དབུ་ཤོག>ཆེད་སྒྲིག
  • ལོ་རྒྱུས་སྦྱངས་ནས་ལག་ལེན་ནན་ཏན་བསྟར་ཏེ་བྱ་བ་དངོས་སྒྲུབ་པ་དང་དམངས་ལ་ཞབས་འདེགས་ཞུས་ནས་དཀའ་གནད་སེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-08-10

    ཉིན་ཤས་གོང་། གསར་འགོད་པར་རང་སྐྱོང་ལྗོངས་ཏང་ཨུད་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་ནས་ཤེས་རྟོགས་བྱུང་བར། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་བྱེད་སྒོ་སྤེལ་ཚུན། རང་ལྗོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་རྟོག་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་། ལག་བསྟར། དོན་འཁྱོལ་བཅས་བྱེད་པ་མིག་སྔའི་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོར་བརྩིས་ཏེ། ལོ་རྒྱུས་སྦྱངས་ནས་ལག་ལེན་ནན་ཏན་བསྟར་བའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་གལ་ཆེན་ལ་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་། སློབ་སྦྱོང་བགྲོ་གླེང་དང་། སྒྲོག་འགྲེལ་དྲིལ་བསྒྲགས། ཆེད་དོན་གསོ་སྦྱོང་སོགས་ཀྱི་བྱེད་སྒོ་སྤེལ་ནས། ཏང་ཡོན་ལས་བྱེད་པར་འགྱུར་མེད་སྟོབས་ལྡན་གྱི་ཏང་གཤིས་ཞུན་བརྡར་དང་། དམངས་ལ་འཆང་བའི་བརྩེ་སེམས་ཟབ་ཏུ་གཏོང་བ། འགན་འཁྲི་འཁུར་སེམས་ཆེ་རུ་གཏོང་བ་བཅས་ལ་ཁྲིད་སྟོན་ཧུར་ཐག་བྱས་ཏེ་ལོ་རྒྱུས་དང་མི་དམངས་ལ་ངོ་གནོང་མི་དགོས་པའི་གྲུབ་འབྲས་གསར་པ་ཧུར་ཐག་གཏོད་དགོས།

    ཕུགས་བསམ་དང་དད་སེམས་བརྟན་དུ་བཏང་ནས་ཏང་གཤིས་ཞུན་བརྡར་ཐད་ལག་ལེན་ནན་ཏན་བསྟར་ཞིང་། རིམ་ཁག་ཏང་ཨུད(ཏང་ཙུའུ)ཀྱིས་རྣམ་པ་སྣ་ཚོགས་ལ་བརྟེན་ནས་ཆེད་དོན་སློབ་སྦྱོང་བྱས་ཏེ“ཆབ་སྲིད་ཀྱི་ཚད་གཞི་དེ་བས་མཐོ་བ་དང་། ཏང་གཤིས་ཀྱི་བླང་བྱ་དེ་བས་ནན་པ། རྩ་འཛུགས་ཀྱི་སྒྲིག་ཁྲིམས་དེ་བས་ནན་པའི”ཆེད་དོན་སློབ་གསོ་དང་ཟུང་འབྲེལ་གྱིས་གཅིག་སྡུད་སློབ་སྦྱོང་དང་བགྲོ་གླེང་ཐེངས་7000ལྷག་ཙམ་དང་། ཆེད་དོན་ཏང་གི་སློབ་ཚན་ཐེངས་8000ལྷག་ཙམ། རིགས་གཅིག་མཁས་ཅན་གྱི་ཆེད་དོན་ཟུར་ཁྲིད་ཐེངས་1200ལྷག་ཙམ་བྱས་པ་རེད།

    ཐོག་མའི་བསམ་འདུན་དང་འགན་འཁྲི་ལག་ལེན་བསྟར་ནས་དམངས་ལ་ཞབས་འདེགས་ཞུ་བའི་ཐད་ལག་ལེན་ནན་ཏན་བསྟར་ཞིང་། རང་སྐྱོང་ལྗོངས་ཀྱིས་གཏན་འཁེལ་བྱས་པའི་བཟའ་བཅའི་བདེ་འཇགས་དང་། ཞིང་པ་ལས་མིའི་གླ་ཆ་འགྱངས་ཆད་བྱས་རིགས་གཙང་སྤྲོད། ཞིང་འབྲོག་མང་ཚོགས་ཀྱི་སྡོད་ཁང་གི་སྤུས་ཚད་ལེགས་གཏོང་སོགས“བྱ་བ་དངོས་བཅུ་གསུམ”ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབས་ཏེ“ངས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པ”དེ་སྟབས་བདེའི་བྱ་བ་སྒྲུབ་པ་ནས་ལམ་ལུགས་དང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བའི་བར་སྐུལ་འདེད་བཏང་ཡོད། རིམ་རྩིས་བྱས་ན། ཏང་ཡོན་ལས་བྱེད་པ་ཁྲི་6ལྷག་ཙམ་གཞི་རིམ་དུ་བརྟག་ཞིབ་བྱེད་པར་མངགས་ཏེ། དམངས་ཆེད་བྱ་བ་དངོས་སྒྲུབ་པའི་རྣམ་གྲངས་ཀྱི་གསལ་ཐོ་དང་རྩིས་ཁྲ་དུས་ཐོག་ཏུ་བཟོས་པ་དང་། མང་ཚོགས་ཀྱི་བསམ་འཆར་མང་བའི་གནད་དོན་ཁྲི་1.2ལྷག་ཙམ་ཐག་གཅོད་བྱས་པ། མང་ཚོགས་ལ་བྱ་བ་དངོས་དང་བྱ་བཟང་ཁྲི་6.5ལྷག་ཙམ་བསྒྲུབས་པ་བཅས་བྱས་པས། མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་མངོན་གསལ་དོད་པོས་ཟབ་ཏུ་སོང་ཡོད།

    འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཟབ་ཏུ་བཏང་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་ལག་ལེན་ནན་ཏན་བསྟར་ཞིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་རྟོག་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱ་རྒྱུ་དེ་སྤྱི་ཁྱབ་ཧྲུའུ་ཅིའི་བོད་ཀྱི་ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་དང་ཟུང་འབྲེལ་བྱས་ཏེ། མང་ཚོགས་ལ་འབབ་འཕར་གཏོད་པ་དང་དབུལ་སྒྲོལ་འགག་སྒྲོལ་ལ་ནུས་པ་ཐོན་པའི་མྱུར་འགྲུབ་དམངས་ཕྱུག་ཐོན་ལས་དང་དཔལ་འབྱོར་འཕེལ་རྒྱས་ལ་འདེགས་སྐྱོར་གྱི་ནུས་པ་ཐོན་པའི་འཐབ་ཇུས་རང་བཞིན་གྱི་ཐོན་ལས་སྤྱི་འདོམས་འཆར་འགོད་བྱེད་པ་དང་། ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ལ་གང་མགྱོགས་སྐུལ་འདེད་གཏོང་བ། ནས་ཐོན་འཕར་དང་འབྲི་གཡག་བཤས་གཏོང་ཚད་མང་དུ་གཏོང་བའི་བྱ་སྤྱོད་ལག་བསྟར་ཤུགས་ཆེན་བྱེད་པ། ཡུལ་སྐོར་རིག་གནས་འཕེལ་རྒྱས་ཤུགས་ཆེན་གཏོང་བ། རྒྱལ་ཁབ་ཀྱི“ལོ་ལྔ་ཚན་བཅུ་བཞི་པའི”འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་རྣམ་གྲངས་གལ་ཆེན་ལ་གང་མགྱོགས་སྐུལ་འདེད་གཏོང་བ། ཁྲོན་བོད་ལྕགས་ལམ་སོགས་རྨང་གཞིའི་སྒྲིག་བཀོད་གལ་ཆེན་འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་གཏོང་བ་བཅས་བྱས་ནས་མང་ཚོགས་དེ་བས་མང་བར་འགྲོ་འོང་དང་སྤེལ་རེས་ཀྱི་མཐུན་སྒྲིལ་ལམ་བུ་དང་བདེ་སྐྱིད་ལམ་བུ་གཏོད་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།