
འདི་ནི་ཨེ་རེ་ཐི·མཱ་མུའུ་ཐི་ཡི་འདྲ་པར་ཡིན་པ། (དཔྱད་གཞིའི་པར་རིས)
ཨེ་རེ་ཐི·མཱ་མུའུ་ཐི་1969ལོར་འཁྲུངས་པ་དང་། ཤིན་ཅང་ཕི་ཧྲན་རྫོང་ནས་ཡིན་ཞིང་། 1989ལོའི་ཟླ་7པར་ཁོང་ཤིན་ཅང་མི་དམངས་ཉེན་རྟོག་པའི་སློབ་གྲྭ(ད་ཆའི་ཤིན་ཅང་ཉེན་རྟོག་པའི་སློབ་གླིང)ནས་མཐར་ཕྱིན་རྗེས་སློབ་གྲྭ་དེ་རང་དུ་དགེ་རྒན་བྱས་ཏེ་གྲོང་ཁྱེར་དུ་འཚོ་བ་སྐྱེལ་བའི་གོ་སྐབས་ཡོད་ཀྱང་ཁོང་གིས་བློ་ཐག་ཆོད་པོས་ཕ་ཡུལ་དུ་ལོག་ནས་སྤྱི་བདེའི་ལས་ཀར་ཞུགས། 1994ལོའི་ཟླ་5པར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས། 1996ལོར་ཨེ་རེ་ཐི·མཱ་མུའུ་ཐི་ཡིས་ཁོའོ་ཁེ་ཐེ་རེ་ཁེ་ཤང་མངགས་གཏོང་ཁང་གི་སུའོ་ཀྲང་གི་འགན་འཁུར་བ་ནས་བཟུང་ལོ་17རིང་ལས་གནས་དེའི་ཐོག་ལས་དོན་བསྒྲུབས།
2015ལོའི་ཟླ་7ཚེས་3ཉིན་གྱི་ཆུ་ཚོད་9དང་སྐར་མ་07གྱི་ཐོག་ཕི་ཧྲན་རྫོང་དུ་ས་ཡོམ་རིམ་པ་6.5བརྒྱབ་ནས་ཁོའོ་ཁེ་ཐེ་རེ་ཁེ་ཤང་གི་སྡོད་ཁང་4000ལྷག་ཙམ་ལོག་པ་རེད། དེ་ཉིན་ཨེ་རེ་ཐི·མཱ་མུའུ་ཐི་ཁྱིམ་དུའང་ལོག་ཁོམ་མ་བྱུང་བར་རང་འགུལ་ངང་མྱུར་སྐྱོབ་ལས་ཀར་ཞུགས་རྒྱུའི་རེ་འདུན་ཞུས་ནས་མི་དམངས་ཉེན་རྟོག་པའི་སྣེ་ཁྲིད་དེ་ཞིག་རོའི་ཁྲོད་ནས་མང་ཚོགས་20ཙམ་བསྐྱབས་པ་དང་། མི་5000ལྷག་ཙམ་ཁ་འགྲེམས་བྱས་པ། མང་ཚོགས་ཀྱི་སྒོར་ཁྲི་10ལྷག་ཙམ་རི་བའི་རྒྱུ་དངོས་མྱུར་སྐྱོབ་བྱས་པ་རེད།
2016ལོའི་ཟླ་9ཚེས་10ཉིན། ཕི་ཧྲན་ཉེན་རྟོག་ཕྱོགས་ལ་སྤྱི་བདེ་པུའི་Aརིམ་པའི་འཛིན་བཟུང་བཀའ་རྒྱ་བསྒྲགས་པའི་བྲོས་བྱོལ་མི་སྣ་འབར་རྫས་བཟོ་མཁན་ཚོགས་པའི་འགོ་གཙོ་ཨ་ཆེ་གེ་མོ་གྲོང་ཚོ་ཞིག་གི་ཐང་རྒོད་དུ་གབ་ཡོད་པའི་ཁུངས་སྣེ་གལ་ཆེན་ཞིག་འབྱོར། དེ་ཉིན་ཨེ་རེ་ཐི·མཱ་མུའུ་ཐིས་རུ་ཁག་གི་སྣེ་ཁྲིད་དེ་འཇིགས་སྐུལ་པའི་མཐའ་བསྐོར་ནས་ནགས་གསེབ་ཅིག་ཏུ་འཛིན་བཟུང་བྱ་རྩིས་བྱེད་སྐབས་འཇིགས་སྐུལ་པས་གློ་བུར་དུ་རང་ལྕེབས་རྣམ་པའི་ཚུར་རྒོལ་བྱས་པས“མགྱོགས་པོ་གབ་ཅིག”ཅེས་ཨེ་རེ་ཐི·མཱ་མུའུ་ཐིས་སྐད་བརྒྱབ་པ་དང་འབྲེལ་མེ་མདའ་བཏོན་ནས་བརྒྱབ། འབར་གས་ཀྱི་སྒྲ་གྲགས་པ་དང་བསྟུན་ནས་ཨེ་རེ་ཐི·མཱ་མུའུ་ཐིའི་ངོ་གདོང་ཁྲག་གིས་ཁེངས་པ་དང་རྨས་སྐྱོན་ཚབས་ཆེན་ཕོག་ནས་གྲོངས་པ་དང་། གྲོངས་དུས་ལོ་47རེད།
ཨེ་རེ་ཐི·མཱ་མུའུ་ཐི་ལ་རྒྱལ་ཡོངས་སྤྱི་བདེ་ཁོངས་གཏོགས་ཀྱི་རིམ་པ་དང་པོའི་དཔའ་བོ་དཔེ་བཟང་བ་དང“འབད་འཐབ་པ་ཡག་ཤོས”ཀྱི་མཚན་སྙན་ཐོབ་པ་དང་། 2019ལོར“མི་དམངས་ཀྱི་དཔའ་བོའི”རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་ཐོབ་པ་རེད།