1950ལོར་མི་རིགས་མི་འདྲ་བ་བདུན་གྱི་འཐབ་འཛིང་པ་130ལྷག་ཙམ་གྱིས་བོད་སྐྱོད་སྔོན་སྐྱོད་ལེན་བཙུགས་ནས་ཤིན་ཅང་ཡུས་ཐེན་རྫོང་ཕུའུ་ལུའུ་གྲོང་ཚོར་བསྐྱོད་རྒྱུའི་དམ་བཅའ་བཞག་པ་དང་། “མི་ཡུལ་གྱི་གསང་བའི་གནས”སུ་བརྩི་བའི་བོད་བྱང་ཐང་དུ་དར་དམར་འཛུགས་རྒྱུའི་དམ་འཇོག་མཛད་པ་རེད།
སྔོན་སྐྱོད་ལེན་གྱི་དཔོན་དམག་ཚོས་ལོ་འཁོར་མོར་གངས་གསོག་ཐེབས་པའི་རི་མཐོ་བརྒལ་ནས་གྲང་ངར་ཆེ་བ་དང་གསོ་རླུང་མི་འདང་བ་སོགས་ཀྱི་དཀའ་ངལ་ཁྱད་བསད་ཀྱིས་མི་རིགས་ཁག་གི་མང་ཚོགས་ལ་མཐུན་སྒྲིལ་དང་ལམ་རྒྱུད་ཀྱི་ཇག་ཚོགས་ལ་རྡུང་རྡེག་མཐའ་གཅིག་ཏུ་བཏང་ཞིང་། མངའ་རིས་བཅིངས་འགྲོལ་གཏོང་ཆེད། སྔོན་སྐྱོད་ལེན་གྱི་དཔོན་དམག་63གྱིས་རང་ཉིད་ཀྱི་རྩ་ཆེའི་ཚེ་སྲོག་སྐྱེས་སུ་ཕུལ་ཡོད།
བོད་རང་སྐྱོང་ལྗོངས་སྒེར་རྩེ་རྫོང་ཤན་ཆེན་ཤང་དུ་གནས་པའི་བོད་སྐྱོད་སྔོན་སྐྱོད་ལེན་གྱི་དྲན་གསོ་ཁང་དུ་ཡི་གེ་དུམ་བུ་འདི་འདྲ་ཞིག་ཉར་ཚགས་བྱས་ཡོད་པ་སྟེ།
“བློ་མཐུན་ཚའོ་ཧའེ་ལིན་དང་ཕེང་ཆིང་ཡུན་རྣམ་གཉིས། ང་ཕལ་ཆེར་མི་ཡོང་མ་མིན་འདུག་པས། དོན་དག་འགའ་ཞིག་བློ་མཐུན་ཁྱེད་གཉིས་ཀྱིས་ཐག་གཅོད་གནང་རོགས་ཞུ་རྒྱུ་ཡིན་པ་སྟེ། གཅིག་ནས་ཉིན་དེབ་དེ་གཉིས་ནང་ང་ཚོ་བོད་དུ་སླེབས་རྗེས་བསགས་པའི་དཔྱད་གཞིའི་ཡིག་ཆ་ཚང་བཀོད་ཡོད་པས། དེབ་དེ་གཉིས་ཡིན་གཅིག་ཏང་རྩ་འཛུགས་ལ་འབུལ་རོགས་ཞུ་རྒྱུ་དང་། གཉིས་ནས་དཔེ་དེབ་འགའ་ཤས་དང་གླིང་བུ་དེ་གཙོ་འགན་འཁུར་མཁན་ཁྲེན་ལགས་ལ་སྤྲོད་རོགས། གསུམ་ནས་ཀོ་བའི་ལྭ་རིང་དེ་བློ་མཐུན་ར་ཝུའུ་ཀྭ་ལ་སྤྲོད་རོགས། གང་ལགས་ཤེ་ན། ཁོང་གི་ལྭ་རིང་རྔོན་རྒྱག་སྐབས་བོར་བརླག་ཏུ་སོང་འདུག ཇ་རྫ་གཅིག་པོ་དེ་ཧའོ་ཝུན་ཆིན་ལ་སྤྲོད་རོགས། གྱོན་ཆས་འགས་ཤས་ཡོད་པ་དེ་དག་མ་བྱན་པན་གྱིས་བློ་མཐུན་ཚོར་སྤྲོད་རོགས། ཁོང་ཚོའི་གྱོན་ཆས་ཚང་མ་རྙིང་ཧྲུལ་དུ་གྱུར་འདུག བཞི་ནས‘ཅིན་ཤིན’རྟགས་ཅན་གྱི་ལྕགས་སྨྱུག་གཅིག་ཡོད་པ་དེ་ནི་ནན་ཉི་ཝན་དུ་ས་རྒོད་སློག་སྐབས་ལུའེ་ཀྲང་ཝང་ཀྲེན་གྱིས་ང་ལ་གནང་བའི་བྱ་དགའ་ཡིན། གལ་ཏེ་སྒྲུབ་ཐུབ་ན་རྩ་འཛུགས་ཀྱིས་ངའི་བུ་ཝུའུ་ཏའུ་ལ་སྤྲོད་རོགས། ད་དུང་ཝ་མོའི་མཇུག་མ་ཞིག་ཡོད་པ་དེ་རི་ཅ་ཡུའུ་མཱ་པིན་གྱི་ང་ལ་སྤྲད་བྱུང་བས་དེ་ངའི་ཨ་མར་བརྒྱུད་སྤྲོད་གནང་རོགས”ཞེས་པ་བཅས་རེད།
སྐད་ཆ་དུམ་བུ་དེ་ནི་སྔོན་སྐྱོད་ལེན་གྱི་སྤྱི་ཁྱབ་བཀོད་འདོམས་པ་ལི་ཏི་སན་གྱི་ཁ་ཆེམས་ཡིན། རི་འགོག་དམག་འཁྲུག་དང་བཅིངས་འགྲོལ་དམག་འཁྲུག་ནང་ཁྲག་དང་མེ་ལྕེའི་ཉམས་སད་ཐེངས་མང་ཐེག་མྱོང་བའི་དམག་མི་རྒན་གྲས་དེ་ནི་ཕ་ཡིན་ལ་བུ་ཡང་ཡིན། འོན་ཀྱང་ཚེ་སྲོག་གི་ཆེས་མཇུག་མཐའི་སྐབས་སུ་ཁོང་གིས་ཐོག་མར་ཐུགས་བསམ་བཞེས་གནང་བ་ནི་ཏང་དང་འཐབ་གྲོགས་ཚོ་ཡིན་པ་རེད།
ལི་ཏི་སན་སྐུ་གཤེགས་ས་ནི་སྒེར་རྩེ་རྫོང་གྲ་མ་མང་པོ་རུ་རེད། སྔོན་སྐྱོད་ལེན་གནས་འདིར་འབྱོར་རྗེས་མཁོ་སྤྲོད་ལམ་ཐིག་ཁ་བ་ཆེན་པོ་བབས་ནས་འགག
ད་ཆ་མངའ་རིས་ས་ཁུལ་གྱིས་གྲ་མ་མང་པོ་རུ་སྔོན་སྐྱོད་ལེན་གྱི་དཔོན་དམག་ཚོར་དྲན་གསོའི་རྡོ་རིང་དང་དྲན་གསོ་ཁང་བཙུགས་པ་མ་ཟད། སྔོན་ཆད་སྔོན་སྐྱོད་ལེན་གྱིས་བསྐྲུན་པའི་གཡུལ་ས་དང་སྡོད་སའི་ས་ཆ་སླར་གསོ་བྱས་ནས་མི་རབས་རྗེས་མ་ཚོར་མཐོང་རྒྱུ་ཡོད་པ་བྱས་ཡོད།
བག་ལེབ་བདུན་དང་ཚྭ་རྒྱ་མ་གང་དང་ཕྱེད་ཀར་དེང་གི་ཁྲོམ་རའི་ཐོག་ཕལ་ཆེར་སྒོར་སུམ་ཅུ་བཞི་བཅུ་ལས་དགོས་ཀྱི་མེད་མོད། འོན་ཀྱང་ལོ་ངོ་70ཡི་གོང་གི་མངའ་རིས་ས་མཐོར་དངོས་ཟོག་དེ་དག་ཚེ་སྲོག་ལྟར་གལ་ཆེ།
“ཤིན་ཅང་གི་ལས་བྱེད་པ་དང་མང་ཚོགས་ཚོས་ཁལ་ཕྱུགས་ཁྲི་ཁ་ཤས་གྲབས་གསོག་བྱས་ཏེ་མཁོ་སྤྲོད་ལམ་ཐིག་ཤར་གཏོང་བྱས་ཡོད། 1951ལོའི་དཔྱིད་གསར་དུས་ཆེན་སྐབས་སུ་སྔོན་སྐྱོད་ལེན་དུ་ད་གཟོད་ཐག་རིང་ནས་ཡོང་བའི་སྐྱེལ་འདྲེན་རུ་ཁག་འབྱོར་བ་དང་། བག་ལེབ་བསྲེགས་མ་བདུན་དང་ཚྭ་རྒྱ་མ་གང་དང་ཕྱེད་ཀ་འབྱོར། དེའི་དོན་དུ་ཧོ་ཐེན་མི་དམངས་ཏེ། ཡུ་གུར་རིགས་ཀྱི་གཞོན་ནུ་གསུམ་གྱི་ཚེ་སྲོག་བློས་བཏང་བ་རེད”ཅེས་བོད་སྐྱོད་སྔོན་སྐྱོད་ལེན་གྱི་དྲན་གསོ་ཁང་གི་འགྲེལ་བཤད་པ་བསྟན་འཛིན་སྒྲོལ་མས་བཤད།
1951ལོའི་ཟླ་5ཚེས་28ཉིན། རྗེས་མཐུད་དམག་དཔུང་དང་སྔོན་སྐྱོད་ལེན་མཉམ་དུ་འཛོམས་ཤིང་། རྗེས་མཐུད་དམག་དཔུང་མཐོང་སྐབས་ནད་གཞི་ལྕི་པོ་ཕོག་པའི་ལི་ཏི་སན་ཚེ་ལས་འདས། རང་ཉིད་ཀྱི་བཀོད་འདོམས་པར་འདས་མཆོད་སྒྲུབ་རྗེས་དམག་མི་ཉུང་འཕྲི་ཚབས་ཆེན་བྱས་པའི་སྔོན་སྐྱོད་ལེན་གྱིས་རང་འགུལ་གྱིས་ངལ་གསོའི་གོ་སྐབས་དོར་ནས། གོང་རིམ་ལ་དམག་འཐབ་བྱེད་རོགས་ཞུས་ཏེ་མངའ་རིས་བཅིངས་འགྲོལ་གཏོང་བའི་ལས་འགན་མུ་མཐུད་དུ་འཁུར་རྒྱུའི་རེ་བ་བཏོན་པ་རེད།
“ཟླ་8ཚེས་3ཉིན། བཅིངས་འགྲོལ་དམག་དཔུང་སྐབས་དེའི་མངའ་རིས་ཀྱི་ལྟེ་བའི་གྲོང་ཁྱེར་དུ་བཅའ་སྡོད་བྱས་ཏེ་སྐར་ལྔའི་དར་དམར་བསྒྲེངས་ནས་མངའ་རིས་ས་ཁོངས་ཡོངས་བཅིངས་འགྲོལ་བཏང་བ་ཁྱབ་བསྒྲགས་བྱས་པ་རེད”ཅེས་བསྟན་འཛིན་སྒྲོལ་མས་ངོ་སྤྲོད་བྱས།
སྔོན་སྐྱོད་ལེན་གྱིས་མངའ་རིས་བཅིངས་འགྲོལ་གཏོང་བའི་ལས་འགན་ལེགས་གྲུབ་ཟིན་པ་དང་ཁོང་ཚོའི་གཏམ་རྒྱུད་དེ་ཁུ་ནུ་རི་བོའི་ལྷོ་བྱང་གང་སར་གྲགས་ཡོད།
ཐེན་རྫོང་གྲོང་གི་ལྟེ་བའི་ས་ཁོངས་སུ་སྔོན་སྐྱོད་ལེན་གྱི་བོད་སྐྱོད་དྲན་གསོའི་རྡོ་རིང་ཞིག་ཡོད་པ་དང་། རྡོ་རིང་ཐོག་རྒྱ་ཡིག་དང་ཡུ་གུར་ཡི་གེའི་ཐོག་ནས་སྔོན་སྐྱོད་ལེན་གྱི་བཀོད་འཐབ་པ་ཡོངས་ཀྱི་རུས་མིང་བརྐོས་ཡོད།
སེང་གེ་ཁ་འབབ་ཀྱི་སྔོན་གཤེགས་དཔའ་བོའི་བང་སོའི་སྐྱེད་ཚལ་དུ་ལི་ཏི་སན་སོགས་སྔོན་གཤེགས་དཔའ་བོ་63དང་ཁུང་ཧྥན་སེན་སོགས་མངའ་རིས་འཛུགས་སྐྲུན་ཆེད་རང་སྲོག་བློས་གཏོང་གནང་མཁན་སྔོན་གཤེགས་དཔའ་བོ་34གི་བང་སོ་ཡོད། རང་སྲོག་དོར་བའི་བློ་སྟོབས་ལྡན་གྱུར་ན། གནམ་ས་གསར་པ་གཏོད་པའི་སྙིང་སྟོབས་འཕེལ། བཅིངས་འགྲོལ་གཏོང་མཁན་དང་འཛུགས་སྐྲུན་མཁན་གྱི་དཔའ་བོ་རྣམས་མངའ་རིས་ཀྱི་རི་གཤམ་དུ་འཛོམས་ནས་ས་མཐོའི་ས་གཞི་ཆེ་མོའི་ཐོག་བྱུང་བའི་འཕོ་འགྱུར་ཆེན་པོར་གཟིགས་ངེས་རེད།