འདི་ལོའི་ཟླ་6ཚེས་5ཉིན་ནས་ཟླ་7ཚེས་3ཉིན་བར་བོད་ལྗོངས་ཉིན་རེའི་ཚགས་པར་ཁང་གི“དཔའ་བོའི་རྗེས་ཤུལ་སྙེག་པའི”བཅར་འདྲི་ཚོགས་ཆུང་དང་བཅས་པའི་མི་9ལྷ་ས་དང་། མངའ་རིས། ཤིན་ཅང་བཅས་སུ་གསར་བརྗེའི་ཡུལ་སྐོར་བྱེད་འགོ་ཚུགས། ངའི་ངོས་ནས་བརྗོད་ན་དེ་སེམས་ལ་ཞུན་བརྡར་བྱེད་པའི་བཅར་འདྲི་ཞིག་རེད།
1950ལོའི་ཟླ་7ཚེས་30ཉིན། རྒྱ་རིགས་དང་། ཧུད་རིགས། བོད་རིགས། སོག་རིགས། ཞི་པོ་རིགས། ཡུ་གུར་རིགས། ཧ་སག་རིགས་སོགས་མི་རིགས་7ལས་གྲུབ་པའི་སྔོན་སྐྱོད་ལེན་ཤོག་གི་དཔོན་དམག་136ཤིན་ཅང་ནས་བོད་དུ་དཔུང་སྐྱོད་བྱེད་འགོ་ཚུགས།
ལམ་སྣེ་ཁྲིད་མེད་ལ་དགྲ་བོའི་གནས་ཚུལ་ལ་ཆ་རྒྱུས་གང་ཡང་མེད་པར་ལམ་ཐག་སྤྱི་ལེ་ཆིག་སྟོང་ལྷག་ཙམ་ཡོད་པའི་ལ་ཀླུང་བརྒལ་སྐབས། གངས་འཕྱིད་དང་ས་མཐོའི་ནད་གཞི་སྣ་ཚོགས་ཀྱི་ཉེན་ཁ་ཁྱད་དུ་བསད་ནས་དཔོན་དམག་136གིས་ས་བབ་མཐོ་ཚད་སྨི་6000ཡན་གྱི་ཁུ་ནུ་རི་བོ་དང་གངས་དཀར་ཏི་སི་བརྒལ་བ་རེད། ཁུ་ནུ་རི་བོ་བརྒལ་སྐབས་གསོ་རླུང་མ་འདང་བའི་རྐྱེན་གྱིས་ཧ་ལམ་མི་ཚང་མ་མགོ་བོར་ན་ཟུག་ཆེན་པོ་གཏོང་བ་དང་སྐྱུག་པ་ཤོར་ཡོད། ཁོང་ཚོས་མགོ་བོའི་ན་ཟུག་འཇོམས་ཆེད་མགོ་བོ་བསྡམས་ནས་མུ་མཐུད་དཔུང་སྐྱོད་ཀྱི་ལམ་ལ་བཞུད། དེའི་རིང་འཐབ་འཛིང་པ་9ལམ་བར་དུ་རྩ་ཆེའི་ཚེ་སྲོག་ཤོར་ནས་ཇི་སྲིད་བར་ཁུ་ནུ་རི་བོར་གནས།
ས་བབ་མཐོ་ལ་གྲང་ངར་ཆེ་བ་དང་གསོ་རླུང་དཀོན་པའི་དཀའ་ཚེགས་ཆེ་བའི་ཁུལ་དུ་ཤིན་ཅང་དམག་ཁུལ་ཁང་གིས་གྲ་སྒྲིག་བྱས་པའི་ཁག་དང་པོ་དང་གཉིས་པའི་བོང་བུ་དང་འབྲི་གཡག་མགོ་གྲངས་1000ཙམ་ལས་གྲུབ་པའི་ཁལ་ཕྱུགས་རུ་ཁག་ལམ་བར་དུ་རྦད་དེ་རྨེག་མེད་དུ་ཕྱིན་ཡོད། འཐབ་འཛིང་པ་ཚོས་རི་དྭགས་རྔོན་ནས་བཀྲེས་སྐོམ་སེལ་བ་དང་། ས་བཀྲ་ཞིག་དང་ཕྱོགས་སྟོན་འཁོར་ལོ་ཞིག་ལ་བརྟེན་ནས་བསམ་ཚོད་ལས་འདས་པའི་ལམ་བུ་འདི་བརྒྱུད་ཡོད།
ལོ་དེའི་ཟླ་10པར། སྔོན་སྐྱོད་ལེན་ཤོག་བོད་བྱང་ཐང་གི་དབུས་སུ་གནས་པའི་གྲ་མ་མང་པོར་འབྱོར་བ་དང་མྱ་ངམ་ཐང་དུ་ཉིན་270ལྷག་ཙམ་དཀའ་སྤྱད་བརྟན་སྲུང་བྱས་ནས། རྗེས་མཐུད་དཔུང་སྡེ་མ་འབྱོར་བར་དུ་ཨུ་ཚུགས་མཐར་སྐྱེལ་གྱིས་སྡུག་རུས་བྱས། སྔོན་སྐྱོད་ལེན་ཤོག་གི་སྤྱི་ཁྱབ་བཀོད་འདོམས་པ་ལི་ཏི་སན་དང་སོག་རིགས་ཀྱི་འཐབ་འཛིང་པ་པཱ་ལི་ཞང་སོགས་དཔོན་དམག་63ཙམ་གྲ་མ་མང་པོར་རིན་བྲལ་ཚེ་སྲོག་ཤོར།
ལོ་ན་གཞོན་པའི་འཐབ་འཛིང་པ་འདི་དག་དང་རྟ་དང་རྔ་མོང་གྲངས་ལས་འདས་པས་ཚེ་སྲོག་སྐྱེས་སུ་ཕུལ་ནས་མཁའ་ལམ་འདི་བཏོད་ཡོད། བོད་སྐྱོད་དཔའ་བོའི་སྔོན་སྐྱོད་ལེན་ཤོག་གིས་ཚེ་སྲོག་དང་ཁྲག་དྲོན་ལ་བརྟེན་ནས་བོད་ལ་བཅིངས་འགྲོལ་གཏོང་ཆེད་བྱས་རྗེས་ཐོག་མ་བཞག་པ་དང་། བྱས་རྗེས་རིམ་པ་དང་པོའི་མཚན་སྙན་སྤྲད་པའམ་རྗེས་སྤྲོད་བྱས་པ་ནི་དམག་དོན་ལོ་རྒྱུས་ཐོག་ལེན་ཤོག་ཡོངས་ལ་བྱས་རྗེས་ཆེན་པོ་བཀོད་ཐེངས་དང་པོ་ཡིན་པ་དང་དམག་ཡོངས་སུའང་ཐེངས་དང་པོ་ཡིན། སྔོན་སྐྱོད་ལེན་ཤོག་གི་གཏམ་རྒྱུད་ལ་མེ་སྒྱོགས་ཀྱི་སྒྲ་དང་མདེལ་གྱི་སྒྲ་ཤུགས་ཆེན་གྲགས་པའི་རྒྱབ་ལྗོངས་མེད་ཀྱང་གནམ་ས་འགུལ་ཞིང་དགྲ་བོའི་བླ་རྩ་འདར་བའི་དཔའ་བོའི་བསྟོད་གླུ་བླངས་ཡོད།
ལོ་71གི་གོང་དུ། སྔོན་སྐྱོད་ལེན་ཤོག་གི་དཔའ་བོ་ཚོ་འདི་གར་བསྐྱོད་མྱོང་ཡོད་པ་དང་། དཔའ་བོའི་སྙིང་སྟོབས་ཀྱང་ད་ལྟའི་བར་དུ་ས་མཐོར་མ་ཉམས་པར་གནས་ཡོད། ལོས་རེད། དཔའ་བོ་ཚོ་ནམ་ཡང་མི་རྣམས་ཀྱི་སེམས་དབུས་སུ་གནས་པ་དང་དུས་དང་རྣམ་པ་ཀུན་ཏུ་ང་ཚོ་དང་མཉམ་དུ་འགྲོགས་ནས་ཡོད།