ཡོང་སའི་ལམ་མ་བརྗེད་པ་བྱས་ནས་མེ་སྟག་ནམ་ཡང་རྒྱུན་འཛིན་བྱེད།
ལེ་ཚན་གཏོད་པའི་གཏམ།
འདི་ལོ་ནི་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བའི་ལོ་ཞིག་ཡིན། ལོ་ངོ་70ཡི་གོང་བཙན་རྒྱལ་རིང་ལུགས་ཀྱི་ཕྱོགས་གཏོགས་བོད་ནས་མཐར་སྐྲོད་བཏང་སྟེ་བོད་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་ཆེད། ལམ་བཞི་ནས་བོད་དུ་དཔུང་སྐྱོད་བྱེད་མཁན་བཅིངས་འགྲོལ་དམག་གི་དཔོན་དམག་ཚོས་ཀྲུའུ་ཞི་མའོ་ཙེ་ཏུང་དང་ཏང་ཀྲུང་དབྱང་གི་འབོད་སྐུལ་དང་ལེན་ཞུས་ནས་འགན་འཁྲི་ཕྲག་ཏུ་འཁུར་བ་དང་ལེ་དབར་སྟོང་གི་སར་དཔུང་བསྐྱོད་བྱས་ཏེ་དགའ་སྐྱོ་གཉིས་ལྡན་གྱི་དཔའ་བོའི་བསྟོད་གླུ་བརྩམས་པ་དང་སྐར་ལྔའི་དར་དམར་རི་བོ་ཧི་མ་ལ་ཡའི་རི་རྩེར་བཙུགས་ནས་བོད་ཀྱི་ལོ་རྒྱུས་ཀྱི་དུས་རབས་གསར་པ་བཏོད་ཡོད། ལོ་ངོ་70ཡི་རིང་དང་ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་དམིགས་བསལ་ཐུགས་ཁུར་འོག་བོད་ཀྱིས་རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཏེ་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་བསྐྱོད་ཡོད། དེ་རིང་ནས་བཟུང་། འདི་ག་ཚགས་པར་ཐོག《ཏང་གི་འོད་སྟོང་མཐའ་མཚམས་ཕྱོགས་སུ་འཕྲོ། མཐའ་མཚམས་མི་དམངས་སེམས་པ་ཏང་ལ་ཕྱོགས——སླར་ཡང་བཅིངས་འགྲོལ་དམག་གི་བོད་སྐྱོད་ལམ་བུར་སྐྱོད》ཅེས་པའི་རིམ་སྤེལ་གནས་ཚུལ་སྤེལ་རྒྱུ་ཡིན་པས་རྒྱ་ཆེའི་ཀློག་པ་པོ་ཚོས་གཟིགས་གནང་ཡོད་པ་ཞུ།
ལོ་ངོ་70དང་། ཟླ་840 ཉིན་25550བཅས་ལས་ལོ་རྒྱུས་ཀྱི་དུས་རབས་གསར་པར་སླེབས་པའི་བོད་དུ་ཉིན་རེ་བཞིན་རྣམ་པ་གསར་པ་མངོན་པ་དང་དུས་དང་རྣམ་པ་ཀུན་ཏུ་དུས་རབས་ཀྱི་ངོ་མཚར་མངོན་བཞིན་མཆིས།
ལོ་རྒྱུས་ཀྱི་མཐོང་རྒྱ་ཡངས་སུ་གཏོང་བ་དང་སྤྱི་ཚོགས་ཀྱི་འབྲེལ་བ་ཟབ་ཏུ་བཏང་ནས་བོད་ལ་དུས་དང་རྣམ་པ་ཀུན་ཏུ་བཀྲག་མདངས་འཚེར་བའི་གནས་ཚད་ཅིག་ཡོད་པ་དེས་མུན་ནག་ནས་འོད་ཟེར་ཕྱོགས་སུ་བསྐྱོད་པ་དང་། རྗེས་ལུས་ནས་ཡར་ཐོན་ཕྱོགས་སུ་བསྐྱོད་པ། དབུལ་ཕོངས་ནས་འབྱོར་ཕྱུག་ཕྱོགས་སུ་བསྐྱོད་པ། སྲིད་དབང་སྒེར་གཅོད་ནས་དམངས་གཙོའི་ཕྱོགས་སུ་བསྐྱོད་པ། བཀག་སྡོམ་ནས་སྒོ་དབྱེའི་ཕྱོགས་སུ་བསྐྱོད་པའི་ལོ་རྒྱུས་ཀྱི་ཁ་ཕྱོགས་སྒྱུར་མཚམས་གསལ་སྟོན་བྱས་ཡོད།
གནས་ཚད་དེ་ནི་བོད་ཞི་བས་བཅིངས་འགྲོལ་བཏང་བ་དེ་རེད། རླབས་ཆེན་གྱི་ཀྲུང་གོ་གུང་ཁྲན་ཏང་གིས་ཕུགས་བསམ་གྱི་དཔལ་འབར་མཐོན་པོར་བཏེགས་ནས་རྒྱང་རིང་གི་མདུན་ལམ་ལ་འོད་ཟེར་འཕྲོ་བར་བྱས་པས་གངས་ལྗོངས་ས་མཐོ་དང་བོད་མི་དམངས་ཀྱི་མདུན་ལམ་དང་ལས་དབང་ལ་འགྱུར་ལྡོག་ཆེན་པོ་ཕྱིན་ཡོད།
ལོ་རྒྱུས་ཀྱི་ཁ་ཕྱོགས་སྒྱུར་མཚམས།
1949ལོའི་ཟླ་10ཚེས་1ཉིན། པེ་ཅིང་། གནམ་བདེ་སྒོ་མོ་ཆེ།
མའོ་ཙེ་ཏུང་གིས་འཛམ་གླིང་ཡོངས་ལ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་པ་བརྗིད་ཉམས་ལྡན་པའི་ངང་ཁྱབ་བསྒྲགས་གནང་། སྐར་ལྔའི་དར་དམར་དང་པོ་དེ་དལ་བུར་བསྒྲེངས་པ་དང་། ཉེ་རབས་ཚུན་དཀའ་སྡུག་ཚད་མེད་ཀྱི་འཐབ་རྩོད་བྱས་པའི་ཀྲུང་གོའི་མི་དམངས་དུས་དེ་ནས་བཟུང་ཡར་ལངས་པ་དང་དུས་དེ་ནས་བཟུང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་བརྗིད་ཆེའི་འགྲོ་ལམ་དུ་བསྐྱོད།
“བྱ་སྐད་ཤིག་གིས་ནམ་ཟླ་ཡོངས་སུ་བསལ”ནམ་མ་ལངས་གོང་གི་བོད་ཀྱིས་མིའི་རིགས་ཀྱི་ལོ་རྒྱུས་ཐོག་གི་ཆེས་མུན་ནག་གི་སྤྱི་ཚོགས་བརྒྱུད་བཞིན་ཡོད།
“འཛམ་གླིང་གི་ཡང་རྩེར”སྔར་བཞིན་མིའི་རིགས་ཀྱི་སྤྱི་ཚོགས་ཀྱི་ཞིང་བྲན་ལམ་ལུགས་མཐའ་མ་དེའི་རྣམ་པ་ཆ་ཚང་ཤོས་དང་གཉའ་གནོན་མྱོང་མཁན་མང་ཤོས་ཀྱི་ས་ཁོངས་ཀྱི་དེ་མུན་ནག་སྤྱི་ཚོགས་ཀྱི་དབང་སྒྱུར་གནས་ཡོད་པ་དང་མུ་མཐུད་གནས་ཚེ་སྤྱི་ཚོགས་ཧྲིལ་པོ་རྩ་མེད་དུ་འགྲོ་ངེས་རེད།
བཙན་རྒྱལ་རིང་ལུགས་དང་ཀྲུང་ཧྭ་མི་རིགས་དབར་གྱི་འགལ་བ་དང་། བཀས་བཀོད་རྒྱུད་འཛིན་རིང་ལུགས་དང་མི་དམངས་མང་ཚོགས་དབར་གྱི་འགལ་བ་ཛ་དྲག་ཏུ་ཕྱིན་ནས་མཐུན་ཐབས་མེད་པར་གྱུར་ཡོད། བཙན་རྒྱལ་རིང་ལུགས་ཀྱི་བཙན་འཛུལ་སྟོབས་ཤུགས་བོད་ནས་མཐར་སྐྲོད་གཏོང་བ་དང་། བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱི་ལྕགས་སྒྲོག་གཏོར་བ། བོད་ཀྱི་མི་དམངས་ལ་བཅིངས་འགྲོལ་གཏོང་བའི་རླབས་ཆེན་གྱི་ལས་འགན་དང་བླ་ན་མེད་པའི་འགན་འཁྲི་ལོ་རྒྱུས་རང་བཞིན་ལྡན་པའི་ངང་ཀྲུང་གོ་གུང་ཁྲན་ཏང་མིའི་ཕྲག་ཏུ་བབས་ཡོད།
“བོད་དུ་དཔུང་སྐྱོད་སྔ་ཙམ་བྱེད་པ་ལས་ཕྱི་དྲགས་རྒྱུ་མེད”ཀྲུང་གོ་གསར་པ་དབུ་བརྙེས་ནས་ཡུན་རིང་མ་སོང་བར། མོ་སི་ཁོར་སྐྱོད་པའི་མེ་འཁོར་དུ་སྤྱི་མཐུན་རྒྱལ་ཁབ་ཀྱི་གཙོ་འཛིན་མའོ་ཙེ་ཏུང་གིས་བློ་གྲོས་ཀྱི་མིག་རྒྱང་དང་གུང་ཁྲན་ཏང་མིའི་ལོ་རྒྱུས་ཀྱི་ལས་འགན་སྒྲུབ་སེམས་ལ་བརྟེན་ནས་བོད་ལ་བཅིངས་འགྲོལ་གཏོང་བ་ཉིན་རེའི་གྲོས་རིམ་གལ་ཆེན་དུ་བཅུག་ཡོད།
1950ལོའི་ཟླ་1པོའི་ཚེས་24ཉིན། ཀྲུང་དབྱང་གིས་དམག་སྡེ་བཅོ་བརྒྱད་པས་བོད་དུ་དཔུང་སྐྱོད་བྱེད་པའི་གཙོ་ཤུགས་བྱས་ནས། མཚོ་སྔོན་དང་། ཤིན་ཅང་། ཡུན་ནན་བཅས་ཀྱིས་དམག་ཤུགས་རེ་རེ་བཏང་སྟེ“ཕྱོགས་མང་པོ་ནས་ལྟེ་བར་དཔུང་སྐྱོད”བྱེད་དགོས་པའི་མཛུབ་སྟོན་གནང་ནས་བཅིངས་འགྲོལ་དམག་བོད་དུ་སྐྱོད་འགོ་ཚུགས་པ་རེད།
1950ལོའི་ཟླ་10ཚེས་19ཉིན། ཆབ་མདོར་བཅིངས་འགྲོལ་བཏང་ནས་ཞི་བའི་གྲོས་མོལ་བྱེད་འགོ་ཚུགས་པ་དང་། 1951ལོའི་ཟླ་5ཚེས་23ཉིན《ཀྲུང་དབྱང་མི་དམངས་སྲིད་གཞུང་དང་བོད་ས་གནས་སྲིད་གཞུང་དབར་བོད་ཞི་བས་བཅིངས་བཀྲོལ་འབྱུང་ཐབས་སྐོར་གྱི་གྲོས་མཐུན》པེ་ཅིང་དུ་བཞག་ནས་བོད་ཞི་བས་བཅིངས་འགྲོལ་བཏང་བ་ཁྱབ་བསྒྲགས་བྱས།
2011ལོའི་ཟླ་7ཚེས་19ཉིན། ལྷ་ས། ཕོ་བྲང་པོ་ཏ་ལའི་ཐང་ཆེན།
ཞི་ཅིན་ཕིང་གིས་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་60འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག“དེ་ནི་བོད་ཀྱི་ལོ་རྒྱུས་ཐོག་དུས་རབས་འབྱེད་པར་དོན་སྙིང་ལྡན་པའི་ཁ་ཕྱོགས་སྒྱུར་མཚམས་ཤིག་རེད་ལ། ཀྲུང་གོ་མི་དམངས་ཀྱི་བཅིངས་འགྲོལ་བྱ་གཞག་དང་མེས་རྒྱལ་གཅིག་གྱུར་བྱ་གཞག་གི་དོན་ཆེན་ཞིག་ཀྱང་རེད། བོད་ཞི་བས་བཅིངས་འགྲོལ་བཏང་བ་དེས་ཕྱི་རོལ་ཕྱོགས་གཏོགས་ཀྱིས་བོད་ཀྲུང་གོ་ནས་ཁ་ཕྲལ་གཏོང་བའི་རེ་ངན་ཐལ་བའི་རྡུལ་དུ་བརླགས་པ་དང་། རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་སྲུང་སྐྱོང་བྱས་པ། མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་བྱས་པ་མ་ཟད། ཞིང་བྲན་ཁྲི་ཚོ་བརྒྱར་ཡར་ལངས་བཅིངས་འགྲོལ་གཏོང་བའི་འགྲོ་ལམ་བཏོད་པ་དང་། བོད་དར་རྒྱས་ཡར་ཐོན་གྱི་ཕྱོགས་སུ་སྐྱོད་པའི་འོད་སྟོང་འཕྲོ་བའི་མདུན་ལམ་བཏོད་ཡོད”ཅེས་མཛུབ་སྟོན་གནང་ཡོད།
རྒྱལ་ཁའི་དཔུང་སྐྱོད།
“གྲོས་མཐུན་དེ་མངོན་འགྱུར་ཡོང་བ་དང་རྒྱལ་སྲུང་བརྟན་དུ་གཏོང་བའི་དགོས་མཁོ་འགན་ལེན་བྱ་ཆེད། དགོས་ངེས་ཀྱི་དམག་ཤུགས་བོད་དུ་བཅའ་སྡོད་བྱེད་རྒྱུའི་གཏན་འབེབས་བྱས་པ་རེད” 《གྲོས་མཐུན་དོན་ཚན་བཅུ་བདུན》བཞག་རྗེས་ཀྱི་ཉིན་གསུམ་པར་ཀྲུའུ་ཞི་མའོ་ཙེ་ཏུང་གིས་བོད་དུ་དཔུང་སྐྱོད་བྱེད་པའི་བཀའ་རྒྱ་བཏང་གནང་བ་རེད།
ཟླ་7ཚེས་25ཉིན། ཝང་ཆི་མའེ་ཡིས་སྣེ་ཁྲིད་གནང་བའི་དམག་སྡེ་བཅོ་བརྒྱད་པའི་སྔོན་སྐྱོད་ཡན་ལག་རུ་ཁག་ཆབ་མདོ་ནས་ཐོན་ཏེ་ཨེན་ཏ་དང་། ལྷོ་རོང་། དཔལ་འབར། ལྷ་རི། ཐའེ་ཀྲའོ། མལ་གྲོ་གུང་དཀར། སྟག་རྩེ་བཅས་བརྒྱུད་ཟླ་9ཚེས་9ཉིན་ལྷ་སར་འབྱོར་བ་རེད།
ཟླ་8ཚེས་28ཉིན། ཀྲང་གོ་ཧྭ་དང་ཐན་ཀོན་སེན་གྱིས་སྣེ་ཁྲིད་གནང་བའི་འགོ་ཁྲིད་ལས་ཁུངས་ཆབ་མདོ་ནས་ཁ་བྲལ་ཏེ་རི་བོ་ཆེ་དང་། སྟེང་ཆེན། ས་སྟེང་། པད་དཀར། མཚོ་རྡོ། མལ་གྲོ་གུང་དཀར། སྟག་རྩེ་བཅས་བརྒྱུད་ཟླ་10ཚེས་26ཉིན་ལྷ་སར་འབྱོར་བ་རེད།
ཧྥན་མིང་གིས་སྣེ་ཁྲིད་གནང་བའི་དམག་སྡེ་བཅོ་བརྒྱད་པའི་རང་ཚུགས་ཉིང་ལག་རུ་ཁག་ཟླ་8ཚེས་22ཉིན་མཚོ་སྔོན་ཤང་སྡེ་ནས་ཐོན་ཏེ་གདང་ལ་དང་། སྙན་རོང་། ནག་ཆུ། ཕུ་མདོ། ལྷུན་གྲུབ་བཅས་བརྒྱུད་ཟླ་12ཚེས་1ཉིན་ལྷ་སར་འབྱོར་བ་རེད།
ཡུན་ནན་ནས་བོད་དུ་དཔུང་སྐྱོད་བྱེད་མཁན་དམག་སྡེ་བཅུ་བཞི་པའི་ཧྲི་ཤོག་42པའི་ཐོན་ཤོག་126པ་ཚ་བ་རོང་བརྒྱུད་ཟླ་10ཚེས་1ཉིན་རྫ་ཡུལ་དུ་བཅའ་སྡོད་བྱས།
ཤིན་ཅང་ནས་བོད་དུ་དཔུང་སྐྱོད་བྱེད་མཁན་རང་ཚུགས་རྟ་དམག་ཧྲི་ཤོག་གི་སྔོན་སྐྱོད་ལེན་ཤོག་དེ་གོང་1950ལོའི་ཟླ་8ཚེས་29ཉིན་མངའ་རིས་སྒེར་རྩེའི་གྲ་མ་མང་པོར་བཅའ་སྡོད་བྱས་པ་དང་། རང་ཚུགས་རྟ་དམག་ཧྲི་ཤོག་གི་རྗེས་མཐུད་དཔུང་སྡེ་གྲ་མ་མང་པོ་དང་སྤུ་ཧྲེང་བརྒྱུད་1951ལོའི་ཟླ་8པར་མངའ་རིས་ཀྱི་ལྟེ་བའི་གྲོང་ཁྱེར་དུ་བཅའ་སྡོད་བྱས།
བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་བཅིངས་འགྲོལ་དོན་གཉེར་དང་། བདེ་སྐྱིད་དོན་གཉེར། འཕེལ་རྒྱས་དོན་གཉེར་བཅས་བྱེད་ཆེད། ཀྲུང་གོ་གུང་ཁྲན་ཏང་མིས་གསར་བརྗེའི་ཁྲག་དྲོན་དང་རྒྱལ་ཁབ་ལ་བརྩེ་སེམས་ཟབ་མོ་བཅངས་ནས་ལང་ཚོ་དང་། ཁྲག་དྲོན། ཚེ་སྲོག་བཅས་ལ་བརྟེན་ཏེ་མེས་རྒྱལ་གྱི་མངའ་ཁོངས་ཆ་ཚང་སྲུང་སྐྱོང་དང་གངས་ལྗོངས་མི་དམངས་ལ་བདེ་སྐྱིད་བསྐྲུན་ཡོད།
མི་དམངས་བཅིངས་འགྲོལ་དམག་བོད་དུ་དཔུང་སྐྱོད་བྱས་ནས“འཛམ་གླིང་ཡང་རྩེའི་ཡང་རྩེ”ཞེས་འབོད་པའི་བོད་བྱང་ཐང་དང་། གནམ་ལ་ཐུག་པའི་འཕྲེད་རྒྱུག་རི་རྒྱུད། ལེ་དབར་སྟོང་ཕྲག་འཕྲེད་བཅད་བྱས་པའི་གདང་ལ་སོགས་དང་། དེ་བཞིན་འབྲི་ཆུ་དང་། རྨ་ཆུ། རྫ་ཆུ། རྒྱལ་མོ་རྔུལ་ཆུ། ཡར་ཀླུང་གཙང་པོ་སོགས་གཙང་པོ་དང་ཆུ་བོ་ཆེ་ཆུང་བཅུ་གྲངས་བརྒལ་ནས་ལམ་ཐག་ལེ་དབར་སྟོང་ཕྲག་མང་པོར་དཀའ་ངལ་ཁྱད་བསད་བྱས་མཐར། སྐར་ལྔའི་དར་དམར་གཞི་ནས་ཧི་མ་ལ་ཡའི་རི་རྩེར་བཙུགས།
འོད་སྟོང་འཕྲོ་བའི་གྲུབ་འབྲས།
བཅིངས་འགྲོལ་དམག་གི་བོད་སྐྱོད་ལམ་བུ་གངས་ལྗོངས་ས་མཐོའི་རི་མཐོ་གཡང་གཟར་གང་སར་ཡོད་ལ། མུན་ནག་དང་རྗེས་ལུས་ཀྱི་ལོ་རྒྱུས་ཀྱི་བར་མཐོངས་ལས་བསྒྲལ་ནས་བོད་ལ་འོད་སྟོང་འཕྲོ་ཞིང་རྒྱ་ཆེ་བའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་བཏོད་ཡོད།
འགྲོ་ལམ་དེར་ཀྲུང་གོ་གུང་ཁྲན་ཏང་གིས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་སྣེ་ཁྲིད་དེ་ཞི་བའི་བཅིངས་འགྲོལ་དང་། དམངས་གཙོའི་བཅོས་སྒྱུར། རང་སྐྱོང་ལྗོངས་དབུ་བརྙེས་པ། སྒྱུར་བཅོས་སྒོ་དབྱེ་བཅས་བརྒྱུད་དུས་ཐུང་ལོ་བཅུ་གྲངས་ནང་ལོ་ངོ་སྟོང་གི་མཆོང་སྐྱོད་བྱུང་བའི་མི་ཡུལ་གྱི་ངོ་མཚར་བྱས་རྗེས་བཏོད་ཡོད།
བོད་ནི་ཉི་མ་དང་ཐག་ཉེ་ཤོས་ཀྱི་ས་ཆ་ཞིག་རེད་ལ། ཏང་ཀྲུང་དབྱང་གིས་ཐུགས་ཁུར་ཆེ་ཤོས་དང་ཐུགས་ཁྲལ་ཆེ་ཤོས་གནང་སའི་ས་ཆ་ཞིག་རེད། ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ནས་བཟུང་སྤྱི་ཁྱབ་ཧྲུའུ་ཅི་སྐུ་ངོ་མས་བོད་ཀྱི་ལས་དོན་ལ་ཁ་སྒྱུར་ཕྱོགས་སྟོན་དང་འཐབ་འགོད་ཇུས་འདོན་གནང་ནས་ཏང་གི་བོད་སྐྱོང་མཛད་ཇུས་སྔར་བས་ཕུན་སུམ་ཚོགས་པོ་དང་འཕེལ་རྒྱས་བཏང་བ་དང་། བོད་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་ཆེད་བཟོས་པའི་དམིགས་བསལ་གཟིགས་སྐྱོང་སྲིད་ཇུས་མང་པོ་སྔར་འབྱུང་མྱོང་མེད་པ་དང་། གཏན་འཁེལ་བྱས་པའི་རྣམ་གྲངས་གལ་ཆེན་གྱི་ཕན་པ་ཐོབ་རྒྱ་སྔར་འབྱུང་མྱོང་མེད་པ། བོད་ཀྱི་ལས་དོན་ཁག་ལ་ཁ་ཕྱོགས་གསལ་སྟོན་དང་། ཐབས་ལམ་གསལ་བཟོ། ཐབས་ཤེས་སློབ་སྟངས་ཡང་དག་པ་བཅས་ནི་སྔར་འབྱུང་མྱོང་མེད་པ། བོད་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ལ་ཐུགས་ཁུར་ཟབ་མོ་གནང་ལུགས་སྔར་འབྱུང་མྱོང་མེད། བོད་ཀྱིས་ཡུན་རིང་ཐག་གཅོད་བྱེད་དགོས་བསམས་ཀྱང་བྱེད་མ་ཐུབ་པའི་དཀའ་གནད་མང་པོ་ཐག་གཅོད་བྱས་པ་དང་དེ་སྔ་སྒྲུབ་དགོས་བསམས་ཀྱང་སྒྲུབ་མ་ཐུབ་པའི་བྱ་བ་ཆེན་པོ་མང་པོ་བསྒྲུབས་ཏེ། བོད་ཀྱི་བྱ་གཞག་ཁག་ཕྱོགས་ཡོངས་ནས་ཡར་རྒྱས་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པར་སྐུལ་འདེད་བཏང་ཡོད།
2020ལོར་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་1900ལས་བརྒལ་བ་དེ་1951ལོའི་ལྡབ་1473ཡིན་པ་དང་། གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་14598ཟིན་ནས་ལོ་18བསྟུད་མར་གྲངས་གནས་གཉིས་འཕར་རྒྱུ་རྒྱུན་འཁྱོངས་ཐུབ་ཡོད།
ཞིང་འབྲོག་ཁུལ་གྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ཕྱོགས་ཡོངས་ནས་ལེགས་སུ་ཕྱིན་ཏེ་ཆུ་ཟོམ་ནས་ཆུ་མདོང་བར་དང་། སྣུམ་སྒྲོན་ནས་གློག་སྒྲོན་བར། ས་རྡོའི་ལམ་ནས་སྣུམ་ནག་ལམ་བར་བཅས་ཡར་རྒྱས་བྱུང་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དེ་བས་འདང་ངེས་བྱུང་བ་དང་། བདེ་སྐྱིད་ཚོར་སྣང་དེ་བས་རྒྱུན་མཐུད་བྱུང་བ། བདེ་འཇགས་ཚོར་སྣང་དེ་བས་འགན་ལེན་བྱུང་ཡོད།
“བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70སོང་རིང་། ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་རྒྱལ་ཡོངས་མི་དམངས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་འོག་བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་དཀའ་སྤྱད་འབད་འཐབ་དང་སྙིང་རུས་ཆེན་པོས་འབད་བརྩོན་བྱས་པས། སྤྱི་ཚོགས་ལམ་ལུགས་ལ་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་བྱུང་བ་དང་། དཔལ་འབྱོར་དང་སྤྱི་ཚོགས་ཕྱོགས་ཡོངས་ནས་འཕེལ་རྒྱས་བྱུང་བ། མི་དམངས་ཀྱི་འཚོ་བ་ཇེ་ལེགས་སུ་ཕྱིན་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྣམ་པ་ད་ལྟ་དང་སྔོན་མ་སྡུར་ཐབས་མེད། ཀྲུང་གོ་གུང་ཁྲན་ཏང་མེད་ན་ཀྲུང་གོ་གསར་པ་མེད་ལ་བོད་གསར་པའང་མེད། བོད་ཀྱི་ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་གི་མཛད་ཕྱོགས་སྲིད་ཇུས་ནི་རྦད་དེ་ཡང་དག་པ་ཞིག་ཡིན་པ་ལག་ལེན་ནས་ར་འཕྲོད་བྱུང་ཡོད”
བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བའི་སྐབས་འདིར་ཏང་གི་སྲོག་ཤིང་དང་། དམག་དཔུང་གི་སྤྱི་ཁྱབ་བཀོད་འདོམས་པ། མི་དམངས་ཀྱི་གཙོ་འཛིན་བཅས་ཀྱི་ངོས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མ་བོད་དུ་ཕེབས་ནས་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུས་པ་དེ་ནི་རང་རེའི་ཏང་དང་རྒྱལ་ཁབ་ཀྱི་ལོ་རྒྱུས་ཐོག་ཐེངས་དང་པོ་རེད།
བྱམས་བརྩེའི་ཐུགས་ཁུར་དང་སྐུལ་ལྕག་ཆེན་པོ། ཏང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་ཡང་དག་པའི་མཛུབ་ཁྲིད་ཡོད་པ་དང་སྤྱི་ཁྱབ་ཧྲུའུ་ཅིའི་ཕྱོགས་སྟོན་སྣེ་ཁྲིད་དང་བྱམས་བརྩེའི་ཐུགས་ཁུར་ཡོད་པས། བོད་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་དུ་རླུང་བརྟེན་རླབས་གཤགས་དང་དཔའ་ངར་ཆེན་པོས་མདུན་སྐྱོད་བྱས་ཏེ་ཀྲུང་གོའི་འོད་སྣང་འཛམ་གླིང་ཡང་རྩེར་འཕྲོ་ངེས་རེད།
འགན་འཁུར་རྩོམ་སྒྲིག་པ། 次旦多吉
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣