
འདི་ནི་ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་ཁོངས་ཀྱི་མཚོ་བོད་ལྕགས་ལམ་བརྒལ་བའི་ཟམ་ཆེན་འོག་ནས་མེ་འཁོར་རྒྱུག་བཞིན་པ།

འདི་ནི་ལས་མིས་ཅིང་བོད་མྱུར་བགྲོད་གཞུང་ལམ་གྱི་ནག་ཆུ་ནས་ཡངས་པ་ཅན་བར་གྱི་ལམ་དུམ་བུའི་གཡས་གཡོན་དུ་བཏབ་པའི་རྩྭ་རྩི་ཤིང་ལ་ཆུ་རྒྱག་བཞིན་པ།

འདི་ནི་ལྷ་ས་གྲོང་ཁྱེར་རྫོང་རྩེ་ཕུག་ལམ་གྱི་ཨར་ལས་བྱ་ཡུལ་དུ་བསྟན་འཛིན་བསོད་ནམས(གཡས)ཀྱིས་རྡོ་ཧྲུག་རུབ་རུབ་བཟོ་བཞིན་པ།

འདི་ནི་ཅིང་བོད་མྱུར་བགྲོད་གཞུང་ལམ་གྱི་ནག་ཆུ་ནས་ཡངས་པ་ཅན་བར་གྱི་ལམ་དུམ་གྱི་ཕུག་ལམ་ཡིན་པ།
ཟམ་པ་དང་ཕུག་ལམ་ཕན་ཚུན་སྦྲེལ། རི་བོ་དང་ཆུ་མོ་བདེ་བར་སྒྲོལ། བོད་ནུབ་བྱང་གི་མཐོ་གྲང་རྩྭ་ཐང་ཡིན་ནའང་འདྲ། ཡང་ན་བོད་ཤར་ལྷོའི་གྲོག་རོང་ཡིན་ནའང་འདྲ་ཚང་མར་གཞུང་ལམ་བདེ་བགྲོད་ཐུབ་པའི་འགྱུར་ལྡོག་ཆེན་པོ་དེར་སྐྱེ་བོ་ཀུན་ཧ་ལས་ཧང་སངས་དགོས་པ་ཞིག་ཡོད། བོད་དུ་གཞུང་ལམ་དང་ལྕགས་ལམ་གྱི་ཟམ་པ་དང་ཕུག་ལམ་གྱིས་རི་ཀླུང་ཁྲི་སྟོང་མང་པོ་གཅིག་ཏུ་སྦྲེལ་ཏེ། མི་འགྲུལ་དང་། ཟོག་འགྲུལ། འཕྲིན་འགྲུལ་བཅས་མགྱོགས་མྱུར་ཤར་གཏོང་ཐུབ་པར་བརྟེན། “འཛམ་གླིང་ཡང་རྩེར”མི་ཚོགས་མང་དུ་སོང་ལ་དཔལ་འབྱོར་གྱི་གསོན་ཤུགས་ཀྱང་རྒྱས་ནས་གངས་འཁྱགས་ཀྱིས་བསྡམས་པའི་ས་མཐོ་གཉིད་ལས་སད།
འདི་ལོའི་ཟླ་6པར་ལྷ་ས་ནས་ཉིང་ཁྲི་བར་གྱི་ལྕགས་ལམ་ཤར་གཏོང་ཐུབ་ཅིང་། ལམ་ཐིག་ཧྲིལ་པོར་ཕུག་ལམ་47དང་ཟམ་པ་121ཡོད་པ་དང་འཛུགས་སྐྲུན་པ་ཁྲི་13གྱིས་ལོ་6ལྷག་ཙམ་འབད་འཐབ་བྱས་པ་དང་། 2011ལོའི་ཟླ་7པར་ལྷ་ས་ནས་གོང་དཀར་གནམ་ཐང་བར་གྱི་རིམ་མཐོའི་གཞུང་ལམ་ཤར་གཏོང་ཐུབ་སྟེ། བོད་དུ་རིམ་མཐོའི་གཞུང་ལམ་མེད་པའི་ལོ་རྒྱུས་མཇུག་འགྲིལ། 1950ལོ་ནས་བཟུང་དམག་དམངས་ཁྲི་11གིས་དཀའ་བ་དུ་མ་སྤྱད་དེ་ཁྲོན་བོད་གཞུང་ལམ(སྔོན་མ་ཁམས་བོད་གཞུང་ལམ་ཟེར)བསྐྲུན་ཞིང་། གཞུང་ལམ་དེར་ཁྱོན་བསྡོམས་ཟམ་པ་597དང་ཟམ་སྦུག་2860ཇུས་འགོད་བྱས་པ་དང་དེའི་རིང་མི་2000ལྷག་ཙམ་གྱི་སྲོག་ཤོར།
བྱ་གཞག་རླབས་པོ་ཆེ་དེ་དག་ལས་བོད་དུ་འགྲོ་ལམ་ཤར་གཏོང་བྱེད་པའི་རྒྱལ་ཁབ་ཀྱི་ཆོད་སེམས་དང་སྙིང་སྟོབས་མངོན་གྱི་ཡོད། བོད་རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གི་གྲངས་གཞི་ལས་མངོན་པར།“ལོ་ལྔ་ཚན་བཅུ་གསུམ་པའི”རིང་བོད་ཀྱིས་འགྲིམ་འགྲུལ་སྐྱེལ་འདྲེན་ལ་གཏན་འཇགས་རྒྱུ་ནོར་སྒོར་དུང་ཕྱུར་2516བཏང་བ་དེ“ལོ་ལྔ་ཚན་བཅུ་གཉིས་པའི”རིང་གི་ལྡབ་3.7ཡིན་པ་དང་བོད་ཀྱི་གཏན་འཇགས་རྒྱུ་ནོར་གཏོང་འབོར་གྱི་གསུམ་ཆ་གཅིག་བཟུང་ཡོད། ལྗོངས་ཡོངས་ཀྱི་གཞུང་ལམ་དུ་རླངས་འཁོར་ཤར་གཏོང་ཐུབ་པའི་ལམ་ཐག་སྤྱི་ལེ་ཁྲི་11.88ཟིན་ནས་ཆ་སྙོམས་བྱས་ན་ལོ་རེར་སྤྱི་ལེ་8100རིང་དུ་འགྲོ་བའི་ས་མཐོའི་ངོ་མཚར་བཏོད་ཡོད།
ལོ་ལྟར་གྱི་དབྱར་དུས་ནི་གངས་ལྗོངས་ས་མཐོར་ལས་གྲྭ་འཛུགས་སྐྲུན་བྱེད་པའི་ནམ་དུས་ཡག་ཤོས་རེད། ཉིན་ཤས་གོང་གསར་འགོད་པས་རླངས་འཁོར་ཤར་གཏོང་ཐུབ་ཉེར་ཡོད་པའི་ཅིང་བོད་མྱུར་བགྲོད་གཞུང་ལམ་གྱི་ནག་ཆུ་ནས་ཡངས་པ་ཅན་བར་གྱི་ལམ་དུམ་ལ་ཐིག་འགོད་དང་བདེ་འཇགས་ཞིབ་བཤེར་སོགས་ཀྱི་ལས་མཇུག་བསྡུ་བའི་ལས་ཀ་བྱེད་བཞིན་ཡོད་པ་མཐོང་བྱུང་།
ཅིང་བོད་མྱུར་བགྲོད་གཞུང་ལམ་གྱི་ནག་ཆུ་ནས་ཡངས་པ་ཅན་བར་གྱི་ལམ་དུམ་ཧྲིལ་པོའི་རིང་ཚད་སྤྱི་ལེ་226.9ཟིན་པ་དང་། ཇུས་འགོད་བྱས་པའི་ཆུ་ཚོད་རེའི་མྱུར་ཚད་སྤྱི་ལེ་120ཟིན་པ། ཁྱོན་ཟམ་པ་145བསྐྲུན་པའི་ནང་ཟམ་ཆེན་7ཡོད། རིང་ཚད་སྨི་1025ཡོད་པའི་མཚོ་བོད་ལྕགས་ལམ་བརྒལ་བའི་ཟམ་ཆེན་ཞིག་ཡོད་པ་དེ་བོད་བྱང་ཐང་དུ་འགྱིང་ངེར་གནས་ཤིང་། མཚོ་བོད་ལྕགས་ལམ་གྱི་མེ་འཁོར་ཟམ་ཆེན་དེའི་འོག་ནས་ཕར་འགྲོ་ཚུར་འོང་བྱེད་ཀྱི་ཡོད།
ས་མཐོར་ཟམ་པ་དང་ཕུག་ལམ་སྐྲུན་རིང་ས་མཐོའི་ཚ་དྲོད་ཆེ་བ་དང་། བྲག་རྡོ་གས་ཤུགས་ཆེ་བ། ཆུ་འཛིར་བ་སོགས་ཀྱི་དཀའ་གནད་མང་པོ་འཕྲད་ཀྱི་ཡོད།
ཉེ་དུས་ཨར་ལས་ཚན་པ་ཁག་གིས་ལྷ་ས་ནས་གཞིས་རྩེ་གནམ་ཐང་བར་གྱི་མྱུར་བགྲོད་གཞུང་ལམ་སྐྲུན་བཞིན་ཡོད་ཅིང་། རིང་ཚད་སྤྱི་ལེ་166.75ཡོད་པའི་གཞུང་ལམ་དེ་ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་ཤེལ་གྲོང་གྲོང་ཚོ་ནས་གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་ཉ་མོ་ཤང་བར་རེད།
ལས་ཡུན་ཐུང་བ་དང་ལས་མི་མཁོ་ཆེ་བ་ནི་བོད་ཀྱི་ལས་གྲྭ་འཛུགས་སྐྲུན་གྱི་ཡོངས་ཁྱབ་ཀྱི་ཁྱད་ཆོས་ཤིག་ཡིན་པས། བོད་ཀྱིས་ཟམ་པ་དང་ཕུག་ལམ་འཛུགས་སྐྲུན་བྱེད་རིང་ཞིང་འབྲོག་པ་དེ་བས་མང་པོ་ལས་ཞུགས་ཐུབ་རྒྱུར་སྐུལ་ཁྲིད་བྱས་ཡོད།
ཉེ་ཆར་གསར་འགོད་པས་ལྷ་ས་གྲོང་ཁྱེར་མཐོ་གསར་ཁུལ་དུ་ཡོད་པའི་ཀྲུང་གོ་ལྕགས་ལམ་ཅུས་དྲུག་པས་སྐྲུན་འགན་འཁུར་བའི་རྫོང་རྩེ་ཕུག་ལམ་འཛུགས་སྐྲུན་བྱ་ཡུལ་ནས་ལས་མིས་གློག་སྒྲོན་སྒྲིག་སྦྱོར་སོགས་ཀྱི་ལས་མཇུག་བསྡུ་བཞིན་པ་མཐོང་བྱུང་། ལོ་20ལ་སླེབས་པའི་བསྟན་འཛིན་བསོད་ནམས་ནི་ལྷོ་ཁ་གྲོང་ཁྱེར་སྣ་དཀར་རྩེ་རྫོང་མདོ་ཆོས་ཤང་ནས་ཡིན་ཞིང་། ཁོང་ལས་རོགས་ཚོ་དང་མཉམ་དུ་ཨར་འདམ་དཀྲུག་པ་དང་རྡོ་ཧྲུག་བསྡུ་གསོག་རྒྱག་པའི་ལས་ལ་བྲེལ་བཞིན་འདུག “ང་ཚོས་འདི་གར་ཉིན་གཅིག་ལས་ཀ་བྱས་ན་གླ་སྒོར་230ལེན་རྒྱུ་ཡོད་པ་མ་ཟད། ཁ་ལག་སྟེར་བ་དང་སྡོད་སའང་མཁོ་འདོན་བྱེད་ཀྱི་འདུག མཉམ་དུ་ཡོང་མཁན་མི་20ལྷག་ཙམ་ཚང་མ་ནི་ལྷོ་ཁ་ནས་རེད། ལོ་དེ་དག་ནང་བོད་དུ་ལས་གྲྭ་མང་པོ་འདུག་ལ། ང་ཚོ་གླ་པའི་ཡོང་འབབ་གསོག་པའི་ལམ་བུ་ཇེ་ཡངས་སུ་འགྲོ་ཡི་འདུག”
ཀྲུང་གོ་ལྕགས་ལམ་ཅུས་དྲུག་པའི་ལྷ་ས་མཐོ་གསར་ཁུལ་རྫོང་རྩེ་ཕུག་ལམ་རྣམ་གྲངས་ཀྱི་འགན་འཁུར་བ་ཡུས་ཧའེ་པོས“ང་ཚོས་ས་གནས་དེ་གའི་ངལ་རྩོལ་ནུས་ཤུགས་241ལ་ལས་གནས་མཁོ་འདོན་བྱས་པ་མ་ཟད། ད་དུང་ཞིང་འབྲོག་པའི་འཕྲུལ་ཆས་དང་སྐྱེལ་འདྲེན་རླངས་འཁོར་སྔོན་ལ་གླས་པ་ཡིན། རིམ་རྩིས་བྱས་ན་ཨར་ལས་འཕྲུལ་ཆས་150བོགས་མར་བླངས་ཡོད”ཅེས་བཤད་བྱུང་།
ད་ཆ་བོད་ཀྱི་མི་དམངས་ལ་ཟམ་པ་དང་ཕུག་ལམ་འཛུགས་སྐྲུན་བྱས་པ་ལས་སྟབས་བདེ་མང་པོ་བྱུང་ཡོད།
ལོ་56ལ་སླེབས་པའི་འཆི་མེད་ནི་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་འཇོ་མདའ་རྫོང་སྐམ་ཐོག་གྲོང་རྡལ་སྐམ་ཐོག་གྲོང་ཚོའི་གྲོང་མི་རེད། དངོས་ཟོག་སྐྱེལ་འདྲེན་བྱས་ནས་ལོ་20ཙམ་འདས། “ལོ་མང་རིང་དགུན་ཁ་ཤར་རིམ་བཞིན་སེམས་ཁྲལ་ཆེ་ཤོས་ནི་སྔས་ལ་རི་བོ་འགྲིམ་རྒྱུ་རེད་འདུག རི་མཐོ་ལ་ལམ་གཟར་བ་མ་ཟད། ད་དུང་རྡོ་ཡང་ཡང་ལྷུང་ཡོང་གི་འདུག”ཅེས་ཁོང་གིས་བཤད་བྱུང་།
སྔས་ལ་ཕུག་ལམ་གྱི་ས་བབ་སྨི་3970ཟིན་པས“བོད་ཤར་གྱི་ཕུག་ལམ་དང་པོ”ཞེས་བརྗོད་སྲོལ་ཡོད། 2018ལོའི་ཟླ་10པར་རླངས་འཁོར་ཤར་གཏོང་ཐུབ་རྗེས། སྔས་ལ་འགྲིམ་ཡུན་དེ་སྔའི་ཆུ་ཚོད་1ལྷག་ཙམ་ནས་ད་ལྟ་སྐར་མ་10ལྷག་ཙམ་ནང་ཚུན་དུ་སླེབས་ཀྱི་ཡོད། འཆི་མེད་ཀྱིས་ད་ཆ་ཤང་གྲོང་ནས་འཇོ་མདའ་རྫོང་གྲོང་དུ་ཕར་འགྲོ་ཚུར་འོང་བྱེད་སྐབས་སྟབས་བདེ་ལ་བདེ་འཇགས་ལྡན་པ་མ་ཟད། སྐྱེལ་འདྲེན་གྱི་མ་གནས་ཀྱང་ཆུང་དུ་སོང་བས་ལོ་ཧྲིལ་པོར་ཡོང་འབབ་སྒོར་ཁྲི་15ཙམ་འདུག་ཅེས་བཤད་བྱུང་།
“འགག་འཕྲང”མང་པོ་བཤངས། ལམ་བུ་བདེ་བར་གྱུར། ལོ་70ཡི་རིང་བོད་ཀྱི་ཞིང་འབྲོག་པ་རི་ཀླུང་མང་པོ་བརྒལ་བ་དང་མི་ཕྱུགས་བརྟེན་ནས་དངོས་ཟོག་སྐྱེལ་འདྲེན་བྱེད་པའི་འགྲོ་སྐྱོད་ཀྱི་དཀའ་ངལ་རིམ་བཞིན་སེལ་བཞིན་ཡོད། དེ་ཐོག་ནས་རྒྱལ་ཁབ་ཆེན་པོའི་བཟོ་བོའི་ཞུམ་མེད་སྙིང་སྟོབས་དར་སྤེལ་བཏང་སྟེ། གངས་ལྗོངས་ས་མཐོ་ཡོངས་སུ་ཁྱབ་པའི་ཟམ་པ་དང་ཕུག་ལམ་འཛུགས་སྐྲུན་བྱས་ནས“མཐུན་སྒྲིལ་ལམ་བུ”དང་“བདེ་སྐྱིད་ལམ་བུ”དེ་བས་མང་བ་བསྐྲུན་པ་མཚོན་གྱི་ཡོད།
(ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་8ཚེས་5ཉིན་འབྱོར་བའི་གློག་འཕྲིན་གཞིར་བཟུང)