དབུ་ཤོག>ཆེད་སྒྲིག
  • ལྷོ་བྲག་རྫོང་རྫ་ར་ཤང་དཔེ་གསར་གྲོང་ཚོས་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་གཏིང་ཟབ་ཏུ་དང་རྒྱ་སྐྱེད་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-08-09

    ཉེ་བའི་ལོ་ཤས་རིང་། ལྷོ་བྲག་རྫོང་གིས་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་གྱི་འཐབ་ས་བསྐྲུན་རྒྱུར་སྐུལ་འདེད་བཏང་བ་བརྒྱུད། གནས་མང་ཁྱབ་ཆེ་དང་ནུས་པ་ཆ་ཚང་བའི་དང་བླངས་ཞབས་ཞུ་ཁུལ་བསྐྲུན་ནས་མང་ཚོགས་ལ་ཞབས་འདེགས་ཞུ་བའི“མཐའ་མའི་འགག་གནད”བསལ་ཡོད། 2020ལོའི་ལོ་མཇུག་བར། ལྷོ་བྲག་རྫོང་གིས་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས་1དང་། དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ཁང་6 དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ས་ཚིགས་26བཅས་བཙུགས་པར་ལས་དོན་མི་སྣ་ཁྱོན་49ཡོད་པ་དང་། དང་བླངས་པའི་དཔུང་ཁག་ཁྱོན་241བཙུགས་པར་དང་བླངས་པ་2629ཟིན་ཡོད།

    ཐོན་ཁུངས་གང་འགབ་ཅི་སྤྱོད་བྱས་ནས་རིག་གནས་ཀྱི་འཐབ་ས་ཡག་པོ་བསྐྲུན་པ།

    དཔེ་གསར་གྲོང་ཚོ་དེ་སྐུ་ལྷ་གངས་རིའི་འདབས་སུ་གནས་པ་དང་རྒྱ་ཆེ་བའི་ཨར་འདམ་ལམ་གྲོང་ཚོའི་མདོ་ཁ་བར་བཏིང་ཡོད། དཔེ་གསར་གྲོང་ཚོར་སྐྱོད་སྐབས་མིག་ལམ་དུ་མངོན་གསལ་དོད་ཤོས་ནི་གྲོང་ཚོ་ཨུ་ལྷན་གྱི་ཐོག་ཁར་ཡོད་པའི་དཔེ་གསར་གྲོང་ཚོའི་ཏང་དང་མང་ཚོགས་ཀྱི་ཞབས་ཞུ་ལྟེ་གནས་ཞེས་པའི་ཡིག་འབྲུ་དེ་དག་རེད།

    ཐོན་ཁུངས་བསྡུ་སྒྲིལ་ཇི་ལྟར་བྱས་ནས་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་བྱེད་སྒོའི་འཐབ་ས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས་སམ། དཔེ་གསར་གྲོང་ཚོས“ཏང་འཛུགས་སྐྱོང་གི་སྣེ་ཁྲིད+དང་བླངས་ཞབས་ཞུའི”ཤེས་དཔལ་ལག་ལེན་གྱི་ལས་དོན་སྤེལ་ཐབས་འཚོལ་ཞིབ་བྱེད་རིང་། འཐབ་ས་འཛུགས་སྐྲུན་རྨང་གཞིར་བྱེད་པ་དང་། མང་ཚོགས་ཀྱི་དགོས་མཁོ་ཕྱོགས་སྟོན་དུ་བྱེད་པ། བྱེད་སྒོའི་གཞི་རྟེན་དམ་འཛིན་བྱ་གཞིར་བྱེད་པ།

    དང་བླངས་ཞབས་ཞུ་དང་མང་ཚོགས་ཞུགས་རྒྱུ་ལས་ཀའི་ལམ་སྲོལ་དུ་བྱེད་པ། “སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོའི་ཐོན་ཁུངས་བསྡུ་སྒྲིལ་བཅས་བྱས་ཏེ་གཏན་འཇགས་ཀྱི་བྱེད་སྒོ་སྤེལ་ས་ཡོད་པ་དང་། དོ་དམ་བྱེད་མཁན་གྱི་ཆེད་མི་ཡོད་པ། བྱེད་སྒོ་སྤེལ་བའི་ཐབས་ཤེས་ཡོད་པ། མངོན་གསལ་དོད་པའི་བརྗོད་དོན་གཙོ་བོ་ཡོད་པ། ལམ་ལུགས་དང་ལམ་སྲོལ་ཡོད་པ་བཅས་བྱས་ནས་ཤེས་དཔལ་ལག་ལེན་གྱི་བྱེད་སྒོ་སྤུས་ཚད་མཐོ་པོས་སྤེལ་རྒྱུར་གཞི་རྟེན་ནུས་ལྡན་མཁོ་འདོན་བྱས་ཡོད།

    དཔེ་གསར་གྲོང་ཚོའི་ཞིང་པའི་དཔེ་དེབ་ཁང་གི་དཔེ་སྒྲོམ་ཐོག་རྩོམ་རིག་དང་། ཚན་རྩལ། ལོ་ཆུང་བྱིས་པ་བཅས་སྐོར་གྱི་དཔེ་དེབ་དང་དེ་བཞིན་ཆབ་སྲིད་དང་བཅའ་ཁྲིམས་སོགས་རིགས་ཁག་གི་དཔེ་དེབ་1000ལྷག་ཙམ་བསྒྲིགས་ཡོད་པ་མ་ཟད། ད་དུང་གློག་ཀླད་དང་། སྒྲོག་ཙེ། རིག་གནས་མཉམ་སྤྱོད་བཅས་གཞི་གཅིག་ཅན་གྱི་འཕྲུལ་ཆས་ཀྱང་ཡོད། “མིག་སྔར་ང་ཚོའི་མཉམ་ལས་ཁང་གིས་ཕག་པ་དང་། བཞོན་མ། བྱ་དེ་བཅས་གསོ་ཚགས་བྱས་ཡོད། གོམ་སྟབས་རྗེས་མར་ངས་ད་དུང་གསོ་ཚགས་ཀྱི་གཞི་ཁྱོན་ཆེ་རུ་བཏང་ནས་ལུག་ཁ་ཤས་གསོ་ཚགས་བྱ་རྩིས་ཡོད”ཅེས་ལོ་42ལ་སླེབས་པའི་ཆོས་གྲགས་ཀྱིས་ལུག་གསོ་ཚགས་ཀྱི་འབྲེལ་ཡོད་དཔེ་དེབ་ལྟ་ཀློག་བྱེད་བཞིན་བཤད།

    “ཐོན་ཁུངས་སྣ་ཚོགས་གང་འགབ་ཅི་སྤྱོད་བྱས་པ་བརྒྱུད་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་བྱེད་སྒོ་སྤེལ་ནས། མང་ཚོགས་ལ་ཚན་རིག་དང་མཐུན་པའི་ཏང་གི་རིགས་པའི་གཞུང་ལུགས་དང་དམངས་འཚོའི་སྲིད་ཇུས་དྲིལ་བསྒྲགས་དང་ལག་བསྟར་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་དང་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་ཀུན་སྤྱོད་ཀྱིས་གྲོང་གསེབ་ཀྱི་བསམ་བློ་དང་རིག་གནས་ཀྱི་འཐབ་ས་བརྟན་པོ་བཟུང་ཐུབ་པར་བྱས་ཡོད”ཅེས་དཔེ་གསར་གྲོང་ཚོའི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་རྡོ་རྗེས་བཤད།

    གསར་གཏོད་རིགས་པའི་གཞུང་ལུགས་སྒྲོག་འགྲེལ་མི་སེམས་སུ་ཟུག་པར་བྱས་པ།

    ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་མི་སེམས་སུ་ཇི་ལྟར་ཟུག་པར་བྱེད་དགོས་སམ། དཔེ་གསར་གྲོང་ཚོའི་བུད་མེད་དང་བླངས་ཞབས་ཞུ་རུ་ཁག་གི་འགན་འཁུར་བ་བདེ་ཆེན་དང་རུ་མི་ཚོས་གྲོང་ཚོའི་ཚོགས་ཁང་དུ་སྒྲོག་འགྲེལ་ཐེངས་གཅིག་བྱེད་སྐབས། གྲོང་ཚོ་ཡོངས་ཀྱི་བུད་མེད་ཚོས་བུད་མེད་ཀྱི་བདེ་ཐང་ཤེས་བྱ་དང་ཏོག་གསར་གློ་ཚད་རིམས་འགོག་སྨན་ཁབ་རྒྱག་པའི་འབྲེལ་ཡོད་ཤེས་བྱ་སློབ་སྦྱོང་བྱས་པ་རེད།

    “དཔེ་གསར་གྲོང་ཚོའི་བུད་མེད་དང་བླངས་ཞབས་ཞུ་རུ་ཁག་ནི་ཐོག་མར་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱ་ཆེད་བཙུགས་པའི་དང་བླངས་རུ་ཁག་ཅིག་ཡིན་པ་དང་ད་ཆ་དང་བླངས་པ་10ཡོད”ཅེས་བདེ་ཆེན་གྱིས་གསར་འགོད་པར་བཤད་བྱུང་།

    གཞན་ཡང་། དཔེ་གསར་གྲོང་ཚོར་ད་དུང་ཆ་སྙོམས་ལོ་63ལ་སླེབས་པའི་རྒན་རྒོན་གྱི་སྒྲོག་འགྲེལ་དང་བླངས་ཞབས་ཞུ་རུ་ཁག་གཅིག་ཡོད་ཅིང་། ཁོང་ཚོས་ཞིང་དུད་དང་། ཞིང་ནང་། ཇ་ཁང་སོགས་སུ་བསྐྱོད་དེ་མང་ཚོགས་ཀྱིས་ལྟ་འདོད་ལ་ཉན་སྤྲོ་བའི་རྣམ་པའི་ཐོག་ནས་བོད་གསར་རྙིང་བསྡུར་བ་བྱས་ཏེ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་བོད་ཀྱི་འགྱུར་ལྡོག་བརྗོད་ནས་མང་ཚོགས་ཚོས་ཕན་པ་གང་དུ་ཡོད་མིན་དང་། ཕན་པ་གང་ནས་བྱུང་མིན། བཀའ་དྲིན་སུ་ལ་འཇལ་མིན་བཅས་ཤེས་སུ་བཅུག་པས་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་ཡིད་ཆེས་དང་ཆོད་སེམས་སྔར་བས་བརྟན་དུ་ཕྱིན་ཡོད།

    བྱེད་སྒོ་ཕུན་སུམ་ཚོགས་སུ་བཏང་ནས་ཤེས་དཔལ་སྲོལ་གསར་ལ་སྣེ་ཁྲིད་བྱས་པ།

    དུས་རབས་གསར་པའི་ཤེས་དཔལ་ལག་ལེན་བྱེད་སྒོ་གང་འདྲ་ཞིག་གིས་མང་ཚོགས་ཀྱི་ཡིད་དབང་འགུག་ཐུབ་བམ། གནད་དོན་དེ་དཔེ་གསར་གྲོང་ཚོའི་གྲོང་སྡོད་ལས་དོན་རུ་ཁག་གི་རུ་དཔོན་ཟླ་བ་གསལ་སྒྲོན་གྱི་བློ་ངོར་རྟག་ཏུ་འཆར་བའི་དོན་ཞིག་རེད། “གྲོང་སྡོད་ལས་དོན་རུ་ཁག་ཅིག་ཡིན་པའི་ངོས་ནས་གྲོང་ཚོའི‘ཨུ་ལྷན་གཉིས’ཀྱི་ཚན་ཁག་ལ་གཞོགས་འདེགས་བྱས་ཏེ་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལས་དོན་ཡག་པོ་སྒྲུབ་དགོས། ང་ཚོས་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ས་ཚིགས་སུ་བྱེད་སྒོ་སྣ་ཚོགས་གཉེར་བ་བརྒྱུད་ཏང་གི་གསུང་སྒྲ་དང་དམངས་ཕན་སྲིད་ཇུས་རྒྱ་ཆེའི་མི་སེར་ཚོར་བརྒྱུད་བསྒྲགས་བྱེད་དགོས། མང་ཚོགས་གང་དུ་ཡོད་ན་ཤེས་དཔལ་ལག་ལེན་བྱེད་སྒོ་དེ་གར་སྤེལ་དགོས”ཞེས་ཟླ་བ་གསལ་སྒྲོན་གྱིས་བཤད།

    དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལས་དོན་ཡག་པོ་སྒྲུབ་ཆེད། དཔེ་གསར་གྲོང་ཚོས་ཏང་ཡོན་ལས་བྱེད་པ་དང་། སྲིད་ཇུས་སྒྲོག་འགྲེལ། རིག་རྩལ། བདེ་ཐང་སྨན་བཅོས། ཁོར་ཡུག་མཛེས་བཟོ། བུད་མེད། རྒན་རྒོན་གྱི་སྒྲོག་འགྲེལ། སློབ་གྲྭ་ཆེ་མོ་བ། དབུལ་སྒྲོལ་འགག་སྒྲོལ། དམངས་གཅེས་མཐའ་བརྟན་བཅས་ཀྱི་དང་བླངས་ཞབས་ཞུ་རུ་ཁག་11བཙུགས་ཏེ། མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ནས་ཤེས་བྱ་འགྲན་བསྡུར་དང་། གཏམ་བཤད་འགྲན་བསྡུར། རིག་རྩལ་འཁྲབ་སྟོན། དྲོ་སྐྱིད་སྦྱིན་པ། དྲ་ཐོག་ནས་བདེ་སྐྱིད་འཚོ་བ་མཚོན་པའི་བརྙན་ཐུང་སྟོན་པ་སོགས་བྱེད་སྒོ་སྤེལ་བས། ཞིང་འབྲོག་མང་ཚོགས་ཚོ་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་བྱེད་སྒོར་ཞུགས་རྒྱུའི་ཡིད་དབང་བཀུག་པ་དང་གཙོ་རྒྱུན་གྱི་རིན་ཐང་ལྟ་བ་མི་སེམས་སུ་ཟུག་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།