ཉེ་བའི་ལོ་ཤས་རིང་བོད་ཀྱིས་སྔ་རྗེས་སུ་མཚོ་བོད་དང་། ཁྲོན་བོད། བོད་དབུས། མངའ་རིས་བཅས་ཀྱི་གློག་དྲ་སྦྲེལ་མཐུད་ལས་གྲྭའི“གློག་ཤུགས་མཁའ་ལམ”4བསྐྲུན་པས། བོད་ཀྱི་ཆན་ཕུའུ་500ཡི་གཅིག་གྱུར་གློག་དྲ་ཆགས་པ་དང་གློག་དྲ་གཙོ་བོ་བོད་ཀྱི་རྫོང(ཆུས)74ཚང་མར་ཁྱབ་ནས་མི་ཁྲི་330ཙམ་ལ་ཕན་པ་ཐོབ་ཅིང་། གངས་ལྗོངས་ས་མཐོའི་དེ་སྔའི་གློག་དཀོན་པ་དང་གློག་རིན་མཐོ་བའི་གནད་དོན་ཐག་གཅོད་ཐུབ་ཡོད།
“དེ་སྔ་བོད་ཀྱི་རྫོང་ཡོངས་ཀྱི་གློག་ཚང་མ་ཆུ་ཤུགས་གློག་ཁང་ཆུང་གྲས་གཉིས་ལ་བརྟེན་དགོས་པས། རྫོང་གྲོང་དུ་གློག་ཡང་ཡང་ཆད་ཀྱི་ཡོད། ང་ཚོས་ཁྲའེ་ཡིའུ་གློག་འདོན་འཕྲུལ་འཁོར་ལ་བརྟེན་ནས་གློག་གཏོང་གི་ཡོད། འོན་ཀྱང་གློག་ཤུགས་ཆུང་དྲགས་པས་གློག་དྲོད་ཡོ་ཆས་སྤྱོད་ཐབས་བྲལ་བར་བརྟེན་སྐུ་མགྲོན་ཚོས་རྟག་ཏུ་ཕོ་ཁེབས་གསུམ་རྩེག་གྱོན་ནས་དྲོད་ཁུག་ཐབས་བྱེད་ཀྱི་ཡོད། དེས་མ་ཟད་ཁྲའེ་ཡིའུ་གློག་འདོན་འཕྲུལ་འཁོར་གྱིས་གློག་གཏོང་བར་ཉིན་གཅིག་ལ་སྣུམ་རིན་སྒོར་1200ཡས་མས་དགོས་པས་རྒྱུན་གཏན་གྱི་གློག་རིན་གྱི་ལྡབ་3ཡན་རེད”ཅེས་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་ས་དགའ་རྫོང་གི་གསོལ་མགྲོན་ཁང་ཞིག་གི་ཅིང་ལི་ཟླ་བ་བུ་ཁྲིད་ཀྱིས་བཤད་ཅིང་། ཁོང་གིས“ན་ནིང་མངའ་རིས་ཀྱི་གློག་ཤུགས་དྲ་སྦྲེལ་ལས་གྲྭ་འཁོར་རྒྱུག་བྱས་རྗེས་ང་ཚོས་གློག་བརྟན་པོ་ཞིག་སྤྱོད་ཐུབ་པ་བྱུང་། ཁང་པ་ཚང་མར་དྲོད་སྙོམས་འཕྲུལ་ཆས་བསྒར་བས་ཞག་སྡོད་ཆ་རྐྱེན་ཧ་ཅང་ལེགས་སུ་ཕྱིན་སོང”ཞེས་བཤད།
དུས་ཡུན་ཧ་ཅང་རིང་པོ་ཞིག་ནང་ས་ཁམས་ཆ་རྐྱེན་སོགས་ཀྱི་རྐྱེན་པས་གློག་ཤུགས་ཁ་ཐང་བའི་གནད་དོན་ནི་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཚོད་འཛིན་བཟོ་བའི་འཇུར་མིག་མངོན་གསལ་དོད་པོ་ཞིག་རེད།
ཞི་བས་བཅིངས་འགྲོལ་མ་བཏང་གོང་བོད་དུ་མཐོ་རིམ་སྐུ་དྲག་ཉུང་ཤས་ལ་གློག་གཏོང་ཐུབ་ཙམ་གྱི་གློག་ཁང་ཆུང་ཆུང་གཅིག་ལས་མེད། བོད་ཞི་བས་བཅིངས་འགྲོལ་བཏང་རྗེས་རྒྱལ་ཁབ་ཀྱིས་ས་མཐོའི་མི་དམངས་ཀྱི་གློག་སྤྱོད་གནད་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ཞིང་། 1965ལོར“ལྷ་སའི་མཚན་མོའི་མུ་ཏིག”ཅེས་སུ་གྲགས་པའི་རྔ་ཆེན་གློག་ཁང་གི་འཕྲུལ་ཙུའུ་6ཚང་མ་བསྐྲུན་ཟིན་ནས་གློག་གཏོང་འགོ་ཚུགས་པ་དང་། ལྷ་སའི་གྲོང་མི་མི་ཉུང་བ་ཞིག་གིས་སྒྲོན་མེ་དང་བཞུ་མར་སྤར་ཏེ་མུན་པ་སེལ་ཐབས་བྱེད་པའི་ལོ་རྒྱུས་མཇུག་འགྲིལ་ནས་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པའི་གློག་ཤུགས་བཟོ་ལས་འགོ་ཚུགས་པའི་ལམ་བུ་བཏོད་ཡོད།
དེ་རྗེས་1985ལོར་བོད་ཀྱི་ཆན་ཕུའུ་110ཟིན་པའི་གློག་གཏོང་སྐུད་ལམ་ཐོག་མ་དེ་སྤྱོད་འགོ་ཚུགས་པ་དང་། དུས་རབས་20པའི་ལོ་རབས་90པའི་དུས་མཇུག་ཏུ་ལྷ་ས་དང་ལྷོ་ཁའི་གློག་དྲ་སྔ་སྣུར་དུ་སྦྲེལ་མཐུད་ཐུབ་པ་དང་། དུས་རབས་21པའི་དུས་འགོར་བོད་དབུས་གློག་དྲ་གཞི་རྩའི་ཆ་ནས་གྲུབ་ཡོད། ལྷག་པར་དུ་ཉེ་བའི་ལོ་བཅུའི་རིང་བོད་ཀྱི་གློག་དྲ་འཛུགས་སྐྲུན་གྱི“གོམ་སྟབས་མྱུར་ལ་བརྟན་པོ”བྱུང་ནས་2010ལོར་མཚོ་བོད་གློག་ཤུགས་དྲ་སྦྲེལ་ལས་གྲྭ་སྐྲུན་འགོ་ཚུགས་པ་ནས་ད་བར་གློག་ཤུགས་འཛུགས་སྐྲུན་པ་ཁྲི་10ལྷག་ཙམ་གྱིས་ཁ་བ་བུ་ཡུག་དང་ལ་དུག་ཕོག་པར་མ་འཛེམས་པར“འཛམ་གླིང་ཡང་རྩེར”བོད་ཡོངས་ལ་ཁྱབ་པའི“གློག་ཤུགས་མཁའ་ལམ”སྔ་རྗེས་སུ་བསྐྲུན་པས་བོད་དུ་གློག་བརྟན་པོ་གཏོང་ཐུབ་ཚད་99.33%ཟིན་ཡོད།
གློག་དྲ་གཙོ་བོ་རིམ་སྤོར་མཆོང་སྐྱོད་དང་འཕེལ་རྒྱས་མྱུར་པོ་ཕྱིན་ནས་དུས་ཡུན་རིང་པོའི་ནང་བོད་དུ་གློག་དཀོན་པའི་གནད་དོན་རྩ་བའི་ཆ་ནས་ཐག་གཅོད་ཐུབ་པ་དང་། ཁྱིམ་སྤྱོད་གློག་ཆས་བོད་ཀྱི་མི་སེར་དཀྱུས་མའི་ཁྱིམ་དུ་སྤྱོད་རྒྱུར་སྐུལ་ཁྲིད་ཐུབ་པ། རྒྱ་ཆེའི་ཞིང་འབྲོག་པར“གློག་སྤྱོད་ཐུབ་པ”ནས“གློག་ཡག་པོ་སྤྱོད་རྒྱུ་བྱུང་བའི”བར་གྱི་འཚོ་བའི་སྤུས་ཚད་ལེགས་སུ་འགྲོ་བར་རོགས་རམ་ཐུབ་པ་དང་ཆབས་ཅིག་ས་མཐོའི་ཐོན་ཁུངས་ཀྱི་ལེགས་ཆ་དེ་དཔལ་འབྱོར་གྱི་ལེགས་ཆར་བསྒྱུར་རྒྱུར་རྨང་གཞི་བཏིང་ནས་བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་གྲོང་གསེབ་དར་རྒྱས་ཀྱི་འདེགས་སྐྱོར་ནུས་ལྡན་ཞིག་ཏུ་གྱུར་ཡོད།
ཉེ་བའི་ལོ་ཤས་རིང་། བོད་དུ་གྲངས་གཞི་ཆེ་མོ་ཉར་ཚགས་དང་། མདོག་ལྡན་ལྕགས་རིགས་སྔོག་འདེམས། ལྗང་མདོག་འཛུགས་སྐྲུན་རྒྱུ་ཆ་སོགས་གློག་གྲོན་ཅུང་ཆེ་བའི་ཐོན་ལས་འཕེལ་རྒྱས་མྱུར་པོ་ཕྱིན་ཡོད། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་། བོད་ཀྱི་གློག་དྲས་གློག་སྤྱོད་ཚད་ལོ་བསྟུད་མར་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་དེ་ལོ་རེར་འཕར་ཚད་20%ཙམ་ཟིན་ཡོད། སྤྱི་ཚོགས་ཡོངས་ཀྱི་གློག་སྤྱོད་ཚད་ལོ་མང་བསྟུད་མར་གྲངས་གནས་གཉིས་འཕར་རྒྱུ་རྒྱུན་འཁྱོངས་ཐུབ་ནས་ཆུ་ཚོད་ཆན་ཝ་དུང་ཕྱུར་82.5ཟིན་ཡོད།
ལྷ་ས་གྲོང་ཁྱེར་མཐོ་གསར་ཁུལ་དུ་གནས་པའི་བོད་ལྗོངས་ཉིང་སོན་ཚན་རྩལ་ཚོགས་པ་ཚད་ཡོད་ཀུང་སིར་བོད་ཀྱི་སྤྲིན་ཚོམ་རྩིས་རྒྱག་གི་གྲངས་གཞིའི་ལྟེ་གནས་ཆེ་ཤོས་དེ་ཡོད་པ་དང་། ཁེ་ལས་ཀྱི་ས་བཟུང་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་64.5ཟིན་ཞིང་། ཁྱོན་མ་དངུལ་སྒོར་དུང་ཕྱུར་118བཏང་བ་དང་འཕྲུལ་སྒྲོམ་ཁྲི་7ཤོང་གི་ཡོད།
ཀུང་སིའི་འགན་འཁུར་བ་ཅང་ཉིང་གིས“གྲངས་གཞི་ཆེ་མོའི་ཐོན་ལས་ཀྱི་མ་གནས་གཙོ་བོ་ནི་གློག་རིན་ཡིན་པ་དང་། དེས་སྤྱིའི་གཏོང་སྒོའི་70%ཙམ་བཟུང་གི་ཡོད། གལ་སྲིད་བོད་ཀྱི་གློག་ཤུགས་བྱ་གཞག་བྱ་འཕུར་བ་ལྟར་གོང་འཕེལ་མ་བྱུང་ན་ང་ཚོའི་ཁེ་ལས་ཀྱིས་གློག་སྤྱོད་རྒྱུར་འགན་ལེན་ཡོང་ཁག་པོ་རེད་ལ་ཀུང་སིའང་རྒྱ་སྟོབས་ཆེ་རུ་འགྲོ་མི་སྲིད”ཅེས་བཤད།
རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཚད་ཡོད་ཀུང་སིའི་འབྲེལ་ཡོད་འགན་འཁུར་བས“ལོ་ལྔ་ཚན་བཅུ་བཞི་པའི”རིང་། རྒྱལ་ཁབ་གློག་དྲ་ཀུང་སིས་བོད་དུ་མ་རྩ་སྒོར་དུང་ཕྱུར་466བཏང་སྟེ་བོད་དང་ལྷོ་ནུབ་ཀྱི་གློག་དྲ་སྦྲེལ་མཐུད་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་། མཚོ་བོད་ཀྱི་ཐད་རྒྱུག་གི་དུས་ཐེངས་གཉིས་པ་སོགས་ཀྱི་ལས་གྲྭའི་དུས་འགོའི་ལས་དོན་ལ་སྐུལ་འདེད་ཧུར་ཐག་གཏོང་བ། རྫོང་ཁོངས་ཀྱི་གློག་དྲ་དང་། ལྟེ་བའི་གྲོང་ཁྱེར་དང་གྲོང་རྡལ་དང་ཐོན་ལས་གླིང་གི་གློག་དྲ་ཕྱོགས་ཡོངས་ནས་སྟོབས་ཤུགས་ཆེ་རུ་གཏོང་རྩིས་ཡོད་པ་རེད། དེ་དང་ཆབས་ཅིག་གྲོང་གསེབ་ཀྱི་གློག་རླངས་ཅན་གྱི་རིམ་སྤོར་ལས་གྲྭ་ལག་བསྟར་ཤུགས་ཆེན་བྱས་ཏེ་བོད་ཀྱི་གྲོང་གསེབ་དར་རྒྱས་ལ་རམ་འདེཌ་བྱ་རྒྱུ་ཡིན་ཞེས་བཤད།

འདི་ནི་ལྷ་ས་གྲོང་ཁྱེར་སྙེ་མོ་རྫོང་ཁོངས་ཀྱི་གློག་ཤིང་ཡིན་པ།

འདི་ནི་གཞིས་རྩེ་གྲོང་ཁྱེར་ལྕགས་འདམ་དེང་རབས་སྐྱེ་ཁམས་ཐོན་ལས་དཔེ་སྟོན་གླིང་གི“འོད་ཤུགས་དང་ནུས་གསོག”གློག་ཁང་ཡིན་པ།