དབུ་ཤོག>ཆེད་སྒྲིག
  • ས་མཐོའི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་བཏང་། མཛེས་སྡུག་ལྡན་པའི་བོད་ཤར་མིང་བྱང་བཏོད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-08-13

    ཉེ་ཆར། ཆབ་མདོའི་བོད་ཕག་གི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་འཆར་འགོད་བགྲོ་གླེང་དང་གྲུབ་འབྲས་མཉམ་གཏོད་སྙན་སེང་ཚོགས་འདུའི་ཐོག རིགས་གཅིག་མཁས་ཅན་ཚོགས་ཆུང་དང་བཅས་པས་བོད་ཕག་གི་ཐོན་ལས་འཁོར་འབྲེལ་ཆ་ཚང་བཟོས་ནས། ཆབ་མདོའི་བོད་ཕག་གི་ཁྱད་ལྡན་ཐོན་ལས་ཀྱིས་རྩ་ཆེའི་འཐབ་ཇུས་འཕེལ་རྒྱས་ཀྱི་དུས་སྐབས་དམ་འཛིན་བྱས་ཏེ་གནད་སྨིན་ཇུས་འདོན་དང་། ཞན་ཆ་སེལ་བ། ལེགས་ཆ་ཆེ་རུ་གཏོང་བ། ཕྱོགས་བསྡུས་དོ་དམ་བཅས་བྱས་ནས་ལོ་གསུམ་གྱི་དུས་ཚོད་སྤྱད་དེ་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ་བྱེད་དགོས་ལུགས་བཏོན་ཡོད།

    ལོ་མང་འབད་བརྩོན་བྱས་པ་བརྒྱུད་རི་བོ་ཆེའི་འབྲི་གཡག་དང་། ཨ་དབང་གི་ལུག དཔའ་ཤོད་ཀྱི་བྲ་བོ། བྲག་གཡབ་ཀྱི་ནས་ནག ཟུར་སྡེ་ཤོད་ཀྱི་སུར་པན། སྨར་ཁམས་ཀྱི་རྒུན་འབྲུམ་བཅས་ལ་ཞིང་ལས་ཐོན་རྫས་ཀྱི་ས་ཁམས་མཚོན་རྟགས་ཀྱི་ཐོ་འགོད་ལག་ཁྱེར་རག་ཡོད། སྨར་ཁམས་ཀྱི་རྒུན་འབྲུམ་དང་། བདག་དམར་གཡང་གི་རྒུན་འབྲུམ་ཨ་རག ལྷོ་རོང་གི་ནས་དང་རྩམ་པ། ཨ་དབང་གི་ལུག ཡུག་པོ་བཅས་ལ་སྐྱེ་ལྡན་གྱི་བརྗེ་སྒྱུར་ལག་ཁྱེར་རག་པ་དང་། སྔོན་དཔག་བྱས་ན་2022ལོར་སྐྱེ་ལྡན་བཟའ་བཅའི་ཁས་ལེན་ལག་ཁྱེར་རག་རྒྱུ་རེད།

    གྲུབ་འབྲས་དེ་དག་ནི་ཆབ་མདོ་གྲོང་ཁྱེར་གྱིས“གསོ་ཚགས་རྟེན་གཞི་ཆེ་གྲས་ལྔ”དང“འདེབས་འཛུགས་རྟེན་གཞི་ཆེ་གྲས་བདུན”གྱི་ཐོན་ལས་བཀོད་པར་དམིགས་ནས་ས་མཐོའི་ཁྱད་ལྡན་ཐོན་ལས་ཧུར་ཐག་བཏོད་པ་དང་། ཚན་རིག་དང་མཐུན་པའི་ངང་ཆབ་མདོ་གྲོང་ཁྱེར་གྱི་ཐོན་ལས་ཀྱི་གནད་སྨིན་དབུལ་སྐྱོར་འཆར་འགོད་དང་ལོ་གསུམ་གྱི་བྱ་སྤྱོད་འཆར་གཞི་བཟོས་ནས་སྣེ་འདྲེན་ཁེ་ལས་དང་སྤུས་རྟགས་ཐོན་རྫས་སྐྱེད་སྲིང་བྱས་པའི་འབྲས་བུ་ཞིག་རེད།

    ལས་ཀར་གཞི་འཛིན་ས་ཡོད་པ་བྱ་ཆེད་ཆབ་མདོ་གྲོང་ཁྱེར་གྱིས་འཕྲལ་མར་ས་མཐོའི་སྐྱེ་དངོས་ཐོན་ལས་ཆེད་དོན་སྐུལ་སྤེལ་ཚོགས་ཆུང་གཞུང་ལས་ཁང་བཙུགས་ནས། 《ཆབ་མདོ་གྲོང་ཁྱེར་གྱི་ས་མཐོའི་སྐྱེ་དངོས་ཐོན་ལས་ཆེད་དོན་སྐུལ་སྤེལ་ཚོགས་ཆུང་གཞུང་ལས་ཁང་གི་ལས་ཀའི་འགན་ནུས་སྔར་བས་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གྱི་བརྡ་ཐོ》བཀྲམ་སྟེ། ལས་ཀའི་འགན་འཁྲི་ཁ་གསལ་བཟོས་ནས་ཆེད་དོན་འགོ་ཁྲིད་ལ་ལས་བགོས་དང་། ཆེད་དོན་ཚན་ཁག་གིས་འགན་འཁུར་བ། ཆེད་དོན་མི་སྣས་དོན་འཁྱོལ་བཅས་བྱས་ཡོད།

    ས་མཐོའི་སྐྱེ་དངོས་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་ནས་འབྲི་གཡག་གསོ་ཚགས་ལག་རྩལ་དང་ཚན་རྩལ་འདུས་ཚད་མཐོ་རུ་གཏོང་ཆེད། ཟླ་ཤས་གོང་ཆབ་མདོ་གྲོང་ཁྱེར་ཞིང་ལས་གྲོང་གསེབ་ཅུས་ཀྱིས་ཆེད་མངགས་འབྲེལ་ཡོད་མི་སྣ་སྒྲིག་འཛུགས་བྱས་ཏེ། ཉིང་ཁྲི་དང་ལྷ་སར་ཕྱིན་ནས་འབྲི་གཡག་གསོ་ཚགས་ལག་རྩལ་ལ་རྟོག་ཞིབ་དང་སློབ་སྦྱོང་བྱས་པ་རེད། གཞན་ཡང་གཞི་རིམ་གྱི་སྒོ་ཕྱུགས་རྒྱུད་སྤེལ་མི་སྣའི་ལག་རྩལ་ཆུ་ཚད་སྔར་བས་མཐོ་རུ་གཏོང་ཆེད་ཆབ་མདོ་གྲོང་ཁྱེར་གྱིས་ལྷོ་རོང་རྫོང་དང་ཁ་རུབ་ཆུས་ཀྱི་གཞི་རིམ་གྱི་རྒྱུད་སྤེལ་མི་སྣ་11སྒྲིག་འཛུགས་བྱས་ནས། ལྷ་སའི་ཆུ་ཤུར་ཚོད་ལྟའི་ས་ཚིགས་སུ་དུས་ཡུན་ཉིན་10ཡི་བཀག་སྡོམ་རྣམ་པའི་གསོ་སྦྱོང་བྱས་ཡོད།

    ན་ནིང་ལོ་མཇུག་བར། ཆབ་མདོ་གྲོང་ཁྱེར་གྱིས་སྐྲུན་བཞིན་པའི་ས་མཐོའི་སྐྱེ་དངོས་ཐོན་ལས་རྣམ་གྲངས་32ལ་ཁྱོན་མ་དངུལ་སྒོར་དུང་ཕྱུར་3.47བཏང་ཡོད།

    འབྲི་གཡག་ཐོན་ལས་ཁྲོད་ཆབ་མདོ་གྲོང་ཁྱེར་གྱིས་ཁྲུང་ཆིང་ཞིང་ལས་ཚན་རིག་ཁང་གི་ལག་རྩལ་པ་ཆབ་མདོར་འབྲི་གཡག་ཐོན་ལས་ལ་བརྟག་ཞིབ་བྱེད་པར་གདན་དྲངས་པ་དང་། ཆབ་མདོ་དང་ཁྲུང་ཆིང་དུ་མ་དངུལ་སྒོར་ཁྲི་65བཏང་ནས་འབྲི་གཡག་རྒྱགས་གསོའི་ཕན་འབྲས་དཔྱད་བསྡུར་ཚོད་ལྟ་བྱེད་འགོ་བཙུགས་པ་རེད། ཆབ་མདོ་གྲོང་ཁྱེར་གྱི་འབྲི་གཡག་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་འབྲི་གཡག་གི་ཤུགས་རྐྱེན་ཐེབས་ཤུགས་དང་སྐད་གྲགས་ཆོད་ཚད་ཆེ་རུ་གཏོང་ཆེད། ཁྲུང་ཆིང་གི་བོད་སྐྱོར་མ་དངུལ་ཁྲོད་ནས་སྒོར་ཁྲི་40བཏོན་ཏེ་ཆེད་ལས་སྒྲིག་གཞིར་རི་བོ་ཆེའི་འབྲི་གཡག་གི་དྲིལ་བསྒྲགས་པར་གཞི་བཟོ་རྒྱུའི་མངགས་བཅོལ་བྱས་ཡོད།

    ན་ནིང་ཆབ་མདོས་བོད་ཕག་གསོ་ཚགས་རྟེན་གཞི་23ལ་བརྟེན་ནས་བོད་ཕག་མགོ་གྲངས་ཁྲི་15.04གསོ་ཚགས་བྱས་པ་དང་མགོ་གྲངས་ཁྲི་9བཤས་བཏང་ཡོད། ས་གནས་དེ་གའི་བོད་ཕག་གི་རྒྱུད་པའི་ཐོན་ཁུངས་སྲུང་སྐྱོང་བྱ་ཆེད་ཆབ་མདོ་གྲོང་ཁྱེར་གྱིས་ཡུན་ནན་ཞིང་ལས་སློབ་ཆེན་གྱི་བོད་ཕག་གི་དབུ་བཞུགས་རིགས་གཅིག་མཁས་ཅན་ཆབ་མདོར་བོད་ཕག་གི་རྒྱུད་པ་སྲུང་སྐྱོང་གི་ལག་རྩལ་མཉམ་ལས་བྱེད་པར་གདན་དྲངས་པ་དང་། དེའི་ཞིབ་འཇུག་ཚོགས་པའི་རྒྱུད་པའི་ཐོན་ཁུངས་གསལ་འབྱེད་ཀྱི་ཚུར་ལན་བསམ་འཆར་གཞིར་བཟུང་། 《2020ལོའི་ཆབ་མདོའི་བོད་ཕག་གི་རྒྱུད་པ་ལེགས་སུ་གཏོང་བའི་ལས་ཀའི་ཇུས་གཞི》བཟོས་ནས་སྨར་ཁམས་རྫོང་ནས་ཕག་གསེབ་མགོ་གྲངས་29ཉོས་ཏེ། མདོ་ཕུ་ཁའི་བོད་ཕག་གི་རྒྱུད་པ་སྲུང་སྐྱོང་རྟེན་གཞིའི་ཆབ་མདོའི་བོད་ཕག་གི་རྒྱུད་པ་སྲུང་སྐྱོང་བྱས་པ་རེད། དེ་དང་ཆབས་ཅིག་ཧུའུ་ནན་ཀྲེང་ཧུང་ཚན་རྩལ་ཚོགས་པ་གདན་དྲངས་ནས་བོད་ལྗོངས་ཁྲང་ཁྲང་ཞིང་ལས་ཕྱོགས་བསྡུས་གསར་སྤེལ་ཚད་ཡོད་འགན་འཁྲི་ཀུང་སི་དང་མཉམ་དུ་མ་དངུལ་བཏང་ནས་མ་རྩ་མཉམ་འཇོག་ཀུང་སི་བཙུགས་ཏེ་ཕག་པ(བོད་ཕག)གསོ་ཚགས་ལས་སྒོ་མཉམ་དུ་སྤེལ་བ་རེད།

    2017ལོ་ནས་བཟུང་། ཆབ་མདོ་གྲོང་ཁྱེར་ཁང་ཀུང་བྱ་རིགས་ཚན་རྩལ་ཚད་ཡོད་ཀུང་སིས་བོད་བྱ་གསོ་ཚགས་ལྟེ་གནས་དང་། གསོ་ཚགས་རྟེན་གཞི། ཁ་རུབ། སྨར་ཁམས། མཛོ་སྒང་། དཔའ་ཤོད། དཔལ་འབར་སོགས་རྫོང(ཆུས)གི་ད་ཡོད་ཀྱི་གསོ་ཚགས་རྟེན་གཞི་8ལ་བོད་བྱའི་རྒྱུད་པ་ཁྱབ་གདལ་བཏང་བ་དང་། “ཁེ་ལས་དང་། རྟེན་གཞི། མཉམ་ལས་ཁང་། གསོ་ཚགས་དུད་ཚང་བཅས་ཟུང་དུ་འབྲེལ་བའི”གཉེར་སྐྱོང་བྱེད་སྟངས་གཞིར་བཟུང་། མང་ཚོགས་སྣེ་ཁྲིད་ཀྱིས་ཚོང་ལས་ཅན་གྱི་གསོ་ཚགས་བྱས་ནས་གསོ་ཚགས་ཀྱི་གཞི་ཁྱོན་མགྱོགས་མྱུར་ཆེ་རུ་བཏང་ཡོད། ཆབ་མདོ་གྲོང་ཁྱེར་དགུང་སྔོན་དྭངས་གཙང་ཐོན་ལས་མ་འཇོག་ཚད་ཡོད་འགན་འཁྲི་ཀུང་སི་གཙོ་བོར་བྱས་ཏེ“དགུང་སྔོན་དྭངས་གཙང”གི་ཐོན་ལས་སྤུས་རྟགས་བཏོད་པ་དང་། བོད་བྱའི་སྤུས་རྟགས་གསར་སྤེལ་དང་ཁྱབ་གདལ་ལ་ཤུགས་སྣོན་བརྒྱབ་པ། བོད་བྱའི“སྤུས་རྟགས་གསུམ་དང་མཚོན་རྟགས་གཅིག”གི་ཁས་ལེན་ཐོབ་རྒྱུར་སྐུལ་འདེད་བཏང་ནས་བོད་བྱའི་སྤུས་རྟགས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་དང་། རྒྱུད་སྤེལ་ནུས་པ། སྐད་གྲགས་ཆོད་ཚད་བཅས་སྔར་བས་ཆེ་རུ་བཏང་ཡོད།

    གོམ་སྟབས་རྗེས་མར་ཆབ་མདོ་གྲོང་ཁྱེར་གྱིས་ཁྲོན་བོད་ལྕགས་ལམ་དང་གཙང་གསུམ་རྒྱུག་ཁུལ་གསར་སྤེལ་ལ་དམ་འཛིན་ཡག་པོ་བྱས་ཏེ། ས་མཐོའི་ཁྱད་ལྡན་ཞིང་འབྲོག་ལས་ཐོན་ལས་ཁུལ་ཁག་གཅིག་བསྐྲུན་ནས་ཐོན་ལས་དབུལ་སྐྱོར་རྣམ་གྲངས་ཀྱིས་མང་ཚོགས་ལ་ཡུན་རིང་འབབ་འཕར་བརྟན་པོ་ཡོང་བར་སྐུལ་ཁྲིད་བྱེད་རྒྱུ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།