བོད་ཀྱི་ཞིང་ལས་དང་། འབྲོག་ལས། ཉ་ལས་བཅས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་1965ལོའི་སྒོར་དུང་ཕྱུར་2.64ནས་2020ལོའི་སྒོར་དུང་ཕྱུར་233.5བར་འཕར་བ་དང་། ནས་ཀྱི་ཐོན་འབབ་དང་འབྲི་གཡག་བཤས་གཏོང་ཚད“ལོ་ལྔ་ཚན་བཅུ་གཉིས་པའི”དུས་མཇུག་ལས་12.2%དང་25.2%སོ་སོར་འཕར་ཞིང་། འབྲུ་རིགས་ཐོན་འབབ་ལོ་6བསྟུད་མར་ཏུན་ཁྲི་100ཡན་ཟིན་ཡོད་པ་རེད།
2020ལོའི་བར་བོད་ཀྱིས་ཚད་གཞི་མཐོ་བའི་ཞིང་ཁ་མུའུ་ཁྲི་225གསར་སྦོལ་བྱས་པ་དང་། ཞིང་ལས་འཕྲུལ་ཆས་ལ་བརྟེན་ནས་ས་ཞིང་མུའུ་ཁྲི་167ས་ཁོད་སྙོམས་པ། རྒྱལ་ཁབ་རིམ་པའི་སྒོ་ཕྱུགས་དང་ཁྱིམ་བྱ་ཚད་ལྡན་ཅན་གསོ་ཚགས་ར་བ་14གསར་དུ་བསྐྲུན་པ། ཞིང་འབྲོག་ཕྱོགས་བསྡུས་ཞབས་ཞུའི་ལྟེ་གནས་ཤང་དང་གྲོང་རྡལ་ཡོངས་སུ་ཁྱབ་ཡོད། ཞིང་འབྲོག་ལས་ཐོན་ལས་ཅན་གྱི་སྣེ་འདྲེན་ཁེ་ལས་162ཟིན་པ་དང་། ཞིང་ལས་ལོ་ཏོག་གཙོ་བོ་ཕྱོགས་བསྡུས་འཕྲུལ་ཆས་ལ་བརྟེན་ནས་འདེབས་ཚད་65%ཟིན་ཡོད། ཞིང་འབྲོག་ཐོན་རྫས་ལས་སྣོན་ལས་རིགས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་57ཟིན་པ་དེ“ལོ་ལྔ་ཚན་བཅུ་གཉིས་པའི”དུས་མཇུག་ལས་ལྡབ་གཅིག་འཕར་ཡོད་པ་རེད།
བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཡར་སྟོད་ཤང་ཆོས་སྡེ་འོག་གྲོང་ཚོའི་རྨོ་བོ་ཚེ་རིང་གཡང་འཛོམས་ཞིང་ཁའི་འགྲམ་དུ་ལངས་ནས་ཁུ་སིམ་མེར་སྔོ་ཐིང་ཐིང་གི་ནས་ཞིང་ལ་ལྟ་བཞིན་མཆིས། ལོ་87ལ་སླེབས་པའི་ཁོང་གིས་ལོ་བཅུ་ཕྲག་རིང་གི་བོད་ཀྱི་ཞིང་འབྲོག་ལས་ཀྱི་འཕོ་འགྱུར་མིག་མཐོང་ལག་ཟིན་བྱུང་ཡོད།
རྨོ་བོ་ཚེ་རིང་གཡང་འཛོམས་ལ་མཚོན་ན་བོད་རྙིང་པའི་སྐབས་ཀྱི་དྲན་ཤེས་ཚང་མ་སྡུག་བསྔལ་གྱིས་མནར་བའི་སྐོར་ཡིན་ཞིང་། “མི་ལུས་ཐོབ་ཀྱང་རྟ་ཟོག་སེམས་ཅན་ལྟ་བུའི་འཚོ་བ་སྐྱེལ་དགོས་ཀྱི་ཡོད། པཱ་ལགས་ཀྱིས་ཉིན་མཚན་བལྟོས་མེད་ངང་ས་གནས་དེ་གའི་ཞིང་བྲན་བདག་པོར་གཡོག་པོ་རྒྱུག་ཀྱང་ལྟོ་གྲོད་པ་རྒྱགས་པ་ཞིག་ཟ་རྒྱུ་མེད”ཅེས་བཤད།
བོད་རྙིང་པའི་མུན་ནག་གི་ལོ་རབས་དེར་མི་འབོར་གྱི་5%ཡང་མི་ཟིན་པའི་མངའ་བདག་ཆེན་པོ་གསུམ་དང་མངའ་ཚབ་ཀྱིས་བོད་ཀྱི་ས་ཞིང་དང་། འབྲོག་ར། ནགས་ཚལ། རི་ཀླུང་། གཙང་པོ། གྲམ་ཐང་བཅས་དང་དེ་བཞིན་ཕྱུགས་ཟོག་མང་ཆེ་བ་བདག་གིར་བཟུང་ཡོད་པ་དང་། མི་འབོར་གྱི་95%ཟིན་པའི་ཞིང་བྲན་ལ་ཐོན་སྐྱེད་རྒྱུ་ཆ་དང་མི་ལུས་རང་དབང་མེད་པའི་ཁར། ཁྲལ་འུ་ལག་དང་སྐྱེད་ལྕིའི་བུ་ལོན་གྱིས་མནར་ནས་དཀའ་སྡུག་གི་འཚོ་བ་སྐྱེལ་དགོས་ཀྱི་ཡོད།
1959ལོར་བོད་དུ་དམངས་གཙོའི་བཅོས་སྒྱུར་བྱས་པས་ཚེ་རིང་གཡང་འཛོམས་ལ་མི་ལུས་རང་དབང་ཐོབ་ནས་ཞིང་ཁ་དང་ཕྱུགས་ཟོག་བགོ་བཤའ་ཐོབ་སྟེ་དཀའ་ཚེགས་ཀྱི་ལོ་ཟླ་བརྒྱུད་མྱོང་བའི་མང་ཚོགས་ཚོ་དང་མཉམ་དུ་བོད་ལྗོངས་འཕེལ་རྒྱས་ཀྱི་དུས་རབས་གསར་པར་བསྐྱོད་ཅིང་། བོད་ཀྱི་ཞིང་འབྲོག་ལས་ལ་ཡང་དུས་དེ་ནས་བཟུང་འཕེལ་རྒྱས་ཀྱི་དཔྱིད་དཔལ་བཞད་འགོ་ཚུགས་པ་དང་མི་རིགས་ཁག་གི་མང་ཚོགས་ཀྱིས་བོད་ཀྱི་ཞིང་འབྲོག་ལས་འཕེལ་རྒྱས་ཀྱི་ལོ་རྒྱུས་ཐོག་ངོ་མཚར་ཡང་ནས་ཡང་དུ་བཏོད་ཡོད།
བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70སོང་རིང་། བོད་ཀྱི་ཞིང་འབྲོག་པའི་ཡོང་འབབ་གང་མགྱོགས་འཕར་ནས་ལོ་18བསྟུད་མར་གྲངས་གནས་གཉིས་འཕར་རྒྱུ་རྒྱུན་འཁྱོངས་ཐུབ་པ་དང་། ལོ་6བསྟུད་མར་རྒྱལ་ཡོངས་ཀྱི་འཕར་ཚད་ཨང་དང་པོར་སླེབས་ཡོད། 2020ལོར་བོད་ཀྱི་གྲོང་གསེབ་ཀྱི་གྲོང་མིའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་14598ཟིན་པ་དེ་ལོ་རྒྱུས་ཡིག་ཆའི་ནང་འཁོད་པའི་1965ལོའི་ལྡབ་135རེད།
དེ་དང་ཆབས་ཅིག་བཅོས་སྒྱུར་ཟམ་མི་ཆད་པར་གཏིང་ཟབ་བྱས་པས་བོད་ཀྱི་ཞིང་འབྲོག་ལས་འཕེལ་རྒྱས་ལ་སྔར་བས་གསོན་ཤུགས་འཕེལ་ཡོད། ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཁེ་གསུམ་སྡེ་ཁུལ་གྱིས་ས་ཞིང་མུའུ་600བརྒྱུད་བཤུག་བཏང་བས་ངལ་རྩོལ་ནུས་ཤུགས་བཅུ་ཆ་བདུན་སོ་ནམ་བྱེད་མི་དགོས་པར་ཕྱིར་ལས་མིར་འགྲོ་ཐུབ་ཡོད། ཞིང་པར་ས་ཞིང་བརྒྱུད་བཤུག་བཏང་བའི་དངུལ་དང་། ཞིང་ནང་ངལ་རྩོལ་བྱས་པའི་གླ་ཆ། ས་ཞིང་ཚབ་གཉེར་གྱི་ཁེ་སྤོགས་སོགས་ཀྱི་ཡོང་འབབ་བྱུང་ནས་སྡེ་ཁུལ་གྱི་མི་རེའི་ཆ་སྙོམས་ལོའི་ཡོང་འབབ་སྒོར་ཁྲི་2.5ལྷག་ཙམ་ཟིན་གྱི་ཡོད་པ་རེད།
ཉེ་བའི་ལོ་ཤས་རིང་། བོད་ཀྱི་ཞིང་འབྲོག་ལས་ཐོན་ལས་འཁོར་འབྲེལ་ཟམ་མི་ཆད་པར་སྣུར་སྲིང་དང་རྒྱ་སྐྱེད་བྱས་པ་དང་བསྟུན་ནས་མི་སེར་ཚོའི་ཡོང་འབབ་ཀྱང་དུས་མཉམ་དུ་མང་དུ་སོང་ཡོད། གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་ལྕགས་འདམ་ཤང་ལུང་བཟང་གྲོང་ཚོའི་གྲོང་མི་བསྟན་འཛིན་གྱིས་ལོ་འདི་དག་རིང་ཁྱིམ་གྱི་སྒོ་རྩར་ཡོད་པའི་བདེ་ཆེན་ཉི་འོད་གཞིས་ཀ་ཚད་ཡོད་ཀུང་སི་ནས་འཚོང་གི་ཡོད་ཅིང་། སྣེ་འདྲེན་ཁེ་ལས་དེས“ཀུང་སི་དང་། མཉམ་ལས་ཁང་། ཞིང་དུད”བཅས་ཟུང་འབྲེལ་རྣམ་པར་བརྟེན་ནས་ལོ་རེར་ནས་ལས་སྣོན་ཐོན་སྐྱེད་བྱེད་ཚད་ཏུན་ཁྲི་10ཡན་ཟིན་ནས་མཐའ་འཁོར་གྱི་འདེབས་འཛུགས་དུད་ཚང་ལ་འབབ་འཕར་སྒོར་ཁྲི་4000ལྷག་ཙམ་ཟིན་པར་སྐུལ་ཁྲིད་བྱས་ཡོད།
ཁྱད་ལྡན་ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་འགན་ལེན་བྱ་ཆེད། བོད་ཀྱིས་གོམ་སྟབས་རྗེས་མར་ནས་དང་། འབྲི་གཡག བོད་ཕག བོད་བྱ། བོད་ལུག་སོགས་ས་མཐོའི་ཁྱད་ལྡན་ཐོན་ཁུངས་ལ་དམིགས་པ་དང་། ས་མཐོའི་ཁྱད་ལྡན་ཐོན་ཁུངས་སྲུང་སྐྱོང་བེད་སྤྱོད་དང་སྤུས་ལེགས་ཐོན་ཁུངས་འཚོལ་ཞིབ་ནང་འདྲེན་གལ་ཆེ་མཉམ་དུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ། ས་བོན་གྱི་སྤུས་ཚད་ལེགས་གཏོང་གི་འདུ་འགོད་ལག་ལེན་བསྟར་བ་བཅས་བྱས་ཏེ་2025ལོར་སླེབས་སྐབས་ནས་ཀྱི་སོན་བཟང་ཁྱབ་ཚད་95%དང་སྒོ་ཕྱུགས་དང་ཁྱིམ་བྱའི་རྒྱུད་བཟང་ཁྱབ་ཚད་40%ཡན་ཟིན་པའི་བརྩོན་ལེན་བྱ་རྒྱུ་རེད།