【ཀྲུང་དབྱང་གི“གཏན་འབེབས་དོན་ཚན་བརྒྱད”】
ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་2012ལའི་ཟླ་12ཚེས་4ཉིན་ཚོགས་འདུ་འཚོགས་ནས་ཚོགས་འདུའི་ཐོག་ལས་ཀའི་སྤྱོད་ཚུལ་ལེགས་སུ་གཏོང་བ་དང་མང་ཚོགས་དང་འབྲེལ་གཏུག་དམ་ཟབ་བྱ་རྒྱུའི་སྐོར་གྱི་གཏན་འབེབས་དོན་ཚན་བརྒྱད་ལ་མགྲིན་གཅིག་ཏུ་མོས་མཐུན་བྱུང་ཡོད།
བརྟག་དཔྱད་ཞིབ་འཇུག་ལེགས་སུ་གཏོང་དགོས། གཞི་རིམ་དུ་བརྟག་ཞིབ་བྱེད་སྐབས་གནས་ཚུལ་དངོས་ཤེས་རྟོགས་གཏིང་ཟབ་བྱས་ནས་ཉམས་མྱོང་ཕྱོགས་སྡོམ་དང་། གནད་དོན་ལ་ཞིབ་འཇུག དཀའ་ངལ་ཐག་གཅོད། ལས་དོན་ལ་མཛུབ་ཁྲིད་བཅས་བྱེད་པ་དང་། མང་ཚོགས་ལ་སློབ་སྦྱོང་དང་ལག་ལེན་ལ་སློབ་སྦྱོང་བྱེད་པ། མང་ཚོགས་དང་བཞུགས་མོལ་མང་ཙམ་དང་། ལས་བྱེད་པ་དང་སྙིང་གཏམ་ཤོད་རེས་མང་ཙམ། གྲོས་བསྡུར་མང་ཙམ། དཔེ་མཚོན་དབྱེ་ཞིབ་མང་ཙམ་བཅས་བྱས་ཏེ་དཀའ་ངལ་དང་འགལ་བ་གཅིག་སྡུད་ཁུལ་གྱི་ས་ཆར་མང་ཙམ་བསྐྱོད་པ་དང་མང་ཚོགས་ཀྱི་བསམ་འཆར་མང་བའི་སར་བསྐྱོད་དགོས་པ་ལས་བཟོ་ལྟ་ཙམ་བསྟན་ནས་ཕྱི་ཚུལ་རིང་ལུགས་བྱེད་མི་རུང་། ཕྱིར་བསྐྱོད་སྟབས་བདེ་དང་། ཕེབས་རོགས་ཉུང་བ། སྣེ་ལེན་སྟབས་བདེ་བཅས་བྱེད་པ་ལས་སྦྱར་ཡིག་མི་འགེལ་བ་དང་། མང་ཚོགས་ཀྱི་ཕེབས་བསུ་བཀོད་སྒྲིག་མི་བྱེད་པ། མགྲོན་བསུའི་ས་གདན་མི་འདིང་བ། སྣེ་ལེན་མེ་ཏོག་མི་སྒྲིག་པ། གསོལ་ཚིགས་མི་གཤོམས་པ་བཅས་བྱེད་དགོས།
ཚོགས་འདུའི་བྱེད་སྒོ་ཉུང་དུ་གཏོང་དགོས། ཚོགས་སྲོལ་ལེགས་སུ་ཏན་ཏིག་བཏང་ནས་ཀྲུང་དབྱང་གི་མིང་ཐོག་ནས་འཚོགས་པའི་རིགས་ཁག་གི་རྒྱལ་ཡོངས་རང་བཞིན་གྱི་ཚོགས་འདུ་དང་བྱེད་སྒོ་གལ་ཆེན་ཚོད་འཛིན་ནན་པོ་བྱས་ཏེ་བཀོད་སྒྲིག་ཡང་ཡང་བྱེད་པ་དང་བླང་བྱ་འདོན་པའི་ཚོགས་འདུ་མི་འཚོག་པ་དང་། ཀྲུང་དབྱང་གི་ཆོག་མཆན་མ་ཐོབ་པར་སྒོ་འབྱེད་དར་ཚོན་འབྲེག་པ་དང་། རྩིག་རྨང་འདིང་བའི་བྱེད་སྒོ་དང་རྟེན་འབྲེལ་བྱེད་སྒོ དྲན་གསོའི་ཚོགས་འདུ། གཟེངས་བསྟོད་ཚོགས་འདུ། དངོས་མང་སྟོན་ཚོགས། བགྲོ་གླེང་ཚོགས་འདུ། གླེང་སྟེགས་སྣ་ཚོགས་བཅས་ལ་ཞུགས་མི་ཆོག ཚོགས་འདུའི་ཕན་འབྲས་ཆེ་རུ་བཏང་ནས་ཚོགས་འདུ་ཐུང་ངུ་འཚོག་པ་དང་གཏམ་བཤད་ཉུང་ཉུང་སྤེལ་ཏེ་སྟོང་གཏམ་དང་ཆོ་མེད་ཀྱི་གཏམ་བཤད་སྤེལ་རྒྱུ་གཏན་འགོག་བྱེད་དགོས།
ཡིག་ཆ་དང་གནས་ཚུལ་གནད་ཞུ་ཁུ་བསྡུ་བྱེད་དགོས། རྩོམ་སྲོལ་ལེགས་སུ་ཏན་ཏིག་བཏང་ནས་དོན་དམ་པའི་ནང་དོན་མེད་པ་དང་། སྤེལ་གཏོང་བྱེད་མིན་ཁྱད་པར་དེ་ཙམ་མེད་པའི་ཡིག་ཆ་དང་གནས་ཚུལ་གནད་ཞུ་སྤེལ་གཏོང་བྱེད་མི་རུང་། ཕྱིར་བསྐྱོད་འཚམས་འདྲིའི་བྱེད་སྒོ་ཚད་ལྡན་དུ་གཏོང་དགོས། ཕྱི་འབྲེལ་ལས་དོན་གྱི་སྤྱི་ཡོངས་ལ་དམིགས་ནས་ཕྱིར་བསྐྱོད་འཚམས་འདྲིའི་བྱེད་སྒོ་ལུགས་མཐུན་བཀོད་སྒྲིག་བྱས་ཏེ་ཕྱིར་བསྐྱོད་མཉམ་དུ་འགྲོ་མཁན་མི་སྣ་ཚོད་འཛིན་ནན་པོ་བྱེད་པ་དང་གཏན་འབེབས་ལ་ནན་པོར་གཞིགས་ནས་འགྲིམ་འགྲུལ་ཡོ་ཆས་ལ་ཞུགས་དགོས། ཀྲུང་གོའི་མ་འཇོག་སྒྲིག་གཞི་དང་། ཕྱི་ཁོངས་ཀྲུང་གོ་བ་དང་ཕྱིར་སྡོད་རང་མི། ཕྱི་སྦྱོང་སློབ་མའི་འཐུས་མི་ཚོགས་པ་གནམ་ཐང་དུ་ཕེབས་བསུར་སྤྱིར་ན་བཀོད་སྒྲིག་བྱེད་མི་རུང་།
སྐུ་སྲུང་གི་ལས་དོན་ལེགས་སུ་གཏོང་དགོས། མང་ཚོགས་དང་འབྲེལ་གཏུག་བྱ་རྒྱུར་ཕན་ཐོགས་ཡོད་པའི་རྩ་དོན་མཐའ་འཁྱོངས་བྱས་ནས་འགྲིམ་འགྲུལ་བཀག་སྡོམ་བྱེད་ཚད་ཆུང་དུ་བཏང་ནས་སྤྱིར་བཏང་གནས་ཚུལ་འོག་ལམ་བུ་བཀག་པ་དང་བྱེད་སྒོ་ཁང་སྒོ་རྒྱག་མི་རུང་།
གསར་འགྱུར་སྤེལ་གཏོང་ལ་འགྱུར་ལྡོག་གཏོང་དགོས། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་ཚོགས་འདུ་དང་བྱེད་སྒོར་ཞུགས་སྐབས་ལས་ཀའི་དགོས་མཁོ་དང་། གསར་འགྱུར་གྱི་རིན་ཐང་། སྤྱི་ཚོགས་ཀྱི་ཕན་འབྲས་བཅས་ལ་གཞིགས་ནས་གནས་ཚུལ་སྤེལ་གཏོང་བྱེད་དགོས་མིན་དང་། གནས་ཚུལ་སྤེལ་བའི་རིན་ཐང་ཡོད་མིན། སྤྱི་ཚོགས་ཀྱི་ཕན་འབྲས་ལ་གཞིགས་ནས་གནས་ཚུལ་སྤེལ་གཏོང་བྱེད་དགོས་མིན་བཅས་གཏན་འཁེལ་བྱེད་དགོས། གནས་ཚུལ་སྤེལ་གཏོང་གི་གྲངས་འབོར་དང་ཡིག་འབྲུ་ཉུང་དུ་གཏོང་བ་དང་དུས་ཚོད་ཐུང་དུ་གཏོང་དགོས།
གསར་འགྱུར་རྩོམ་ཡིག་སྤེལ་གཏོང་ནན་པོ་བྱེད་དགོས། ཀྲུང་དབྱང་གི་གཅིག་གྱུར་བཀོད་སྒྲིག་ཕུད་མི་སྒེར་གྱི་རྩོམ་ཡིག་དང་གཏམ་བཤད་དེབ་རྐྱང་མ་ཡོངས་བསྒྲགས་ཐོག་དཔེ་སྐྲུན་བྱེད་མི་རུང་། རྟེན་འབྲེལ་འཕྲིན་ཡིག་དང་གློག་འཕྲིན་གཏོང་མི་རུང་། རྟེན་འབྲེལ་ཕྱག་བྲིས་འབྲི་མི་རུང་།
གྲོན་ཆུང་བསྲི་ཚགས་ནན་པོ་བྱེད་དགོས། སྤྱོད་གཙང་སྲིད་སྐྱོང་གི་འབྲེལ་ཡོད་གཏན་འབེབས་ལ་ནན་པོར་གཞིགས་པ་དང་སྡོད་ཁང་དང་རླངས་འཁོར་བཀོད་སྒྲིག་སོགས་ཀྱི་འབྲེལ་ཡོད་ལས་དོན་དང་འཚོ་བའི་ཐོབ་ཐང་གི་གཏན་འབེབས་ལག་བསྟར་ནན་པོ་བྱེད་དགོས།