དབུ་ཤོག>ཆེད་སྒྲིག
  • ཉང་ཆུའི་འགྲམ་དུ་འཕེལ་རྒྱས་ཀྱི་ལེའུ་གསར་པ་བརྩམས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-08-09

    ཀོང་ཏུང་ཞིང་ཆེན་ཏུང་ཀོན་གྲོང་ཁྱེར་གྱི་ཁག་དགུ་པའི་བོད་སྐྱོར་ལས་དོན་རུ་ཁག་གིས་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་སུ་བཅའ་སྡོད་བྱས་ཚུན། རྒྱ་ཆེའི་བོད་སྐྱོར་ལས་བྱེད་པས་རང་དོར་གཞན་གཅེས་ཀྱི་ལས་འགན་སྒྲུབ་སེམས་དང་། དུས་ཚོད་ཀྱིས་མིར་མི་སྒུག་པའི་ཛ་དྲག་གི་བསམ་པ། ཕྲག་ཏུ་ལེན་ཕོད་པའི་འགན་འཁྲི་སྒྲུབ་སེམས་བཅས་ཀྱི་འདུ་ཤེས་བཅངས་ནས་རང་འགུལ་ངང་མཉམ་འདྲེས་དང་། འཆར་འགོད་ཞིབ་ཚགས། འཚོལ་ཞིབ་ཧུར་ཐག ལས་སྒྲུབ་འབད་བརྩོན་བཅས་བྱས་ཤིང་། བོད་སྐྱོར་གྱི་མ་དངུལ་དང་། རྣམ་གྲངས་གལ་ཆེན། དམངས་འཚོའི་འདུ་འགོད་བཅས་མང་པོ་ལག་ལེན་བསྟར་བ་བརྒྱུད། བྲག་ཡིབ་ཀྱི“ཞི་མཐུན་བརྟན་ལྷིང་གི་སྔོན་སྐྱོད་ཁུལ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཁྲིད་སྟོན་ཁུལ། སྐྱེ་ཁམས་ཤེས་དཔལ་གྱི་དཔེ་སྟོན་ཁུལ། མཐའ་མཚམས་སྟོབས་ལྡན་དང་མཐའ་སྲུང་སྲ་བརྟན་གྱི་འགན་ལེན་ཁུལ། མི་རིགས་མཐུན་སྒྲིལ་གྱི་དཔེ་བཟང་ཁུལ”བཅས་འཛུགས་སྐྱོང་ལ་སྐུལ་འདེད་ནུས་ལྡན་ཐེབས་ཏེ། བོད་དུ་བཅའ་སྡོད་བྱས་ཚུན་ཐོབ་པའི་བདེ་འཇགས་དང་། སྐྱོན་བྲལ། རིམ་ལྡན། ཡར་ཐོན་བཅས་ཀྱི་གྲུབ་འབྲས་དང་རྣམ་པ་བཟང་པོ་ཕྱོགས་ཡོངས་ནས་སྲ་བརྟན་དུ་བཏང་བ་རེད།

    དམངས་འཚོའི་སྟོན་ཕྱོགས་མངོན་གསལ་དོད་པོ་ཡོང་བར་བྱས་ཏེ་རིག་སྟོབས་བོད་སྐྱོར་ལ་བརྟེན་ནས་མཉམ་སྤྱོད་ཀྱི་འདུ་ཤེས་དར་སྤེལ་བཏང་བ།

    ཀོང་ཏུང་ཞིང་ཆེན་གྱི་ཁག་དགུ་པའི་བོད་སྐྱོར་ལས་དོན་རུ་ཁག་གིས་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་སུ་བཅའ་སྡོད་བྱས་ཚུན། ཏུང་ཀོང་གི་ཚན་རྩལ་དང་། ཤེས་ལྡན་མི་སྣ། རིག་སྟོབས་བཅས་ཐད་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཤིང་། ནུས་ཤུགས་ཡོད་རྒུས་གཙོ་གནད་ལ་དམ་འཛིན་དང་། ཞན་ཆ་སེལ་བ། ཉམས་ཞན་སྟོབས་ཆེར་གཏོང་བ་བཅས་ལ་དམ་འཛིན་གྱིས་འཕེལ་རྒྱས་གཏོང་རིང་དམངས་འཚོ་འགན་ལེན་དང་ལེགས་སུ་བཏང་ནས་ཞིང་འབྲོག་མང་ཚོགས་ཚོས་སྒྱུར་བཅོས་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་གང་ཐུབ་ཡོང་བར་བྱས་པ་རེད།

    ཚན་རྩལ་སློབ་ཚན་ཁྲིད་པ་དང་སློབ་ཚན་ཁྲིད་སྟངས་ལེགས་སུ་བཏང་སྟེ་སློབ་གསོའི་ཡིད་དབང་འཕྲོག་ཤུགས་དང་ཤུགས་རྐྱེན་ཐེབས་ནུས་ཆེ་རུ་བཏང་ཞིང་། ཏུང་ཀོན་དང་བྲག་ཡིབ་ཀྱི་ཆ་སྒྲིག་སློབ་གྲྭའི་སྤེལ་རེས་དང་། ཀོང་ཏུང་དང་བོད་ལྗོངས་ཀྱི་དྲ་རྒྱའི་སློབ་དཔྱོད། ཡུག་སྦྲེལ་སློབ་དཔྱོད། སྤུས་ལེགས་ཐོན་ཁུངས་མཉམ་སྤྱོད་སོགས་ཀྱི་ལས་དོན་རྒྱུན་མཐུད་ངང་ཡག་པོ་བསྒྲུབས་པས། ཏུང་ཀོན་གྲོང་ཁྱེར་གྱི་སྤུས་ལེགས་ཀྱི་སློབ་ཁྲིད་ཐོན་ཁུངས་ཁྲི་30ལྷག་ཙམ་མཉམ་སྤྱོད་གང་ལེགས་བྱུང་བ་དང་། ཏུང་ཀོན་གྱི་སློབ་གྲྭ་འབྲིང་ཆུང་དང་བུ་བཅོལ་ཁང་7གྱིས་བྲག་ཡིབ་ཆུས་ཀྱི་སློབ་གྲྭ་འབྲིང་ཆུང་དང་བུ་བཅོལ་ཁང་དབར་ཆ་སྒྲིག་བྱས་པ་མ་ཟད། མ་དངུལ་སྒོར་ཁྲི་1060བཏང་ནས་སྨན་རི་ཤང་སློབ་ཆུང་གི་རྨང་གཞིའི་སྒྲིག་བཀོད་རིམ་སྤོར་སྒྱུར་བཀོད་བྱས་ཡོད། བོད་སྐྱོར་མ་དངུལ་སྒོར་ཁྲི་3000བརྩོན་ལེན་གྱིས་བྲག་ཡིབ་ཆུས་ཏང་གི་སློབ་གྲྭའི་ཕྱོགས་བསྡུས་སློབ་ཁྲིད་ཐོག་ཁང་བསྐྲུན་ཡོད། སློབ་སྐྱོར་དང་བླངས་དགེ་རྒན་48ནང་འདྲེན་བྱས་པ་དང་། ས་ཆ་གཉིས་ཀྱི་ལས་ཐོག་གསོ་སྦྱོང་དང་སྤེལ་རེས་སློབ་སྦྱོང་ལ་མི་ཐེངས་25བཏང་ཁར། ཏུང་ཀོན་གྱི་སློབ་གྲྭ་7གྱི་སློབ་སྤྱི་དང་རྐང་འཛིན་དགེ་རྒན་34མཐུན་སྦྱོར་བྱས་ནས་ཡུག་སྦྲེལ་སློབ་དཔྱོད་བྱེད་སྒོ་སྤེལ་བ་རེད།

    སྤུས་ཚད་དང་ཕན་འབྲས་ལེཌ་སུ་གཏོང་བ་མངོན་གསལ་དོད་པོ་ཡོང་བར་བྱས་ཏེ་གསར་གཏོད་ཀྱི་བསམ་གཞིག་ལ་བརྟེན་ནས་དངོས་ཚན་དཔལ་འབྱོར་སྐྱེད་སྲིང་བྱས་པ།

    “ཁྱད་ལྡན་ལེགས་སུ་གཏོང་བ་དང་། ལས་སྟེགས་འཐུས་སྒོ་ཚང་དུ་གཏོང་བ། མི་སེམས་འགུག་པ”བཅས་ཀྱི་ཐོན་ལས་འཕེལ་རྒྱས་ཀྱི་འཆར་གཞི་ལག་བསྟར་བྱས་ཏེ་རྣམ་གྲངས་ཀྱི་སྐུལ་ཁྲིད་ནུས་པ་མངོན་གསལ་དོད་པོ་ཡོང་བར་བྱས་ནས། ད་ཡོད་ཀྱི་དངོས་ཚན་དཔལ་འབྱོར་སྐྱེད་སྲིང་དང་རྒྱ་སྟོབས་ཆེ་རུ་བཏང་བ་རེད།

    “ཐ་སྐྱོང་དང་འགན་ལེན་ལ་ཕྱོགས་ཏེ་ཁག་གཅིག་འཛུགས་སྐྲུན་བྱེད་པ་དང་། ཏང་འཛུགས་སྐྱོང་ལ་བརྟེན་ནས་ཁག་གཅིག་གྲ་རྒྱས་སུ་གཏོང་བ། རང་རྟེན་ཐོན་ལས་གཙིགས་ཆེར་བཟུང་ནས་ཁག་གཅིག་ལ་རོགས་སྐྱོར་བྱེད་པ”བཅས་ཀྱི་འབྱོར་འབྲིང་དཔེ་སྟོན་གྲོང་ཚོ་འཛུགས་སྐྲུན་གྱི་བསམ་ཕྱོགས་གཞིར་བཟུང་འབྱོར་འབྲིང་དཔེ་སྟོན་གྲོང་ཚོ་8བསྐྲུན་པར་སྐུལ་འདེད་ཏན་ཏིག་བཏང་ཞིང་། ཏང་འཛུགས་སྐྱོང་ལ་བརྟེན་ཏེ་འཕེལ་རྒྱས་ལ་ཕྱོགས་ཡོངས་ནས་ཁྲིད་སྟོན་དང་། ཐོན་ལས་ལ་བརྟེན་ནས་འཛུགས་སྐྲུན་དང་འཕེལ་རྒྱས་ལ་སྐུལ་ཁྲིད་གང་ཐུབ་བྱས་པ་རེད། མིག་སྔར་ཁྱོན་བསྡོམས་མ་དངུལ་སྒོར་ཁྲི་6002(བོད་སྐྱོར་མ་དངུལ་སྒོར་ཁྲི་4000དང་རིམ་པ་འདི་གའི་ནོར་སྲིད་མ་དངུལ་སྒོར་ཁྲི་2002)བཏང་བའི་འབྱོར་འབྲིང་དཔེ་སྟོན་གྲོང་ཚོ་8ཀྱི་ལས་གྲྭ་ཚང་མ་མཇུག་འགྲིལ་བ་རེད།

    སྒོར་ཁྲི་3800བཏང་སྟེ་འཛམ་གླིང་ཤུག་སྡོང་རྒྱལ་པོའི་མཛེས་ལྗོངས་ཁུལ་གྱི་སྤུས་ཚད་ལེགས་གཏོང་དང་རྒྱ་སྐྱེད་རྣམ་གྲངས་ལག་བསྟར་བྱས་པ་དང་། སྤྱི་ཚོགས་མ་དངུལ་སྒོར་དུང་ཕྱུར་3གཏོང་བར་སྐུལ་ཁྲིད་ཀྱིས་འཛམ་གླིང་ཤུག་སྡོང་རྒྱལ་པོའི་མཛེས་ལྗོངས་ཁུལ་དེ་ཉིད་ཡུལ་སྐོར་ལྟ་སྐོར་དང་། ཉམས་ལེན་འཐུ་བསྡུ། ལུས་གསོ་སྤྲོ་གསེང་བཅས་ཀྱི་ཕྱོགས་བསྡུས་སྒྲིག་གཞི་ཞིག་ཏུ་ཧུར་ཐག་བཏོད་ཡོད། རྣམ་གྲངས་བསྐྲུན་རྗེས་སྔོན་དཔག་ལྟར་ན་ལོ་ལྟར་ཡུལ་དེའི་ཞིང་འབྲོག་པར་ལས་སྒྲུབ་དང་ལས་ཞུགས་ཀྱི་དཔལ་འབྱོར་ཕན་འབྲས་སྒོར་ཁྲི་200ལྷག་ཙམ་ཐོབ་རྒྱུར་སྐུལ་ཁྲིད་ཐུབ་རྒྱུ་རེད།

    མི་རིགས་མཐུན་སྒྲིལ་མངོན་གསལ་དོད་པོ་ཡོང་བར་བྱས་ཏེ་འགྲོ་འོང་སྤེལ་རེས་ཁྲོད་ཀོང་ཏུང་དང་བོད་ཀྱི་བརྩེ་སེམས་ཟབ་ཏུ་བཏང་བ།

    ཏུང་ཀོན་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་བོད་སྐྱོར་ལ་བཏོན་པའི“གཅིག་རེ་བདུན”གྱི་བླང་བྱ་གཞིར་བཟུང་། ཆ་སྒྲིག་གི་བྱེད་སྒོར་ཡུལ་བབ་དང་བསྟུན་ནས་སྐུལ་འདེད་བཏང་ཞིང་། དམངས་འཚོའི་དོན་དངོས་ཡག་པོར་བསྒྲུབས་ནས་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་སྐད་གྲགས་ཆོད་པའི་བྱེད་སྒོའི་སྤུས་རྟགས་ཁག་གཅིག་བཏོད་པ་རེད།

    ཏུང་ཀོན་གྲོང་ཁྱེར་གྱི་གྲོང་རྡལ་དང་ཁྲོམ་གཞུང་9ཡིས་བྲག་ཡིབ་ཆུས་ཀྱི་ཤང་དང་གྲོང་རྡལ(ཁྲོམ་གཞུང)9ལ་རོགས་སྐྱོར་བྱས་ཏེ་ཏུང་ཀོན་གྲོང་ཁྱེར་དམངས་སྲིད་ཅུས་དང་། དབང་སྐྱོན་ལྷན་ཚོགས། མཱ་ཡུང་གྲོང་རྡལ། ལེའོ་པུའུ་གྲོང་རྡལ། ཧོང་ལི་གྲོང་རྡལ། ཧྲི་ལུང་གྲོང་རྡལ། ཀྲུང་ཐང་གྲོང་རྡལ། ཐང་ཞ་གྲོང་རྡལ། ཏཱ་ལིང་ཧྲན་གྲོང་རྡལ། དགེ་སྒྲུབ་སྒྲིག་གཞི། གཅེས་སེམས་ཁེ་ལས་སོགས་ནས་སྒོར་ཁྲི་700ལྷག་ཙམ་བརྩོན་ལེན་བྱས་ཏེ་རྒན་གསོ་ཁང་གི་སྒྲིག་ཆས་སྒྲིག་བཀོད་དང་། དགུང་ཚང་མོན་པ་མི་རིགས་ཤང་གི་མི་ཕྱུགས་ལོགས་དབྱེ་དང་དྲོད་ལེན་སྒྲིག་ཆས་སོགས་དམངས་འཚོའི་དོན་དངོས་ཁག་གཅིག་བསྒྲུབས་ཡོད། དབུལ་སྒྲོལ་གྱི་གྲུབ་འབྲས་བརྟན་དུ་གཏོང་བར་རམ་འདེགས་གང་ལེགས་བྱ་ཆེད། ལས་དོན་ཚོགས་ཆུང་གི་ཁོངས་མི་7གྱིས་དུད་ཚང་10ཡི་མང་ཚོགས་དབུལ་པོ་དང་ཁྱིམ་ཚང་ལ་དཀའ་ངལ་ཡོད་པའི་སློབ་མ་7དབར“ཆ་སྒྲིག་རོགས་སྐྱོར་དང་གཉེན་ཉེ་བསྒྲིགས་ནས”རོགས་སྐྱོར་མ་དངུལ་དང་དངོས་ཟོག་ཁྱོན་བསྡོམས་སྒོར་ཁྲི་2རི་བ་སྤྲད་ཡོད། ལྷག་པར་དུ་ཡུལ་སྨད་གྲོང་ཚོའི་ནད་གཞི་ཕོག་པའི་གྲོང་མི་ཞིག་ལ་ལས་དོན་ཚོགས་ཆུང་གིས“ཉ་སྟེར་བ་ལས་ཉ་འཛིན་སྟངས་སློབ་པ་དགའ་བའི”བསམ་ཕྱོགས་གཞིར་བཟུང་དེ་ཉིད་ཀོང་ཏུང་དུ་སྨན་བཅོས་བྱེད་པར་བཏང་བ་དང་ཆབས་ཅིག ཁེ་ལས་ནང་འདྲེན་བྱས་ཏེ་མ་རྩ་སྒོར་ཁྲི་200དང་བོད་སྐྱོར་མ་དངུལ་ནས་སྒོར་ཁྲི་50བཏང་སྟེ་ཁོང་ལ“བོད་ཁྱིམ་སྤྲོ་སྐྱིད་ཁང”གཉེར་རོགས་བྱས་པར། སྔོན་དཔག་བྱས་ན་ལོ་རེར་འབབ་འཕར་སྒོར་ཁྲི་15ཡོང་ཐུབ་རྒྱུ་རེད། སྤྱི་ཚོགས་ཀྱི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས“ཀོང་ཏུང་དང་ཉིང་ཁྲིའི་ཆ་སྒྲིག་གཉེན་འཚོལ་དང་སྤེལ་རེས་མཉམ་འདྲེས”ཀྱི་བྱེད་སྒོ་ཏན་ཏིག་སྤེལ་ཞིང་། སྒོར་ཁྲི་50རི་བའི་རིམས་འགོག་དངོས་ཟོག་སྤྲད་དེ་བྲག་ཡིབ་ཆུས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་དང་དངོས་ཟོག་ཁ་ཐང་བའི་དཀའ་གནད་ཞི་ལྷོད་དུ་ནུས་ལྡན་བཏང་བ་རེད། ཏུང་ཀོན་གྲོང་ཁྱེར་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་དང་ཏུང་ཀོན་གྲོང་ཁྱེར་དབང་པོ་སྐྱོན་ཅན་ཕན་བདེའི་ཐེབས་རྩ་སོགས་ཚན་པའི་དབར་མཐུན་སྦྱོར་བྱས་ཏེ། བྲག་ཡིབ་ཆུས་ཀྱི་མང་ཚོགས་དབུལ་པོར་བརྙན་འཕྲིན་188ཞལ་འདེབས་སུ་སྤྲད་པ་རེད། ཏུང་ཀོན་གྲོང་ཁྱེར་ཏ་ལང་གྲོང་རྡལ་བུད་མེད་མཉམ་འབྲེལ་ལྷན་ཚོགས་དང་མཐུན་སྦྱོར་བྱས་ཏེ་བལ་གྱི་འོག་འཇུག་400བྲག་ཡིབ་ཆུས་ཀྱི་དམག་ཞབས་ཐིམ་པའི་དམག་མིར་ཞལ་འདེབས་སུ་ཕུལ་བ་དང་། ཏུང་ཀོན་གྲན་ཤིང་འཁེལ་ཐག་གྱོན་ཆས་ཚད་ཡོད་ཀུང་སི་དང་མཐུན་སྦྱོར་བྱས་ཏེ་བྲག་ཡིབ་ཆུས་ཀྱི་ཕན་བདེ་ཁང་ལ་ཏ་ལང་གི་ཕྱིར་གཏོང་བལ་གྱི་འོག་འཇུག་200ཞལ་འདེབས་སུ་ཕུལ་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།