དཔའ་བོ་དང་མཉམ་དུ་ནམ་ཡང་གནས།
འདི་ནི་བོད་ལྗོངས་ཉིན་རེའི་ཚཌ་པར་ཁང་གི་གསར་འགོད་པ་མིག་དམར(གཡོན་གྱི་གསུམ་པ)དང་ཞོཌ་གཡང(གཡས་ཀྱི་གཉིས་པ)གིས་བགྲེས་སོང་ཁོན་ཏའེ(གཡོན་གྱི་བཞི་པ)ཡི་ནང་མི་དང་མཉམ་དུ་བརྒྱབ་པའི་དྲན་རྟེན་པར་ཡིན་པ།
བོད་ལྗོངས་མངའ་རིས་ནས་ཤིན་ཅང་ཡེ་ཁྲེང་དུ་སྐྱོད་པའི་ལམ་དེ་ཙམ་བདེ་པོ་མེད། ཞིང་ཆེན་སྒྲོལ་བ་དང་བར་ཐག་སྤྱི་ལེ་ཆིག་སྟོང་ལྷག་ཙམ་ཡོད་པའི་ཤིན་བོད་ལམ་ཐིག་219བསྐྲུན་པ་ནས་བཟུང་མངའ་རིས་མི་དམངས་ཀྱི་ཐོན་སྐྱེད་དང་དངོས་ཟོག་གི་ཚེ་སྲོག་ལམ་བུར་གྱུར་ཡོད།
ཟླ་6ཚེས་9ཉིན་ནམ་མ་ལངས་གོང་། བོད་ལྗོངས་ཉིན་རེའི་ཚགས་པར་ཁང་གི“དཔའ་བོའི་རྗེས་ཤུལ་སྙེག་པའི”བཅར་འདྲི་ཚོགས་ཆུང་དང་བཅས་པའི་མི་9སེང་གེ་ཁ་འབབ་ནས་ཐོན་ཏེ་རུ་ཐོག་རྫོང་བརྒྱུད། ལ་དམར་ཁྲ་དང་གསུམ་བཞི་ལ་བརྒལ་ནས་ས་བབ་མཐོ་ཤོས་ཀྱི་སུལ་སྐྱ་རོང་ལ་བརྒྱུད་དེ“གཤིན་པོའི་ལུང་ཤུར”སྒྲོལ་རྗེས་གཞི་ནས་ཤིན་ཅང་གི་ས་ཁོངས་སུ་འབྱོར་གྱི་ཡོད། ཆི་ཐའེ་དང་ཁང་ཤིས་ཝ་སོགས་ལ་ཉག་ཁ་ཤས་བརྒྱབ་རྗེས་ཟླ་6ཚེས་10ཉིན་གྱི་ཐོ་རེངས་ཆུ་ཚོད་3པ་ཙམ་དུ་ཤིན་ཅང་ཁ་ཧྲི་ས་ཁུལ་ཡེ་ཁྲེང་རྫོང་དུ་གཞི་ནས་འབྱོར།
དམག་མི་རྒན་གྲས་ཁོན་ཏའེ་ཡི་ཕ་འཚོལ་བའི་བརྩེ་སེམས་ཟབ་མོ།
ངལ་གསོ་ཉིན་གཅིག་བརྒྱབ་རྗེས་ང་ཚོ་ཡེ་ཁྲེང་རྫོང་ནས་ཤིན་ཅང་པ་ཀྲོའུ་སྲིད་གཞུང་གནས་ཡུལ་ཁུའར་ལེ་གྲོང་ཁྱེར་དུ་བསྐྱོད་པ་ཡིན། དེ་ནི་སྔོན་སྐྱོད་ལེན་ཤོག་གི་དཔའ་བོའི་རྗེས་རབས་པ་ཚོའི་ཁ་ཆད་འཛོམས་དུས་ཤིག་རེད།
“དམག་མི་རྒན་གྲས་ཁོན་ཏའེ”ནི་བགྲེས་སོང་ཁོན་ཏའེ་ཡི་སྐད་འཕྲིན་གྱི་ངོ་པར་ཡིན་ཞིང་། འདི་ལོ་ལོ་73ལ་སླེབས་པའི་ཁོན་ཏའེ་ནི་བོད་སྐྱོད་སྔོན་སྐྱོད་ལེན་ཤོག་གི་སྔོན་གཤེགས་དཔའ་བོ་པཱ་ལི་ཞང་གི་བུ་རེད།
ལོ་དེ་དག་རིང་དེ་སྔོན་དམག་མི་བྱེད་མྱོང་བའི་ཁོན་ཏའེ་ཡིས་དམག་མི་རྒན་གྲས་ཤིག་དང་སྔོན་སྐྱོད་ལེན་ཤོག་གི་དཔའ་བོའི་རྗེས་རབས་པའི་འགན་འཁྲི་འཁུར་སེམས་དང་བྱ་སྤྱོད་དངོས་ཀྱི་ཐོག་ནས་བོད་སྐྱོད་དཔའ་བོའི་སྔོན་སྐྱོད་ལེན་ཤོག་གི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་བཏང་སྟེ་གཏམ་སྤྱོད་ཚང་མ་ནས་ཉེ་འགྲམ་གྱི་མིར་ཤུགས་རྐྱེན་ཐེབས་པར་བྱས་ཡོད།
1948ལོར་ཁོན་ཏའེ་ཤིན་ཅང་པ་ཀྲོའུ་ཧོ་ཅིང་པ་ལུན་ཐའེ་ཨ་ལ་རོང་དུ་སྐྱེས། ཁོང་ཨ་མའི་མངལ་དུ་ཡོད་སྐབས་ཕ་པཱ་ལི་ཞང་ཧོ་ཅིང་དམག་མིར་བསྡུས་ནས་ཁོང་ཚོ་དང་གྱེས།
དེར་བརྟེན་ཁོན་ཏའེ་མངལ་ལུས་དྭ་ཕྲུག་ཅིག་ཏུ་གྱུར། ཁོན་ཏའེ་ཡི་ཕ་འཚོལ་བའི་བརྩེ་སེམས་དེ་ཐོག་མར“ངའི་ཕ་སུ་ཡིན་པ་དང་གང་དུ་ཡོད་པ”སོགས་ཀྱི་གནད་དོན་ལས་བྱུང་བ་དང་། རིམ་བཞིན་ཕ་པཱ་ལི་ཞང་གི་གནས་ཚུལ་ཐར་ཐོར་ཙམ་ཤེས་ནས་ཕ་འཚོལ་རྒྱུའི་བསམ་བློ་འཁོར། མཐར་ངོ་གདོང་མཐོང་མ་མྱོང་བའི་ཕ་དང་བོད་སྐྱོད་དཔའ་བོའི་སྔོན་སྐྱོད་ལེན་ཤོག་ནི་ཁོན་ཏའེ་ཡི་སེམས་ངོས་ཀྱི་རྡོ་རིང་ལྟ་བུར་གྱུར།
དེ་ནས“ཕའི་རྗེས་ཤུལ་འཚོལ་བ་དང་ཕ་ལྟར་འདྲ་བའི་མི་ཞིག་བྱ་རྒྱུ་ནི”ཁོན་ཏའེ་ཡི་ཚེ་གང་རིང་གི་དོན་གཉེར་བྱ་ཡུལ་ཞིག་ཏུ་གྱུར།
སྔོན་སྐྱོད་ལེན་ཤོག་ཏུ་པཱ་ལི་ཞང་ལ“མེ་མདའ་ཚ་བའི”མཚན་སྙན་ཐོབ་ཡོད། བོད་སྐྱོད་དཔའ་བོའི་སྔོན་སྐྱོད་ལེན་ཤོག་གི་རྟ་དམག་ཧྲི་ཡི་ལོ་རྒྱུས་ཐོག་པཱ་ལི་ཞང་གི་བྱས་རྗེས་ཆེན་པོ་བཀོད་ཡོད་པ་སྟེ། ཁོང་དང་ཁོང་གི་རྔོན་རྒྱག་ཚོགས་ཆུང་གིས་ཁྱོན་ལུག་210དང་། རྐྱང་123 འབྲོང་122 རྟ་རྒོད་74བཅས་རྔོན་བརྒྱབ་པར་ཁྱོན་སྤྱི་རྒྱ་6500ཟིན་ཡོད། སྔོན་སྐྱོད་ལེན་ཤོག་གིས་རི་དྭགས་ཀྱི་ཤ་སྤྱི་རྒྱ་6500ལ་བརྟེན་ནས་འབྲུ་རིགས་དཀོན་པའི་དགུན་གྱི་ནམ་དུས་བསྐྱལ།
1951ལོའི་ཟླ་1ཚེས་7ཉིན་ཡུན་རིང་རི་དྭགས་རྔོན་པར་བརྟེན་ངལ་དུབ་ཀྱིས་མནར་བས་པཱ་ལི་ཞང་གི་ལུས་སྟོབས་ཉམས་པ་དང་། དེའི་ཁར་བཀྲེས་ལྟོགས་ཀྱིས་མནར་བས་མཐར་པཱ་ལི་ཞང་ཚེ་ལས་འདས།
གུང་ཁྲན་ཏང་མི་མི་རབས་རེ་རེའི་ཆབ་སྲིད་ཀྱི་རང་གཤིས་དང་གཤིས་རྒྱུད་བཟང་པོ་ནི་གཅིག་རྒྱུན་གཅིག་འཛིན་ཡིན་ཞིང་། བགྲེས་སོང་ཁོན་ཏའེ་ཡི་ཚེ་གང་བོར་པཱ་ལི་ཞང་གི་ཤུགས་རྐྱེན་ཟབ་མོ་ཐེབས་ཡོད། ཁོང་གིས་ཚེ་གང་རིང“ནན་ཏན་དང་། མཐའ་འཁྱོངས། བཟོད་སྒོམ”བཅས་ཀྱི་མི་ཚེའི་འདུ་ཤེས་རྒྱུན་འཁྱོངས་གནང་ནས་གཏམ་སྤྱོད་གཉིས་ཀ་ནས་ནང་མིར་ཤུགས་རྐྱེན་ཐེབས་ཡོད་ལ་ཉེ་འགྲམ་གྱི་མི་མང་པོར་ཡང་ཤུགས་རྐྱེན་ཐེབས་ཡོད།
ཚའོ་ཧའེ་ལིན་གྱི་བུ་མོས་པ་ཕར་བཅངས་པའི་ཐོག་མའི་དྲན་སེམས།
ཁུའར་ལེ་གྲོང་ཁྱེར་དུ་ང་ཚོས་བོད་སྐྱོད་དཔའ་བོ་སྔོན་སྐྱོད་ལེན་ཤོག་གི་རྗེས་རབས་པ་ཚའོ་སུའོ་ཆིན་ལ་བཅར་འདྲི་བྱེད་སྐབས་ཁོང་ནི་བོད་སྐྱོད་དཔའ་བོ་སྔོན་སྐྱོད་ལེན་ཤོག་གི་ལན་ཀྲང་ཚའོ་ཧའེ་ལིན་གྱི་བུ་མོ་ཡིན་པ་ཤེས་བྱུང་།
འདི་ནི་ཚའོ་ཧའེ་ལིན་གྱི་རྗེས་རབས་པས་སྨྱན་སྦྱོར་གྱི་བཅར་འདྲི་དང་ལེན་བྱེད་ཐེངས་དང་པོ་རེད། སྔོན་སྐྱོད་ལེན་ཤོག་གི་འཐབ་འཛིང་པ་མི་ཉུང་བ་ཞིག་ནི་ཤིན་ཅང་ཞི་བས་བཅིངས་འགྲོལ་གཏོང་སྐབས་གོ་མིན་ཏང་གི་དམག་དཔུང་ནས་འོས་ལངས་བྱས་ཏེ་ཡོང་བ་ཞིག་ཡིན་པ་དང་ཚའོ་ཧའེ་ལིན་ནི་དེའི་ཁྲོད་ཀྱི་གྲས་ཤིག་རེད།
ཚའོ་ཧའེ་ལིན་1917ལོར་དབུལ་ཞིང་ཕོངས་པའི་ཞིང་པའི་ཁྱིམ་ཚང་ཞིག་ཏུ་སྐྱེས། 1933ལོའི་ཟླ་9བར་དམག་འཁྲུག་ལངས་ནས་ཟང་ཟིང་ཆེ་བའི་སྐབས་སུ་ཁོང་ཧྲེང་ཧྲི་ཚའེ་ཡི་རྟ་དམག་ཐོན་གྱིས་དམག་མིར་བཟུང་། 1949ལོར་དམག་དཔོན་ཐའོ་ཀྲི་གཡོད་ཀྱིས“9·25”འོས་ལངས་བསླངས་རྗེས་བཅོས་སྒྲིག་དང་ལེན་བྱས་པ་དང་། 1950ལོའི་ཟླ་5པར་རང་ཚུགས་རྟ་དམག་ཧྲི་ཡི་རྟ་དམག་ཐོན་དང་པོའི་ལེན་ཤོག་དང་པོར་བཅོས་སྒྲིག་བྱས་ནས་ལན་ཀྲང་གི་འགན་ཁུར།
ཚའོ་ཧའེ་ལིན་གྱིས་དེ་སྔ་རྒྱ་ཆེའི་འོས་ལངས་དཔོན་དམག་གི་སྣེ་ཁྲིད་དེ་ཤིན་བོད་གཞུང་ལམ་བཟོ་བའི་ལས་འགན་འཁུར་མྱོང་བ་དང་། ཕུའུ་ལུའུ་ཁ་ཙེ་དུམ་བུའི་རི་གཤགས་ལམ་གཤོངས་ཀྱི་ལས་འགན་ཁུར་ཡོད། དེ་ནི་སྐབས་དེ་དུས་ཧྲི་ཡོངས་སུ་སྐད་གྲགས་ཆོད་པའི་ལམ་བཟོའི་འགག་སྒྲོལ་ལེན་ཤོག་ཅིག་རེད།
ཚའོ་སུའོ་ཆིན་འཚར་ལོངས་ཀྱི་ལོ་ཟླའི་ནང་ཕ་ཚའོ་ཧའེ་ལིན་གྱིས་སྔོན་སྐྱོད་ལེན་ཤོག་གི་སྐོར་གླེང་བ་ཉུང་ཉུང་ཡིན་མོད། འོན་ཀྱང་སྔོན་སྐྱོད་ལེན་ཤོག་གིས་ཤིན་བོད་ས་མཚམས་ཀྱི་སུལ་སྐྱ་རོང་ལ་སྒྲོལ་བའི་སྐོར་ཐེངས་མང་གླེང་ཡོད། ཁོང་གིས་རྟག་ཏུ“སྔོན་སྐྱོད་ལེན་ཤོག་གི་ཏང་ཡོན་20ལྷག་ཙམ་གྱིས་སུལ་སྐྱ་རོང་ལ་བསྒྲལ་ཡོད”ཅེས་བརྗོད་ཀྱི་ཡོད།
ས་བབ་མཐོ་ཚད་སྨི་6380ཡོད་པའི་སུལ་སྐྱ་རོང་ལ་ནི་བོད་ཀྱི་བྱང་ཐང་དང་ཤིན་ཅང་ལྷོ་རྒྱུད་ཀྱི་མཚམས་སུ་གནས་ཡོད། ལོ་71གོང་། ཁོར་ཡུག་ཞན་པའི་ཁྲོད་ཚའོ་ཧའེ་ལིན་གནས་སའི་བོད་སྐྱོད་སྔོན་སྐྱོད་ལེན་ཤོག་འཐབ་འཛིང་པ་50%ཡིས་སུལ་སྐྱ་རོང་ལ་སྒྲོལ་སྐབས་འཁྱགས་རྨས་ཐེབས་པ་དང་གསོ་རླུང་ཚབས་ཆེན་མི་འདང་བའི་ནད་རྟགས་སྣ་ཚོགས་ཐོན་ནས་རྟ་མང་པོ་ཤི་ནས་མིའི་ཁུར་པོ་ཉིན་བཞིན་ལྕི་རུ་ཕྱིན་ཡོད།
དཀའ་ངལ་གང་མགྱོགས་ཐག་གཅོད་བྱས་ནས་སུལ་སྐྱ་རོང་ལ་བདེ་བླག་ངང་སྒྲོལ་ཆེད། སྔོན་སྐྱོད་ལེན་ཤོག་གི་ཏང་ཀྲི་པུའུ་ཡིས་ཛ་དྲག་ཚོགས་འདུ་འཚོགས་པ་དང་ཏང་ཡོན་མིན་པའི་ཚའོ་ཧའེ་ལིན་སྔོན་སྐྱོད་ལེན་ཤོག་གི་སྤྱི་ཁྱབ་བཀོད་འདོམས་པ་ལི་ཏི་སན་གྱིས་ཟུར་ཉན་བྱེད་པར་སྐད་བཏང་ཡོད།
“ད་རེས་ཀྱི་ཚོགས་འདུ་དེས་ངའི་ཕར་གཡོ་འགུལ་ཆེན་པོ་ཐེབས་འདུག ཁོང་གིས་རྟག་ཏུ་སྐབས་དེ་དུས་ཀྱི་གནས་ཚུལ་གླེང་གི་འདུག ཏང་ཡོན་ཚོས་དཀའ་ཚེགས་ཆེ་བའི་གནས་ཚུལ་དེ་ལྟ་བུའི་མདུན་དུ་རང་ཉིད་ཀྱི་བདེ་སྡུག་ལ་མི་བལྟོས་པར་ཚང་མས་ཀུའུ་ཀྲང་ལ་རང་ཉིད་ལ་ལས་འགན་མང་ཙམ་སྤྲོད་རྒྱུའི་རེ་བ་འདོན་གྱི་ཡོད། ཚོགས་འདུའི་ཐོག་ངའི་ཕས་སེམས་འགུལ་ཟབ་མོ་ཐེབས་བཞིན་དུ‘ང་ཡང་ཏང་ནང་ཞུགས་འདོད་འདུག ང་ལ་བསམ་ཚུལ་གཞན་མེད། ཁྱོད་ཚོར་རོགས་རམ་མང་ཙམ་བྱེད་འདོད་པ་དེ་ཡིན། ངས་རང་ཉིད་ད་དུང་ཚད་གཞི་ལོན་མེད་པ་ཤེས་ཀྱི་ཡོད། འོན་ཀྱང་ངས་ཁྱོད་ཚོར་དཀའ་ངལ་འཕྲད་པ་མཐོང་སྐབས་སེམས་ཁྲལ་ཆེན་པོ་འདུག སང་ཉིན་ངའི་རྟ་ཡང་ནད་པར་བཞོན་དུ་འཇུག་གི་ཡིན’ལི་ཏི་སན་གྱིས་དེ་ཐོས་རྗེས་སེམས་འགུལ་ཆེན་པོ་ཐེབས་ནས་སྐབས་དེ་དུས་ངའི་ཕ་ཏང་ནང་ཞུགས་པའི་ངོ་སྤྲོད་པ་བྱས་ཡོད། ཉིན་དེ་ནི་ངའི་ཕས་ཚེ་གང་རིང་བརྗེད་པར་དཀའ་བའི་ཉིན་ཞིག་རེད། ངའི་ཕ་1950ལོའི་ཟླ་8པར་གཟི་བརྗིད་ངང་ཀྲུང་གོ་གུང་ཁྲན་ཏང་ལ་ཞུགས་པ་རེད”ཅེས་ཚའོ་སུའོ་ཆིན་གྱིས་བརྗོད།
ཚའོ་སུའོ་ཆིན་གྱི་སེམས་ནང་ཁོང་གི་ཕ་ཚའོ་ཧའེ་ལིན་ནི“ལས་བྲེལ་ཅན”ཞིག་ཡིན་པ་དང་། བློ་གཅིག་སེམས་གཅིག་གིས་སྤྱི་དོན་སྒྲུབ་པ་དང་སྒེར་སེམས་མེད་པར་ལེགས་སྐྱེས་ཕུལ་ནས་ཚེ་གང་ཏང་གི་བྱ་གཞག་ལ་ལེགས་སྐྱེས་འབུལ་མཁན་ཞིག་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད། དུས་ཡུན་རིང་པོ་ངལ་དུབ་ཀྱིས་མནར་ནས་ནད་གཞི་ཕོག་མཐར་1978ལོའི་ཟླ་3ཚེས་27ཉིན་ཁོང་ལས་གནས་ཐོག་གྲོངས་པ་དང་། སྐབས་དེ་དུས་ལོ་61ལ་སླེབས་ཡོད།
ཐོར་ཨར་ཧུའུ་ཐེའི་བུ་ཕྲུག་གི་དཔའ་བོའི་རང་གཤིས།
ཟླ་6ཚེས་13ཉིན་གྱི་སྔ་དྲོ་ང་ཚོ་བཅར་འདྲི་ཚོགས་ཆུང་དང་བཅས་པ་ཁུའར་ལེ་གྲོང་ཁྱེར་ནས་ཧོ་ཅིང་རྫོང་དུ་ཁ་ཕྱོགས་པ་དང་ཧོ་ཅིང་གྲོང་ཁྱེར་བྱང་རྒྱུད་དང་བར་ཐག་སྤྱི་ལེ་5ཙམ་གྱི་སར་གནས་པའི་ཧོ་ཅིང་གསར་བརྗེའི་སྔོན་གཤེགས་དཔའ་བོའི་བང་སོའི་སྐྱེད་ཚལ་དུ་བསྐྱོད་དེ་བོད་སྐྱོད་དཔའ་བོའི་སྔོན་སྐྱོད་ལེན་ཤོག་གི་མངའ་རིས་སུ་སྐུ་གཤེགས་པའི་ཧོ་ཅིང་ནས་ཡིན་པའི་ཐོར་ཨར་ཧུའུ་ཐེ་པུའི་སོག་རིགས་ཀྱི་སྔོན་གཤེགས་དཔའ་བོ་9ལ་མཆོད་འབུལ་བྱས་པ་ཡིན།
པཱ་ལི་ཞང་གི་བུ་ཁོན་ཏའེ་སོགས་ཀྱིས་ལོ་མང་རེ་འབོད་བྱས་པ་བརྒྱུད། འབྲེལ་ཡོད་སྡེ་ཚན་གྱིས་འདི་ལོའི་དྭངས་གསལ་དུས་ཚིགས་ཀྱི་གོང་དུ་ཧོ་ཅིང་ནས་ཡིན་པའི་སྔོན་གཤེགས་དཔའ་བོ་9མངའ་རིས་སྔོན་གཤེགས་དཔའ་བོའི་བང་སོའི་སྐྱེད་ཚལ་ནས་དེ་གར་གནས་སྤོས་དུར་འཇུག་བྱས་པ་རེད། མངའ་རིས་སུ་སྐུ་གཤེགས་པའི་སོག་རིགས་ཀྱི་འཐབ་འཛིང་པ་ནི་པཱ་ལི་ཞང་དང་། ཨང་ཀ ཅང་པུའུ་ལི། ཏོར་ཅ་ལ། རྡོ་རྗེ། ཁན་མེར། ཅི་ཧྥུའུ་ཞང་། ནོར་བུ། ཨ་ཐིང་ཧྥང་བཅས་རེད།
དུས་རབས་གོང་མའི་ལོ་རབས་50པར་ཤིན་ཅང་ནས་བོད་བཅིངས་འགྲོལ་གཏོང་བའི་སྔོན་སྐྱོད་དཔུང་སྡེར་ཞུགས་པའི་ཁག་དང་པོའི་དཔོན་དམག་136ཁྲོད་ཧོ་ཅིང་པ་དབྱིན་པུའུ་ལུའུ་ཁེ་རྩྭ་ཐང་ནས་ཡོང་བའི་སོག་རིགས་ཀྱི་འཐབ་འཛིང་པ་23ཡོད།
ལོ་ན་གཞོན་པའི་སོག་རིགས་ཀྱི་འཐབ་འཛིང་པ་ཁོང་ཚོ་སྔར་གོ་མིན་ཏང་ཤིན་ཅང་རང་ཚུགས་ལུའེ་ཤོག་གི་ལུའུ་ཀོང་ཡོན་གྱི་མངའ་འོག་གི་ཐོན་29པའི་པུའུ་གཅིག་གི་ཁོངས་སུ་གཏོགས་ཀྱི་ཡོད། 1949ལོར་དམག་དཔོན་ཀྲའོ་ཞི་ཀོང་དང་མཉམ་དུ“9·25”འོས་ལངས་ནང་ཞུགས་རྗེས བཅོས་སྒྲིག་དང་ལེན་བྱས་ཏེ་རྟ་དམག་ཧྲི་8པའི་ཐོན་23པའི་ཁོངས་སུ་བཅུག་པ་རེད།
1950ལོའི་ཟླ་5པར་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་པིང་ཐོན་དང་པོའི་ཅུན་2པའི་རང་ཚུགས་རྟ་དམག་ཧྲི་ཐོན་དང་པོའི་ལེན་ཤོག་དང་པོའི་ཁོངས་སུ་བཅུག་ཡོད། རྒྱལ་གཅེས་རིང་ལུགས་ཀྱི་ཁྲག་རྒྱུན་ལྡན་པའི་ཐོར་ཨར་ཧུའུ་ཐེའི་བུ་ཕྲུག་གིས་རྟ་དམག་ཧྲི་ཤོག་སྔོན་ལ་ཤིན་བོད་གཞུང་ལམ་བཟོ་བའི་དམག་དཔུང་ནང་ཞུགས་པ་དང་ལེན་ཤོག་དང་པོའི་ལན་ཀྲང་ཚའོ་ཧའེ་ལིན་གྱི་སྣེ་ཁྲིད་འོག་ཕུའུ་ལུའུ་ཁ་ཙེ་དུམ་བུར་རི་བཤགས་ལམ་གཤོངས་ཀྱི་ལས་འགན་འཁུར་ཡོད། ལམ་བཟོ་རིང་སོག་རིགས་ཀྱི་འཐབ་འཛིང་པས་བྱས་རྗེས་ཧུར་ཐག་བཞག་ནས་ལེན་ཤོག་ནང་པཱ་ལི་ཞང་དང་ཨ་ཅིན་སོགས་ངལ་རྩོལ་དཔེ་བཟང་བ་མང་པོ་ཐོན་ནས་སྔ་རྗེས་སུ་མི་17གྱིས་རིམ་པ་དང་པོ་དང་གཉིས་པ་སོགས་ཀྱི་བྱས་རྗེས་བཞག་ཡོད།
ད་ཆ་ཧོ་ཅིང་པ་དབྱིན་པུའུ་ལུའུ་ཁེ་རྩྭ་ཐང་གི་འབྲོག་པའི་སེམས་ནང་བོད་སྐྱོད་སྔོན་སྐྱོད་ལེན་ཤོག་གི་ཐོར་ཨར་ཧུའུ་ཐེའི་འཐབ་འཛིང་པ་ཚང་མ་དཔའ་བོ་ཤ་སྟག་རེད། ཁོང་ཚོ་གནས་སའི“བོད་སྐྱོད་དཔའ་བོའི་སྔོན་སྐྱོད་ལེན་ཤོག”ནི་བློ་མཐུན་མའོ་ཙེ་ཏུང་གིས“འཛམ་གླིང་དཔའ་བོ”ཞེས་བསྔགས་བརྗོད་བྱེད་པའི་དཔའ་བོའི་ལེན་ཤོག་ཅིག་རེད།
འགན་འཁུར་རྩོམ་སྒྲིག་པ། 次旦多吉
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣