རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་ལྗོངས་བརྟན་ལྷིང་ཡོང་བ་བྱེད་དགོས། མཐའ་སྟོབས་ནི་རང་ལྗོངས་ཀྱི“དོན་ཆེན་བཞིའི”གྲས་ཤིག་ཡིན་ལ“རྒྱལ་ཁབ་ཀྱི་དོན་ཆེན”ཞིག་ཀྱང་ཡིན་པ་དང་རྒྱལ་ཁབ་བདེ་འཇགས་དང་འཕེལ་རྒྱས་ཀྱི་སྤྱི་ཡོངས་དང་འབྲེལ་བ་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་གཟིགས་ཞིབ་གནང་སྐབས་མཐའ་མཚམས་ས་ཁུལ་ནི་རྒྱལ་ཁབ་བདེ་འཇགས་སྲུང་ཡོལ་གྱི་འགོག་སྲུང་འཛིང་རགས་དང་པོ་དེ་ཡིན་པས། “མཐའ་མཚམས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་སྟེ། མི་རིགས་ཁག་གི་མང་ཚོགས་མཐའ་མཚམས་སུ་རྩ་བ་ཚུགས་པ་དང་། རྒྱལ་ཁབ་ཀྱི་ས་ཆ་སྲུང་བ། ཕ་ཡུལ་འཛུགས་སྐྲུན་བཅས་བྱེད་རྒྱུར་སྐུལ་ལྕག་གཏོང་དགོས”ཞེས་ནན་བཤད་གནང་ཡོད། མངགས་བཅོལ་ཟབ་མོ་དེ་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་མཐའ་མཚམས་ས་ཁུལ་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་དགོས་པའི་སྐོར་ལ་ཐུགས་རེ་ཟབ་མོ་བཅོལ་གནང་ལུགས་མཚོན་ཡོད། ང་ཚོས་མཐའ་མཚམས་ས་ཁུལ་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་དགོས་པའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་ལ་སློབ་སྦྱོང་ནན་ཏན་དང་། གོ་བ་གཏིང་ཟབ་ལེན་པ། ཕྱོགས་ཡོངས་ནས་ལག་བསྟར་བཅས་བྱས་ཏེ་མཐའ་སྟོབས་ལས་དོན་དེ་ཉིད་ཏང་དང་རྒྱལ་ཁབ་ཀྱི་སྤྱི་ཡོངས་ཁྲོད་རང་རྟོགས་ངང་བཞག་ནས་བསམ་གཞིག་ཇུས་འགོད་བྱེད་པ་དང་བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་ཡག་པོ་སྲུང་བ་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་འཛུགས་སྐྲུན་ཡག་པོ་བྱས་ཏེ་རྒྱལ་ཁབ་བདེ་འཇགས་སྲུང་ཡོལ་གྱི་འགོག་སྲུང་འཛིང་རགས་དང་པོ་དེ་རི་ལྟར་བརྟན་ཞིང་བྲག་ལྟར་སྲ་བའི་འགན་ལེན་དང་། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་གྱི་རྒྱང་སྐྱོད་ལམ་བུ་གསར་པའི་ཁྲོད་མཐའ་མཚམས་ས་ཁུལ་དཔུང་པ་མཉམ་གཤིབ་ཀྱིས་སྐྱོད་ཐུབ་པའི་འགན་ལེན། མཐའ་མཚམས་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དེ་བས་ཆེ་བ་དང་། སྐྱིད་སྣང་དེ་བས་རྒྱུན་མཐུད། བདེ་འཇགས་ཚོར་སྣང་དེ་བས་འགན་ལེན་བཅས་ཐུབ་པ་བྱེད་དགོས།
མཐའ་སྲུང་སྲ་བརྟན་དང་མཐའ་མཚམས་བདེ་འཇགས་ཡོང་བ་བྱེད་པར། མཐའ་སྟོབས་ལས་དོན་གྱི་ཧ་ཅང་གལ་འགངས་ཆེ་བའི་རང་བཞིན་ལ་ངོས་འཛིན་གཏིང་ཟབ་ཐུབ་པ་བྱེད་དགོས་ཤིང་། རྒྱལ་ཁབ་ཡོད་ན་གཞི་ནས་ཁྱིམ་ཚང་ཡོད་ལ། རྒྱལ་མཚམས་ཀྱི་དུས་བདེ་མེད་ན་ཁྱིམ་ཚང་ཁྲི་སྟོང་མང་པོའི་དུས་བདེ་མེད། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་འཐབ་ཇུས་སྤྱི་ཡོངས་དང་འཛམ་གླིང་དུ་ལོ་བརྒྱའི་ནང་འཕྲད་མ་མྱོང་བའི་འགྱུར་ལྡོག་ཆེན་པོའི་མཐོ་ཚད་དང་། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་གྱི་མཐོ་ཚད། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པའི་མཐོ་ཚད་བཅས་ཀྱི་ཐོག་ནས་མཐའ་སྟོབས་ལས་དོན་གྱི་གལ་འགངས་ཧ་ཅང་ཆེ་བའི་རང་བཞིན་ལ་ངོས་འཛིན་གཏིང་ཟབ་བྱེད་པ་དང་། མཐའ་སྲུང་མཐའ་སྟོབས་དང་མཐའ་དར་མཐའ་བརྟན་གྱི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཟམ་མི་ཆད་པར་ཆེ་རུ་གཏོང་བ། མཐའ་མཚམས་ས་ཁུལ་འཛུགས་སྐྲུན་མགྱོགས་སུ་གཏོང་བ་དང་ས་སྲུང་མཐའ་བརྟན་གྱི་རྨང་གཞི་བརྟན་དུ་གཏོང་རྒྱུ་དེ་ཏང་གི་དཀའ་ངལ་མཉམ་སེལ་དང་རྒྱལ་ཁབ་ཆེད་འགན་འཁྲི་གཙང་སྒྲུབ་ཀྱི་བྱ་སྤྱོད་དངོས་ལ་བརྩི་བ་དང་། རྒྱལ་ཁབ་ཀྱི་ལྟེ་བའི་ཁེ་ཕན་སྲུང་སྐྱོང་དང་རྒྱལ་ཁབ་སྟོབས་ཆེན་གྱི་ཕུགས་འདུན་དང་བསྐྱར་དར་ཕུགས་འདུན་ལ་རམ་འདེགས་བྱེད་པའི་ལག་ལེན་གསོན་ཉམས་དོད་པོ་ཞིག་ལ་བརྩིས་ཏེ་མཐའ་མཚམས་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་བཏང་ནས་མཐའ་མཚམས་ས་ཁུལ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཕན་འབྲས་དངོས་ལ་བརྟེན་ནས་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་ལ་ལྷག་བསམ་རྣམ་དག་མཐའ་གཅིག་ཏུ་བྱེད་ལུགས་ལག་ལེན་དུ་འཁྱོལ་དགོས།
མཐའ་སྲུང་སྲ་བརྟན་དང་མཐའ་མཚམས་བདེ་འཇགས་ཡོང་བ་བྱེད་པར། མཐའ་དར་དམངས་ཕྱུག་ལ་རྒྱུན་མཐུད་ཤུགས་སྣོན་རྒྱག་དགོས་ཤིང་། མཐའ་དར་དམངས་ཕྱུག་གི་བྱ་སྤྱོད་ལག་ལེན་བསྟར་བ་ནི་ཏང་ཀྲུང་དབྱང་གི་འཐབ་ཇུས་ཇུས་འགོད་གལ་ཆེན་ཞིག་ཡིན་པ་དང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་འོག་མཐའ་མཚམས་ས་ཁུལ་གྱི་ལོ་རྒྱུས་ཐོག་འཕེལ་རྒྱས་ཀྱི་དུས་སྐབས་ཡག་ཤོས་སུ་སླེབས་ཡོད། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་གྱི་རྒྱང་སྐྱོད་ལམ་བུ་གསར་པར་སྐྱོད་སྐབས། མཐའ་དར་དམངས་ཕྱུག་གི་བྱ་སྤྱོད་ལ་སྐུལ་འདེད་གཏིང་ཟབ་གཏོང་རྒྱུ་དེ་སྔར་བས་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་ནས་མཐའ་མཚམས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་ཟམ་མི་ཆད་པར་གཏོང་དགོས།
མཐའ་སྲུང་སྲ་བརྟན་དང་མཐའ་མཚམས་བདེ་འཇགས་ཡོང་བ་བྱེད་པར། རྒྱལ་གཅེས་མཐའ་སྲུང་གི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་དགོས་ཤིང་། རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་ལ་སྲུང་སྐྱོང་དང་མེས་རྒྱལ་གོང་བུ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་བྱེད་པ་ནི་བོད་ཀྱི་རིམ་ཁག་སྡེ་ཚན་ཁག་དང་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཚོའི་དོར་ཐབས་མེད་པའི་འགན་འཁྲི་ཞིག་རེད། རང་ལྗོངས་ཀྱི་མི་རིགས་ཁག་གི་མི་དམངས་མང་ཚོགས་ཚོས་མེས་རྒྱལ་ལ་དགའ་ཞེན་དང་ཁྱིམ་སྲུང་རྒྱལ་སྐྱོབ་བྱས་ཏེ་སྐད་གྲགས་མེད་པར་ལེགས་སྐྱེས་འབུལ་བ་དང་ས་སྲུང་མཐའ་བརྟན་བྱེད་པའི་དུས་རབས་ཀྱི་བསྟོད་གླུ་ཞིག་བརྩམས་ཡོད། སྒྲོལ་དཀར་དང་གཡང་འཛོམས་སོགས་སྔོན་ཐོན་དཔེ་མཚོན་གྱི་གསོན་ཉམས་དོད་པའི་བྱས་རྗེས་དྲིལ་བསྒྲགས་ཤུགས་ཆེན་དང་རྒྱལ་གཅེས་མཐའ་སྲུང་གི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་བཏང་སྟེ་མི་རིགས་ཁག་ཐུན་མོང་ལ་དབང་བའི་བསམ་པའི་ཁྱིམ་གཞིས་འཛུགས་སྐྲུན་དང་། མི་རིགས་ཁག་གི་མང་ཚོགས་ཚོར་སྐལ་བཟང་མེ་ཏོག་ལྟར་མཐའ་མཚམས་སུ་རྩ་བ་ཚུགས་པ་དང་། རྒྱལ་ཁབ་ཀྱི་ས་ཆ་སྲུང་སྐྱོང་། ཕ་ཡུལ་འཛུགས་སྐྲུན་བཅས་བྱ་རྒྱུར་སྐུལ་ལྕག་གཏོང་བ། བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་ཧུར་ཐག་བྱེད་པ། བོད་ལྗོངས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དུས་རབས་ཀྱི་གདོང་ལེན་པ་ཧུར་ཐག་བྱེད་པ། མི་ཚང་མ་མཐའ་མཚམས་སྲུང་མཁན་དང་རྒྱལ་ཁབ་ཀྱི་གནས་ཚད་དུ་འགྱུར་བ་བཅས་བྱེད་དགོས།
“མེས་རྒྱལ་གྱི་མངའ་ཁོངས་ས་ཆའི་ཐོག་གི་རྩྭ་རྩི་ཤིང་ཚུན་ཆད་ང་ཚོ་ཚང་མས་སྲུང་སྐྱོང་ཡག་པོ་བྱེད་དགོས”ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་ཟབ་མོ་དུས་དང་རྣམ་པ་ཀུན་ཏུ་བློ་ལ་བརྟན་པོར་ངེས་ཏེ་རྒྱལ་ཁབ་ཀྱི་དོན་ཆེན་ཡིན་པའི“མཐའ་སྟོབས”ཁོང་དུ་ཟབ་མོ་ཆུད་པར་བྱེད་པ་དང་དུས་རབས་གསར་པའི་མཐའ་སྟོབས་ལས་དོན་ཡག་པོ་བསྒྲུབ་རྒྱུ་དེ་མེས་རྒྱལ་གོང་བུ་གཅིག་གྱུར་གྱི་སྲུང་སྐྱོང་དང་རྒྱལ་ཁབ་བདེ་འཇགས་ལ་འགན་ལེན་བྱེད་པའི་ལྟེ་བའི་ཁེ་ཕན་གནས་ས་ཡིན་པ་ངོས་འཛིན་གཏིང་ཟབ་ཐུབ་པ་བྱས་ནས་མེས་རྒྱལ་གྱི་བདེ་འཇགས་སྲུང་ཡོལ་བརྟན་དུ་གཏོང་བའི་འགན་འཁྲི་ཕྲག་ཏུ་འཁུར་བ་དང་། ལག་ཏུ་བཟུང་བ། དོན་ཐོག་ཏུ་འཁྱོལ་བ་བྱེད་དགོས་པ་དང་། མི་དམངས་མང་ཚོགས་ཀྱི་རྩ་བའི་ཁེ་ཕན་མཐའ་གཅིག་ཏུ་ཡག་པོ་སྲུང་བ་དང་མེས་རྒྱལ་གྱི་ས་ཆ་སྦར་མཐིལ་ཙམ་ཡང་མཐའ་གཅིག་ཏུ་ཡག་པོ་སྲུང་དགོས།