚོ་བ།

    ཇ་ཁང་དང་། ཕོ་བྲང་པོ་ཏ་ལའི་ཐང་ཆེན། ལྷ་སའི་ཁྲོམ་གཞུང་བཅས་གང་ས་ནས་བོད་རིགས་མི་དམངས་ཀྱི་བདེ་སྐྱིད་ལྡན་པའི་འཚོ་བ་མཐོང་ཐུབ།

    ལྷ་སའི་ཁྲོམ་གཞུང་དུ་སྐྱོད་སྐབས། ཟོལ་མེད་འཛུམ་མདངས་ལས་བོད་རིགས་མི་དམངས་ཀྱི་བདེ་སྐྱིད་མཐོང་ཐུབ་ལ། བར་སྐོར་གྱི་ཇ་ཁང་ཆེ་ཆུང་གང་སར་མི་རིགས་ཀྱི་གྱོན་ཆས་གྱོན་པའི་ཕོ་མོ་རྒན་གཞོན་ཚང་མས་ཇ་མངར་མོ་འཐུང་བཞིན་དགའ་སྤྲོའི་ངང་ཁ་བརྡ་བྱེད་བཞིན་འདུག

    གཡང་འཛོམས་དང་གྲོགས་མོས་ཇ་མངར་མོ་འཐུང་ཞོར་སྒྲོག་ཙེའི་འགྲམ་གྱི་ངོ་ཤེས་ཚོར་ཅི་འཕྲོས་མོལ་འཕྲོས་བཤད། “ངའི་བཟའ་ཟླ་ནི་ཤིས་ཨན་ནས་ཡོང་སྟེ་བོད་དུ་གཞིས་ཆགས་པའི་རྒྱ་རིགས་ཤིག་རེད། ངས་ཚོང་ཙག་ཙིག་རྒྱག་གི་ཡོད། ཉིན་ལྟར་ཁོམ་པ་བྱུང་ཚེ་ཇ་ཁང་དུ་ཡོང་ནས་ཇ་འཐུང་བ་དང་ཁ་བརྡ་བྱེད་ཀྱི་ཡོད། དེ་ཧ་ཅང་སྐྱིད་པོ་འདུག” ད་ཆ་བོད་དུ་དེ་སྔ་དང་མི་འདྲ་བར་འགྲིམ་འགྲུལ་སྟབས་བདེ་རུ་ཕྱིན་པ་མ་ཟད། ཟོག་འགྲེམས་ཀྱང་དར་རྒྱས་ཆེན་པོ་བྱུང་ནས་བཟའ་འདོད་པ་ཆ་ཚང་ཟ་རྒྱུ་ཡོད་ལ། ཉོ་འདོད་པ་ཐམས་ཅད་ཉོ་ཐུབ་ཀྱི་ཡོད་ཅེས་གཡང་འཛོམས་ཀྱིས་བརྗོད། ཁོང་ལ་གཅེན་གཅུང་མིང་སྲིང་9ཡོད་པ་ལས། ཁོང་དང་གཅུང་པོ་གཉིས་སློབ་ཆུང་ལོ་ཁ་ཤས་མ་གཏོགས་འགྲིམ་མྱོང་མེད། ད་ཆ་སློབ་གྲྭར་བསྐྱོད་པའི་གོ་སྐབས་མང་དུ་ཕྱིན་པ་མ་ཟད། བོད་ཀྱི་ཕྲུ་གུར་ཚོའི་སློབ་སྦྱོང་བྱེད་པའི་གོ་སྐབས་ཇེ་ལེགས་སུ་ཆེས་ཆེར་ཕྱིན་ནས་ཕྱིའི་འཇིག་རྟེན་ལ་ལྟ་བར་འགྲོ་ཐུབ་ཡོད། “ངའི་བུ་གཉིས་ལས་གཅིག་ནན་ཁའེ་སློབ་ཆེན་དང་གཅིག་ཀྲེ་ཅང་སློབ་ཆེན་དུ་ཡོད”ཅེས་བུའི་སྐོར་གླེང་སྐབས་གཡང་འཛོམས་ལ་སྤོབས་སེམས་ཀྱིས་ཁེངས་བཞིན་དེ་ལྟར་བརྗོད།

    ཕོ་བྲང་པོ་ཏ་ལའི་རྩེ་མོ་ནས་རྒྱང་ལྟ་བྱེད་སྐབས་ལྷ་སའི་ལྷོ་རིའི་རྩེ་ནས“མེས་རྒྱལ་ཁྲི་ལོར་བརྟན་པར་ཤོག”ཅེས་པའི་ཡིག་འབྲུ་དམར་པོ་དག་དེ་བས་མངོན་གསལ་དོད་པོར་མཐོང་། ཕོ་བྲང་པོ་ཏ་ལའི་ཐང་ཆེན་དུ“བོད་ཞི་བས་བཅིངས་འགྲོལ་བཏང་བའི་དྲན་གསོའི་རྡོ་རིང”འགྱིང་ངེར་གནས་པ་དང་། དྲན་གསོའི་རྡོ་རིང་གི་ཁ་སྤྲོད་དུ་སྐར་ལྔའི་དར་དམར་ལྷབ་ལྷུབ་ཏུ་གཡོ་བཞིན་མཆིས།

    ལྷ་སའི་དབྱར་དུས་ཀྱི་མཚན་མོར་ཕོ་བྲང་པོ་ཏ་ལའི་ཐང་ཆེན་དུ་མཚན་ལྗོངས་པར་རྒྱག་པར་ཡོང་མཁན་ཧ་ཅང་མང་པོ་ཡོད་པ་དང་། ཝུའུ་ཧན་གྱི་ཕོ་གཞོན་ཝང་ཤོན་ནི་དེའི་གྲས་ཤིག་རེད། ཁོང་ནི་སྤྱི་ཕན་སྒྲིག་གཞི་ཞིག་གི་ཁོངས་མི་ཡིན་པ་དང་ཡུན་ནན་ཁྲུའུ་ཞུང་ཝུའུ་ཏིང་རྫོང་དུ་སློབ་སྐྱོར་བྱེད་མཇུག་འགྲིལ་མ་ཐག་གྲོགས་པོ་ཚོ་དང་མཉམ་དུ་ཁྲེང་ཏུའུ་ནས་སྒེར་འཁོར་བཏང་སྟེ་ལྷ་སར་ཡོང་བ་རེད། འདི་ནི་ཁོང་བོད་དུ་ཡོང་ཐེངས་གཉིས་པ་ཡིན་པ་དང་2016ལོར་ཁོང་ལན་ཀྲོའུ་ནས་ཐོན་ཏེ་རྐང་འཁོར་བཞོན་ནས་ཉིན་20ལྷག་ཙམ་སོང་རྗེས་ལྷ་སར་འབྱོར་ཡོད། ཁོང་གིས“ད་ཆ་ལམ་བུ་ཇི་ཙམ་བསྐྲུན་པ་དེ་ཙམ་གྱིས་ཡངས་སུ་འགྲོ་བ་དང་། བོད་དུ་སྐྱོད་པར་སྔོན་མ་ལྟར་གྱི་དཀའ་ངལ་མེད། ཕྱིས་འབྱུང་ཉི་འོད་གྲོང་ཁྱེར་དེ་བས་མཛེས་སྡུག་ལྡན་པ་ཞིག་ཏུ་འགྱུར་ངེས་རེད”ཅེས་བཤད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།