ཆབ་མདོ་གྲོང་ཁྱེར་གསར་བརྗེའི་ལོ་རྒྱུས་རྟེན་རྫས་བཤམས་མཛོད་ཁང་ནང་ཆབ་མདོ་ས་ཁུལ་མི་དམངས་བཅིངས་འགྲོལ་ཨུ་ལྷན(གཤམ་དུ“བཅིངས་འགྲོལ་ཨུ་ལྷན”ཞེས་བསྡུ་རྒྱུ)གྱི་གནས་རྙིང་འགྱིང་ངེར་གནས་ཤིང་། སྲུང་སྐྱོང་དང་ཉམས་གསོ་ཞིབ་ཚགས་བྱས་པ་བརྒྱུད། ད་ཆ་བཅིངས་འགྲོལ་ཨུ་ལྷན་ནས་སྔོན་ཆད་ལྟར་གྱི་ལོ་རྒྱུས་ཀྱི་ཉམས་འགྱུར་ཟབ་མོ་མངོན་བཞིན་མཆིས།
“《ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་ཐུན་མོང་རྩ་འཛིན》གྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། 1950ལོའི་ཟླ་12ཚེས་27ཉིན་ནས་1951ལོའི་ཟླ་1ཚེས་1ཉིན་བར་ཆབ་མདོ་ས་ཁུལ་གྱི་ལས་རིགས་ཁག་གི་མི་དམངས་འཐུས་མིའི་ཚོགས་འདུ་ཆབ་མདོར་འཚོགས་ཏེ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཆབ་མདོ་ས་ཁུལ་མི་དམངས་བཅིངས་འགྲོལ་ཨུ་ལྷན་གྱི་ཁོངས་མི་35བདམས་ཐོན་བྱུང་ཡོད”ཅེས་ཆབ་མདོ་གྲོང་ཁྱེར་གསར་བརྗེའི་ལོ་རྒྱུས་རྟེན་རྫས་བཤམས་མཛོད་ཁང་གི་བར་ཁྱམས་ཀྱི་གྱང་སྟེང་དུ་སྐབས་དེ་དུས་བཅིངས་འགྲོལ་ཨུ་ལྷན་བཙུགས་པའི་ལོ་རྒྱུས་དེ་ལྟར་འཁོད་ཡོད།
དེ་རྗེས་བཅིངས་འགྲོལ་ཨུ་ལྷན་གྱིས་ཆབ་མདོ་ས་ཁུལ་གྱི་མི་དམངས་འཐུས་མིའི་ཚོགས་འདུ་སྐབས་དང་པོའི་ཐོག་གྲོས་འཆམ་བྱུང་བའི《ཆབ་མདོ་ས་ཁུལ་དུ་སློབ་གྲྭ་བཙུགས་ནས་བོད་རིགས་ཀྱི་སློབ་གསོའི་བྱ་གཞག་འཕེལ་རྒྱས་གཏོང་དགོས》ཞེས་པའི་གྲོས་ཆོད་གཞིར་བཟུང་། ཨུ་ལྷན་གྱིས་དམག་སྡེ་བཅོ་བརྒྱད་པའི་དམག་དཔུང་དང་མཉམ་དུ་ཡོད་པའི་ལས་བྱེད་པ་སྐད་ཡིག་རིག་པའི་དགེ་རྒན་ཆེ་མོ་བ་ལི་ཨན་ཀྲའེ་དང་ཡུས་ཧྲི་ཡུས་སོགས་བློ་མཐུན་མངགས་ཏེ། ཆབ་མདོ་སློབ་ཆུང(ད་ཆའི་ཆབ་མདོ་གྲོང་ཁྱེར་ཚོད་ལྟའི་སློབ་ཆུང)གྲབས་འཛུགས་ཀྱི་འགན་འཁུར་དུ་བཅུག་ནས་བོད་ཀྱི་དེང་རབས་སློབ་གསོའི་ལས་དོན་སྤེལ་འགོ་ཚུགས་པ་རེད།
ཁྲག་དྲོན་ལ་བརྟེན་ནས་གསར་བརྗེའི་སློབ་གྲྭ་བསྐྲུན་པ།
1950ལོར་ཆབ་མདོར་བཅིངས་འགྲོལ་ཐོབ་པ་དང་། དམག་སྡེ་བཅོ་བརྒྱད་པས་ཇ་རྟ་ཚོང་ལམ་བརྒྱུད་ནུབ་ཕྱོགས་སུ་བསྐྱོད་དེ་བྲག་རི་བཤངས་ནས་ལམ་བུ་བསྐྲུན་པ་དང་གཙང་པོར་ཟམ་པ་བསྐྲུན་ཞིང་། བཅིངས་འགྲོལ་དམག་གི་འཐབ་འཛིང་པ་གྲངས་ལས་འདས་པས་བྲག་རི་གཡང་གཟར་སྟེང་དཔའ་ངར་ཆེན་པོས་རང་སྲོག་བློས་བཏང་ཡོད།
དམག་སྡེ་བཅོ་བརྒྱད་པའི་རྗེས་རབས་པ་དང་། ཆབ་མདོ་ས་ཁུལ་སློབ་གསོ་ལུས་རྩལ་ཅུས་ཏང་ཨུད་ཀྱི་དེ་སྔའི་ཧྲུའུ་ཅི་གཞོན་པ། ཅུས་ཀྲང་གཞོན་པ་བཅས་ཡིན་པའི་ལི་ཞུའེ་ཀང་གིས“མ་གཞི་ངའི་པཱ་ལགས་གཞུང་དོན་དུ་སྐུ་གཤེགས་མོད། འོན་ཀྱང་རྟག་ཏུ་ཁོང་གི་ཉིན་ཐོ་བལྟས་པ་བརྒྱུད། སྐབས་དེ་དུས་ཀྱི་ལམ་སྐྲུན་པའི་དཀའ་ཚེགས་ཇི་ཙམ་ཡོད་མེད་རང་ཉིད་ལ་མྱོང་ཚོར་ཟབ་མོ་བྱུང་། ཁོང་ཚོས་དཀའ་ལས་ཚད་མེད་བསྐྱོན་པ་དང་རང་སྲོག་བློས་གཏོང་གནང་བ་ལས་ད་ཆའི་འོད་སྟོང་འཕྲོ་བའི་བོད་ཤར་རྒྱུད་ཀྱི་མུ་ཏིག་འདི་བྱུང་ཡོད”ཅེས་རང་ཉིད་ཀྱི་ཕར་དྲན་གསོ་བྱེད་བཞིན་བཤད།
1951ལོའི་ཟླ་5ཚེས་1ཉིན། ཆབ་མདོ་སློབ་ཆུང་བཙུགས་པ་དང་། སྐབས་དེར་འཛིན་གྲྭ་གསུམ་ཡོད་པར་སློབ་མ་70ལྷག་ཙམ་ཡོད། 1957ལོའི་ལོ་འགོར། སློབ་གྲྭ་དེ་ཆབ་མདོ་ནུབ་ལམ་གྱི་སློབ་གྲྭ་གསར་པར་སྤོས་ཏེ“ཆབ་མདོ་ཚོད་ལྟའི་སློབ་ཆུང”ཞེས་པར་མིང་བསྒྱུར། སྐབས་དང་པོའི་སློབ་ཆུང་ཐོན་པའི་སློབ་མ་15ཡོད།
སློབ་གསོའི་ལས་དོན་བསྒྲུབས་ནས་ལོ་25སོང་བའི་ལས་འཁྱུར་ལས་བྱེད་པ་རྒན་གྲས་བསྟན་དགའ་ཡིས་ཆབ་མདོའི་སློབ་གསོ་འཕེལ་རྒྱས་ཀྱི་དཔང་པོ་བྱེད་ཐུབ། ཁོང་ལོ་8ལ་སླེབས་སྐབས་ཆབ་མདོར་བཅིངས་འགྲོལ་བཏང་བ་དང་། ཁོང་ཡང་སྒེར་བཙུགས་སློབ་གྲྭ་ནས་ཆབ་མདོ་སློབ་ཆུང་དུ་སློབ་གྲྭར་བསྐྱོད། སྐབས་དེ་དུས་སློབ་ཡོན་ཚང་མ་རྩ་ཆག་བཏང་བ་མ་ཟད། ཐ་ན་སློབ་གོས་དང་ཡིག་ཆས་ཀྱང་རིན་མི་དགོས་པར་སྤྲད་པ་དེས་ཁྱིམ་ཚང་གི་ཁུར་པོ་ཡང་དུ་ངེས་ཅན་ཕྱིན་ཡོད།
1985ལོར། ནང་སའི་བོད་ལྗོངས་འཛིན་གྲྭ་དང་པོ་དངོས་སུ་བཙུགས་པས་བསྟན་དགས་ཡིད་སྨོན་བྱེད་ལ་དགའ་ཚོར་ཡང་ཆེན་པོ་བྱེད་ཀྱི་ཡོད། གང་ལགས་ཤེ་ན“སློབ་མར་སློབ་གསོ་ཡག་ཤོས་འཐོབ་པ་བྱེད་ཀྱི་ཡིན”ཞེས་པ་ནི་ཁོང་གི་འགྱུར་མེད་ཀྱི་དད་སེམས་ཤིག་ཡིན་པས་རེད་ལ། ཁོང་གིས་རྒྱུན་དུའང་དེ་ལྟར་ཤོད་ཀྱི་ཡོད། “འདས་ཟིན་པའི་ལོ་རབས་དེར་ཕ་མ་གཉིས་པོས་དཀའ་ངལ་ཁྱད་བསད་ཀྱིས་ང་སློབ་གྲྭར་བཏང་ཡོད། ད་ཆ་ཆ་རྐྱེན་ཡག་པོ་འདི་འདྲ་ཡོད་པས་ང་དེ་བས་ཕྲུ་གུ་ཚོའི་སློབ་སྦྱོང་ལམ་གྱི་རྒྱབ་རྟེན་ཆེན་པོ་ཞིག་ཏུ་འགྱུར་དགོས་ངེས་རེད”ཅེས་ཁོང་གིས་བཤད། ད་ཆ་བསྟན་དགའི་སློབ་མ་རྣམས་རང་རང་སོ་སོའི་ལས་གནས་སུ་ཡང་འབད་བསྐྱར་འབད་བྱས་ནས་རྒྱལ་ཁབ་ཀྱིས་གསོ་སྐྱོང་བྱས་པར་དྲིན་ལན་འཇལ་བཞིན་ཡོད།
སློབ་གསོའི་སྤུས་ཚད་དང་ཕན་འབྲས་ཕྱོགས་ཡོངས་ནས་གོང་མཐོར་ཕྱིན་པ།
ལོ་ངོ་70ཡི་རིང་ཆབ་མདོའི་སློབ་གཉེར་ཆ་རྐྱེན་མུ་མཐུད་ལེགས་སུ་ཕྱིན་པ་དང་སློབ་གསོའི་ཕྱོགས་བསྡུས་འཕེལ་རྒྱས་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་ཕྱིན་ཡོད།
ཁང་པ་ཐོག་གཅིག་མ་ཆུང་ཆུང་རེ་རེ་བཞིན་དུས་ཐུང་ལོ་ཤས་རིང་ཐོག་སོ་གསུམ་ལྡན་དུ་བརྒྱབ་ཡོད་པ་དང་། ལོ་ཁ་ཤས་ལས་མ་འགོར་བར་སླར་ཡང་འགྱུར་ལྡོག་ཕྱིན་ནས་དེང་རབས་ཀྱི་སྒྲིག་བཀོད་ཆ་ཚང་བའི་ཚད་གཞི་ཅན་གྱི་སློབ་གྲྭར་གྱུར་ཅིང་། འགྱུར་ལྡོག་དེ་དག་སྐལ་དབྱངས་ཀྱིས་མིག་མཐོང་ལག་ཟིན་བྱུང་ཡོད། སྐལ་དབྱངས་ནི་ཆབ་མདོ་གྲོང་ཁྱེར་ཚོད་ལྟའི་སློབ་ཆུང་གི་རྒན་ཡོལ་ཞུས་པའི་དགེ་རྒན་ཡིན་ཞིང་། 1985ལོར་སློབ་གྲྭ་དེར་བོད་ཡིག་དགེ་རྒན་བྱས། སྐབས་དེ་དུས་དགེ་རྒན་ཉུང་ལ་སློབ་མ་ཡང་ཉུང་ཉུང་རེད། སློབ་འགོ་ཚུགས་རིམ་བཞིན་དགེ་རྒན་ཚང་མར་ཅུང་ལྕི་བའི་ལས་འགན་ཞིག་ཡོད་པ་ནི། དགེ་རྒན་རེས་ཕྲུ་གུ་གཉིས་ལ་སློབ་གྲྭར་ཡོང་བའི་སློབ་གསོ་གཏོང་དགོས།
“ང་ཚོས་ཁ་ཏ་བསླབ་བྱ་ག་ཚོད་བྱས་རུང་ཕན་འབྲས་དེ་ཙམ་ཐོན་གྱི་མེད། ཕྱིས་སུ‘འགན་ལེན་གསུམ’གྱི་སྲིད་ཇུས་དང་སློབ་སྐྱོར་རོགས་དངུལ་སྤྲོད་པའི་སྲིད་ཇུས་ལག་བསྟར་བྱས་པས་ཁྱིམ་བདག་ཚོས་གཞི་ནས་ཕྲུ་གུ་སློབ་གྲྭར་གཏོང་འགོ་ཚུགས་སོང”ཞེས་བཤད།
མིག་སྔར། གྲོང་ཁྱེར་ཡོངས་ཀྱི་སློབ་ཞུགས་གོང་དང་། སློབ་ཆུང་། དམའ་རིམ་སློབ་འབྲིང་། མཐོ་རིམ་སློབ་འབྲིང་བཅས་སུ་སློབ་གྲྭར་ཞུགས་ཚད་82.42%དང་། 99.84% 105.46% 81.36%བཅས་ཀྱི་བར་སོ་སོར་འཕར་བ་དང་། སློབ་གྲྭ་འགྲིམས་མུས་ཀྱི་སློབ་མ་23847དང་། 78887 32642 18269(འབྲིང་རིམ་ལས་རིགས་ཀྱི་སློབ་མ་5634ཚུད་པ)བཅས་སོ་སོར་ཟིན་པ། དམིགས་བསལ་སློབ་གྲྭའི་སློབ་གྲྭ་འགྲིམས་མུས་ཀྱི་སློབ་མ་145ཡོད། 2020ལོའི་བར། གྲོང་ཁྱེར་ཡོངས་ཀྱི་རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭ་འགྲིམས་མུས་ཀྱི་སློབ་མ་147859ཟིན་པ་དེ་1951ལོའི་ལྡབ་2464ཡིན་པ་དང་སློབ་གསོ་ཁྱབ་གདལ་བྱུང་ཚད་ཕྱོགས་ཡོངས་ནས་མཐོ་རུ་ཕྱིན་ཡོད།
བོད་ཤར་འཛུགས་སྐྲུན་ལ་རྒྱུན་མཐུད་མཁན་ཡོད་པ།
1985ལོ་ཚུན། ནང་སའི་བོད་ལྗོངས་འཛིན་གྲྭས་རིམ་རྩིས་བྱས་ན་ཐེམ་ཁུངས་ཆབ་མདོ་ནས་ཡིན་པའི་ཚད་ལྡན་སློབ་ཐོན་སློབ་མ་ཁྲི་1ལྷག་ཙམ་གསོ་སྐྱོང་བྱས་པ་དང་། ཐེན་ཅིན་དང་། ཁྲུང་ཆིང་། ཧྥུའུ་ཅན་བཅས་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་དུ་བཙུགས་པའི་ཆབ་མདོའི་འཛིན་གྲྭར་2014ལོ་ནས་བཟུང་ཐེམ་ཁུངས་ཆབ་མདོ་ནས་ཡིན་པའི་སློབ་མ་1500ལྷག་ཙམ་བསྡུས་པ། 2020ལོའི་བར་གྲོང་ཁྱེར་ཡོངས་ཀྱི་སློབ་གསོའི་ཁོངས་གཏོགས་ཀྱི་རྨང་གཞིའི་སློབ་གསོའི་དུས་མཚམས་ཀྱི་དགེ་རྒན་དང་ལས་བཟོ་10562ཡོད་པ་དེ་1951ལོའི་ལྡབ་528རེད། མིག་སྔར་གྲོང་ཁྱེར་ཡོངས་ཀྱི་རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭ་659(སློབ་ཁྲིད་ས་ཚིགས་26)ཡོད་པའི་རྒྱ་ཁྱོན་ལ་སྨི་ངོས་གྲུ་4481502ཟིན་གྱི་ཡོད།
ཚོད་ལྟའི་སློབ་ཆུང་ནས་ཐོན་རྗེས་སླར་ཡང་ཚོད་ལྟའི་སློབ་ཆུང་དུ་རྒྱ་ཡིག་དགེ་རྒན་བྱེད་མཁན་པ་སངས་མཚོ་མོས་ལོ་31རིང་དཔེ་ཁྲིད་མི་སྐྱོང་བྱས་ཏེ། ཆབ་མདོའི་སློབ་གསོ་སློབ་ཁྲིད་ཀྱི་ཆ་རྐྱེན་ལེགས་སུ་ཕྱིན་པའི་དཔང་པོ་བྱས་ཤིང་། ཁོང་གིས“སྐབས་དེ་དུས་སྒྲོག་ཙེ་དང་རྐུབ་སྟེགས་ཚང་མ་གྲུ་བཞི་ནར་མོ་ཡིན་པ་མ་ཟད། མི་གཉིས་གསུམ་གྱིས་མཉམ་དུ་སྒྲོག་རྩེ་གཅིག་བེད་སྤྱོད་བྱེད་དགོས་ཀྱི་ཡོད། མཐོང་མ་མྱོང་བའི་དངོས་པོའང་སོ་སོས་བསམ་ཚོད་བྱེད་དགོས་ཀྱི་ཡོད། སྐབས་དེ་དུས་ཞ་སྨྱུག་ནི་ཧ་ཅང་རྩ་ཆེན་ཡིན་པས་གང་སར་ཉོ་ས་མེད”ཅེས་བཤད།
དེ་སྔའི་དཀའ་སྡུག་གི་འཚོ་བ་མྱངས་མྱོང་ཚེ། ད་ཆའི་འཚོ་བ་བདེ་སྐྱིད་ཡིན་པ་གཞི་ནས་ཚོར་ཐུབ། “ད་ཆ་སློབ་ཁྲིད་ཀྱི་རམ་འདེགས་ཡོ་བྱད་སྣ་ཚོགས་ཡོད་པའི་ཁར། འོས་འགན་སློབ་གསོ་གང་སར་ཁྱབ་གདལ་བཏང་བས་སློབ་གྲྭར་འགྲོ་བ་ནི་དཀའ་གནད་ཅིག་མིན་པར་མི་ཚང་མས་རང་ཉིད་ཀྱི་འབྱུང་འགྱུར་ལ་རེ་བ་ཚད་མེད་སྦྱིན་ཐུབ”ཅེས་པ་སངས་མཚོ་མོས་བཤད།
ལོ་ངོ་70ཡི་འཕེལ་རྒྱས་དང་འགྱུར་ལྡོག་ལས། སློབ་གསོའི་མེ་ཏོག་གངས་ལྗོངས་ས་མཐོར་བཞད་ནས་བོད་ཤར་གྱི་མུ་ཏིག་གི་འབྱུང་འགྱུར་ལ་རེ་བའི་ས་བོན་བཏབ་ཡོད།