
འདི་ནི་T3གནམ་ཐང་བབས་ཚུགས་ཀྱི་གནམ་གྲུ་སྒུག་ས་ཡིན་པ།
དབྱར་ཟླ་བརྒྱད་པའི་བོད་དུ་ནས་ཀྱི་དྲི་ཞིམ་ཕྱོགས་བཞིར་འཐུལ་ལ་གང་སར་སྐལ་བཟང་མེ་ཏོག་རབ་ཏུ་བཞད། བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་མཚམས་འདིར། བོད་ཀྱི་གནམ་ཐང་བབས་ཚུགས་ཆེ་ཤོས་ཏེ་ལྷ་ས་གོང་དཀར་གནམ་ཐང་གི་T3གནམ་ཐང་བབས་ཚུགས་དངོས་སུ་སྤྱོད་འགོ་ཚུགས་པའི་མཛད་སྒོ་ཚེས་7ཉིན་ལྷ་སར་འཚོགས་པ་རེད།
2017ལོའི་ཟླ་12ཚེས་6ཉིན་ལས་གྲྭ་དངོས་སུ་སྐྲུན་འགོ་ཚུགས་པ་དང་།
2019ལོའི་ཟླ་10ཚེས་11ཉིན་གནམ་ཐང་བབས་ཚུགས་ཀྱི་གྲུབ་ཆ་གཙོ་བོའི་ཐོག་བཀབ་པ།
2021ལོའི་ཟླ་7ཚེས་26ཉིན་གསར་དུ་བསྐྲུན་པའི་གནམ་ཐང་བབས་ཚུགས་ཀྱི་ལས་གྲྭར་ལས་རིགས་ཀྱི་ཞིབ་བཤེར་རྩིས་ལེན་ཐོབ་པ།
ལོ་3ལྷག་ཙམ་ནང་། ལས་གྲྭ་འཛུགས་སྐྲུན་ཚན་པ་40ལྷག་ཙམ་དང་ལས་གྲྭ་འཛུགས་སྐྲུན་པ་ཆིག་ཁྲི་ཡན་གྱིས་ཐུན་མོང་ཐོག་འབད་བརྩོན་བྱས་པར་བརྟེན། གསར་དུ་བསྐྲུན་ནས་སྤྱོད་འགོ་ཚུགས་པའི་ལྷ་ས་གོང་དཀར་གནམ་ཐང་གི་T3གནམ་ཐང་བབས་ཚུགས་དེ་དྭངས་གཙང་ལྷད་མེད་ཀྱི་མེ་ཏོག་པད་མའི་འདབ་བརྒྱ་ལྷུག་པོར་གྲོལ་བ་ཇི་བཞིན་ཡར་ཀླུང་གཙང་པོའི་ངོགས་སུ་འགྱིང་ངེར་གནས་ཡོད། རྣམ་གྲངས་སྤྱོད་འགོ་ཚུགས་པ་དེ་ཐོག་ནས་བོད་ཀྱི་དམངས་སྤྱོད་མཁའ་འགྲུལ་བྱ་གཞག་འཕེལ་རྒྱས་དེ་ཆུ་ཚད་གསར་པ་དང་དུས་མཚམས་གསར་པ་ཞིག་ཏུ་སླེབས་པ་མཚོན་ཞིང་། དེས་བོད་ཀྱི་ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་གནས་ཚུལ་ཇེ་ལེགས་སུ་འགྲོ་རྒྱུ་མ་ཟད། རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་ལ་དེ་བས་ལེགས་པའི་སྒོ་ནས་ཞབས་འདེགས་ཞུ་རྒྱུ་དང་། མི་རིགས་ཁག་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྔར་བས་སྐུལ་མ་ཐེབས་རྒྱུ། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་ཐེབས་རྒྱུ་བཅས་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ཁྱོན་མ་དངུལ་སྒོར་དུང་ཕྱུར་39.07བཏང་བའི་ལྷ་ས་གོང་དཀར་གནམ་ཐང་གི་T3གནམ་ཐང་བབས་ཚུགས་ཀྱི་ས་བཟུང་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་8.8ཟིན་ཞིང་། དེར་ལས་རེས་ཁུལ་4དང་། ལས་རེས་སྟེགས་བུ་40 བདེ་འཇགས་ཞིབ་བཤེར་ས་ཚིགས་22 གནམ་གྲུ་འཛུལ་སྒོ་20བཅས་ཡོད་པ་དེ་ནི“ལོ་ལྔ་ཚན་བཅུ་གསུམ་པའི”རིང་བོད་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་རྣམ་གྲངས་གལ་ཆེན་ཞིག་ཡིན་ལ། བོད་ལྗོངས་ས་ཁུལ་གྱི་མ་འཇོག་གཞི་ཁྱོན་ཆེ་ཤོས་དང་། བཟོ་རྩལ་བརྒྱུད་རིམ་རྙོག་འཛིང་ཆེ་ཤོས། རིག་ནུས་ཅན་གྱི་ཚད་གཞི་མཐོ་ཤོས་བཅས་ཀྱི་གནམ་ཐང་འཛུགས་སྐྲུན་རྣམ་གྲངས་ཤིག་ཀྱང་ཡིན་པ་རེད།
བཀོད་སྒྲིག་ལ་གཞིགས་ན། གནམ་ཐང་བབས་ཚུགས་སྤྱོད་འགོ་ཚུགས་པའི་ཉིན་དེར་ཞ་མོན་མཁའ་འགྲུལ་དང་ཁྲེང་ཏུའུ་མཁའ་འགྲུལ་T3མཁའ་འགྲུལ་བབས་ཚུགས་ནས་འཁོར་སྐྱོད་བྱ་རྒྱུ་དང་། ཟླ་8ཚེས་8ཉིན་ནས་བཟུང་བོད་ཀྱི་མཁའ་འགྲུལ་ཕུད་པའི་མཁའ་འགྲུལ་ཀུང་སི་གཞན་དག(རྒྱལ་སྤྱིའི་མཁའ་འགྲུལ་དང་། ལྷོ་ཕྱོགས་མཁའ་འགྲུལ། ཤར་ཕྱོགས་མཁའ་འགྲུལ། སི་ཁྲོན་མཁའ་འགྲུལ། ཁྲུང་ཆིང་མཁའ་འགྲུལ། ཤང་ཕུང་མཁའ་འགྲུལ། ནུབ་རྒྱུད་མཁའ་འགྲུལ། ཞ་མོན་མཁའ་འགྲུལ། ཁྲེང་ཏུའུ་མཁའ་འགྲུལ་བཅས)གིས་དངོས་སུ་སྐྱེལ་འདྲེན་བྱེད་འགན་འཁུར་བའི་ལྷ་ས་ནས་འགྲོ་འོང་བྱེད་པའི་རྒྱལ་ནང་གི་དུས་གཏན་གནམ་གྲུ་T3གནམ་ཐང་བབས་ཚུགས་ནས་འཁོར་སྐྱོད་བྱ་རྒྱུ་དང་། ཟླ་8ཚེས་9ཉིན་ནས་བཟུང་ལྷ་ས་གོང་དཀར་གནམ་ཐང་གི་དུས་གཏན་གནམ་གྲུ་ཚང་མ་T3གནམ་ཐང་བབས་ཚུགས་ནས་འཁོར་སྐྱོད་བྱ་རྒྱུ་ཡིན་པ་རེད།
གྲངས་གཞི་ལས་མངོན་པར་གཞིགས་ན། མིག་སྔར་ལྷ་ས་གོང་དཀར་གནམ་ཐང་གི་ལམ་ཐིག་གྲོང་ཁྱེར་62ལ་ཤར་གཏོང་ཐུབ་པ་དང་། མཁའ་ལམ་114བཏོད་པ། 2019ལོར་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི་450ཐོག་མར་མངོན་འགྱུར་བྱུང་ཡོད་པ་རེད། དེ་དང་ཆབས་ཅིག་བོད་ཀྱི་དམངས་སྤྱོད་མཁའ་འགྲུལ་བདེ་འཇགས་ངང་འཕུར་སྐྱོད་ཐུབ་ནས་ལོ་56འཁོར་བ་དང་མཁའ་ཟོན་བདེ་འཇགས་བྱུང་ནས་ལོ་56འཁོར་ཞིང་། འཛམ་གླིང་དུ་ཆ་སྙོམས་ས་བབ་མཐོ་ཤོས་དང་འཕུར་སྐྱོད་འགན་ལེན་གྱི་དཀའ་ཚེགས་ཆེ་ཤོས་ཀྱི་ས་ཁུལ་དུ་བདེ་འཇགས་ངང་འཕུར་སྐྱོད་བྱེད་པའི་དུས་ཚོད་རིང་ཤོས་ཀྱི་ཟིན་ཐོ་བཏོད་ནས། འཛམ་གླིང་གི་དམངས་སྤྱོད་མཁའ་འགྲུལ་ས་མཐོར་བདེ་འཇགས་ངང་འཁོར་སྐྱོད་བྱེད་པའི་དཔེ་མཚོན་དུ་གྱུར་ཡོད།