དབུ་ཤོག>ཆེད་སྒྲིག
  • བོད་དང་ཡུན་ནན་དབར་འཕྲིན་ཡིག་སྐུར་རེས་བྱས་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་གི་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-08-06

    ཉེ་ཆར། སྣ་དཀར་རྩེ་རྫོང་ཁ་རག་ཤང་སྤུན་བརྒྱུད་གྲོང་ཚོར་བཅའ་སྡོད་ལྷོ་ཁ་གྲོང་ཨུད་གཞུང་དོན་ཁང་གི་ལས་དོན་རུ་ཁག་གིས་ཡུན་ནན་ཞིང་ཆེན་པའོ་ཧྲན་སློབ་གླིང་སློབ་གསོ་སློབ་གླིང་གི་ཏང་སྤྱི་ཁྱབ་ཀྲི་པུའུ་དང་མཉམ་དུ་ཁ་རག་ཤང་སློབ་ཆུང་དུ“ཏང་ཐུགས་བློ་བདེ་པོར་བཞུགས་དང་། རྒྱལ་ཁབ་སྟོབས་ཆེར་གཏོང་བར་ང་ཡོད”ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི་འཕྲིན་ཡིག་སྐུར་རེས་བྱས་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་བྱེད་པའི་བྱེད་སྒོ་སྤེལ་བ་རེད།

    ཁ་རག་ཤང་སློབ་ཆུང་ལོ་རིམ་ལྔ་པའི་སློབ་མ་ཚེ་རིང་མཚམས་གཅོད་ལ་ཉིན་ཤས་གོང་ཡུན་ནན་པའོ་ཧྲན་སློབ་གླིང་སློབ་གསོ་སློབ་གླིང་གི་སློབ་ཆེན་སློབ་མ་དབྱིན་ཏུང་ལི་ཡི་འཕྲིན་ཡིག་འབྱོར་པ་རེད། གྲོང་སྡོད་ལས་དོན་རུ་ཁག་དང་དགེ་སློབ་ཡོངས་ཀྱི་བདེན་དཔང་འོག ཚེ་རིང་མཚམས་གཅོད་ཀྱིས་འཛིན་གྲྭའི་ཚོགས་འདུར་ཡིག་སྐོགས་ཁ་ཕྱེ་ནས་འཕྲིན་ཡིག་གི་ནང་དོན་བཀླགས་པ་རེད། འཕྲིན་ཡིག་དེར་གླེང་བའི་ཕུལ་བྱུང་གུང་ཁྲན་ཏང་ཡོན་དབྱང་ཧྲན་ཀྲོའུ་ཡི་མི་སེམས་འགུལ་བའི་གཏམ་རྒྱུད་དང་དེ་བཞིན་དབྱིན་ཏུང་ལིས་སློབ་ཕྲུག་ཚོར་བཅངས་པའི་བྱམས་བརྩེ་དང་། སློབ་སྟོན། སྨོན་འདུན་བཅས་ལས་བོད་ལྗོངས་དང་ཡུན་ནན་གྱི་་སློབ་ཆེན་སློབ་མ་དང་སློབ་ཆུང་སློབ་མའི་དབར་སེམས་སྦྲེལ་ཟམ་པ་ཞིག་བསྐྲུན་པ་རེད།

    སྤུན་བརྒྱུད་གྲོང་ཚོས་འཕྲིན་ཡིག་སྐུར་རེས་བྱས་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་གི་བྱེད་སྒོ་སྤེལ་བ་ལས། བོད་དང་ཡུན་ནན་གྱི་སློབ་མ་གཞོན་ནུ་ལོ་ཆུང་ཚོས་ཏང་གི་ལོ་རྒྱུས་གཏམ་རྒྱུད་མཉམ་སྤྱོད་དང་རིག་གནས་སྤེལ་རེས་ཟབ་ཏུ་གཏོང་བའི་ཁྲོད་ཕན་ཚུན་དབར་མཛའ་བརྩེ་ཟབ་མོ་ཆགས་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་ཆགས་པ་དང་། སློབ་གྲྭའི་བསམ་བློ་ཆབ་སྲིད་སློབ་གསོའི་གཞི་རྟེན་ཕུན་སུམ་ཚོགས་སུ་གཏོང་བ། ཀུན་སྤྱོད་ལ་བརྟེན་ནས་མི་སྣ་གསོ་སྐྱོང་བྱེད་པའི་རྩ་བའི་ལས་འགན་དོན་འཁྱོལ་བཅས་ལ་དགེ་མཚན་ལྡན་པའི་ནུས་པ་ཐོན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།