སྟོད་ལུང་བདེ་ཆེན་ཆུས་འབྲོག་མ་གྲོང་ཚོ་ནི་དེ་སྔོན་ཧ་ཅང་དབུལ་བའི་གྲོང་ཚོ་ཞིག་རེད། ཉེ་བའི་ལོ་ཤས་རིང་། སྟོད་ལུང་བདེ་ཆེན་ཆུས་ཀྱིས“ཞང་ཞུང་མེ་ཏོག”དང“བདེ་སྐྱིད་བོད་ཁྱིམ”སོགས་རིག་གནས་ཡུལ་སྐོར་གྱི་ཐོན་ལས་འཕེལ་རྒྱས་ལ་བརྟེན་ནས། ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་མང་ཚོགས“ཡུལ་སྐོར་ལས་རིགས”སུ་ཞུགས་པ་བརྒྱུད། འབབ་འཕར་ཕྱུག་འགྱུར་གྱི་ལམ་བུའི་ཐོག་བསྐྱོད་ཐུབ་པ་བྱུང་ཡོད།
“བདེ་སྐྱིད་བོད་ཁྱིམ”ནི་འབྲོག་མ་གྲོང་ཚོའི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བཀོད་སྒྲིག་ལས་གྲྭའི་རྨང་གཞིའི་ཐོག རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་དབུལ་སྐྱོར་བྱེད་ཐབས་སྤྱད་དེ་བོད་བཟོའི་ཁྱིམ་ཚང་མགྲོན་ཁང་གཙོ་བོར་བྱས་པའི་གྲོང་མིའི“རང་བརྟེན”ལམ་སྲོལ་ཞིག་རེད། “ཁྱིམ་སྡོད་ལས་ཞུགས་དང་ས་གནས་ས་ཐོག་ཏུ་དབུལ་སྐྱོར”བྱ་རྒྱུ་བསམ་ཕྱོགས་སུ་བྱས་ཏེ། འབྲོག་མ་གྲོང་ཚོའི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་བཀོད་སྒྲིག་ཁང་པ་བོད་བཟོའི་ཉམས་འགྱུར་ལྡན་པའི་ཁྱིམ་ཚང་མགྲོན་ཁང་དུ་རིམ་སྤོར་སྒྱུར་བཀོད་བྱས་པ་མ་ཟད། ཡུལ་སྐོར་བས་གཞིས་ཀར་སྡོད་པ་དང་། བོད་ཟས་ཟ་བ། མེ་ཏོག་ལ་ལྟ་བ། སྐོར་སྐྱོད་བྱེད་པ། ཉོ་སྒྲུབ་ལ་རོལ་བ་སོགས་ཀྱི་ཐོན་ལས་ཀྱི་ལས་རྣམ་མང་དུ་བཏང་ནས། བོད་ཁྱིམ་གྱི་དམངས་སྲོལ་རིག་གནས་ཡུལ་སྐོར་གྱི་བཀྲག་མདངས་འཚེར་ས་གསར་པ་ཞིག་བཏོད་ཡོད།
བཀྲ་ཤིས་སྒྲོལ་མ་ནི་འབྲོག་མ་གྲོང་ཚོའི་ཡུལ་མི་ཞིག་རེད། 2016ལོར་ཁོང་རྒུ་རུམ་གྲོང་རྡལ་རྣམ་པར་གྲོང་ཚོ་ནས་འབྲོག་མ་གྲོང་ཚོར་གནས་སྤོས་བྱས་རྗེས། “བདེ་སྐྱིད་བོད་ཁྱིམ”དུ་ལས་ཀ་བྱེད་པར་འོང་། “ང་རྣམ་པར་གྲོང་ཚོ་ནས་འབྲོག་མ་གྲོང་ཚོར་གནས་སྤོས་བྱས་པ་ཡིན། ད་ལྟ‘བདེ་སྐྱིད་བོད་ཁྱིམ’དུ་ལས་ཀ་བྱས་ནས་ཟླ་རེར་གླ་ཆ་སྒོར་3500ལེན་རྒྱུ་འདུག གལ་ཆེ་ཤོས་ནི་ལས་ཀ་བྱེད་ས་ནས་ཁྱིམ་དུ་སྐར་མ་བཅུ་ཙམ་ལས་འགོར་གྱི་མེད་ལ། ཁོར་ཡུག་ཀྱང་ཡག་པོ་འདུག”ཅེས་བཀྲ་ཤིས་སྒྲོལ་མས་བཤད།
2020ལོར“བདེ་སྐྱིད་བོད་ཁྱིམ”གྱིས་བགོ་འགྲེམས་སྒོར་ཁྲི་33.75བརྒྱབ་ཅིང་། ཕན་པ་ཐོབ་མཁན་མང་ཚོགས་ཀྱི་གྲས་སུ་འབྲོག་མ་གྲོང་ཚོའི་ཡུལ་གཞན་ནས་གནས་སྤོས་བྱས་པའི་དུད་ཚང་100ཚུད་པར་ཁྱོན་བསྡོམས་མི་409ཡོད་པ་དང་དུད་ཚང་རེར་ཆ་སྙོམས་འབབ་འཕར་སྒོར་3300ལྷག་ཙམ་བྱུང་ཡོད། ཁྱིམ་ཚང་མགྲོན་ཁང་གི་གཉེར་སྐྱོང་བྱས་པ་བརྒྱུད་བགོ་འགྲེམས་མང་ཤོས་ཐོབ་པའི་གནས་སྤོས་དུད་ཚང་ལ་འབབ་འཕར་སྒོར་11600ཙམ་བྱུང་ཡོད། གྲོང་མིས“བདེ་སྐྱིད་བོད་ཁྱིམ”གྱི་ཁྱིམ་ཚང་མགྲོན་ཁང་གི་གཉེར་སྐྱོང་ནང་ཧུར་ཐག་ཞུགས་རྒྱུར་སྐུལ་ལྕག་དང་ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་ཆེད། 2020ལོའི་ལོ་འཁོར་གྱི་བགོ་འགྲེམས་ཚོགས་ཆེན་ཐོག་ད་དུང“སྤུས་ལེགས་ཁྱིམ་ཚང་མགྲོན་ཁང”གསུམ་དཔྱད་འདེམས་བྱས་ཡོད།