ལོ་མང་རིང་། ལྷ་ས་གྲོང་ཁྱེར་གྱིས་སྔ་ཕྱི་བར་གསུམ་དུ“སྲུང་སྐྱོབ་གཙོ་བོ་དང་། མྱུར་སྐྱོབ་ཨང་དང་པོ། ལུགས་མཐུན་བེད་སྤྱོད། དོ་དམ་ལ་ཤུགས་སྣོན”བཅས་ཀྱི་རིག་དངོས་ལས་དོན་བྱེད་ཕྱོགས་དང“སྲུང་སྐྱོབ་ནུས་ལྡན་དང་། ལུགས་མཐུན་བེད་སྤྱོད། དོ་དམ་ལ་ཤུགས་སྣོན”བཅས་ཀྱི་མཛུབ་ཁྲིད་དགོངས་པ་མཐའ་འཁྱོངས་བྱས་ཏེ། རིག་དངོས་སྲུང་སྐྱོབ་ཀྱི་ལས་དོན་ཁག་ཡག་པོ་སྤེལ་བར་སྐུལ་འདེད་ཏན་ཏིག་བཏང་བ་རེད།
སྲིད་དོན་ཞབས་ཞུའི་ཆུ་ཚད་མཐོ་རུ་བཏང་ནས་རིག་དངོས་སྲུང་སྐྱོབ་ཀྱི་རྨང་གཞིའི་ལས་དོན་སྤེལ་ཤུགས་ཆེ་རུ་བཏང་བ།
འདས་ཟིན་པའི་ལོ་གཅིག་རིང་། ལྷ་ས་གྲོང་ཁྱེར་རིག་དངོས་ཅུས་ཀྱིས“གློད་སྡོམ་ཞབས་གསུམ”དང་དེ་བཞིན་སྲིད་དོན་ཞབས་ཞུའི་ལས་དོན་ཧུར་ཐག་སྤེལ་ནས། སྲིད་འཛིན་ཞིབ་མཆན་འགོད་པའི་དོན་ཚན་13ནས་9བར་ཁུ་བསྡུ་བྱས་པའི་ནང་སྲིད་འཛིན་ཆོག་འཐུས་དོན་ཚན་6དང་། སྲིད་འཛིན་གཏན་འཁེལ་1 སྲིད་འཛིན་བྱ་དགའ་1 རིགས་གཞན་དག་1བཅས་ཡོད་པ་རེད། ཞིབ་མཆན་འགོད་པའི་བརྒྱུད་རིམ་དང་། རེ་ཞུའི་ཆ་རྐྱེན། རེ་ཞུའི་ཡིག་ཆ། འགྲོ་ལུགས་གཉེར་བའི་དུས་བཀག་སོགས་ལ་འཆར་འགོད་དང་གསེད་བཀྲོལ་བྱས་པ་དང་། མིག་སྔར། “བརྒྱུད་རིམ་ཧྲིལ་པོ་དྲ་ཐོག་ནས་གཉེར་བའི”ལས་སྒོ་3དང་། “ཐེངས་གཅིག་ལས་འགྲོ་མི་དགོས་པའི”ལས་སྒོ་5 “ཐེངས་གཉིས་ལས་འགྲོ་མི་དགོས་པའི”ལས་སྒོ་1བཅས་ཡོད་པ་རེད། དེ་དང་ཆབས་ཅིག་རིག་དངོས་སྲུང་སྐྱོབ་བཅའ་ཁྲིམས་དང་དེའི་ལག་བསྟར་སྲོལ་ཡིག་སོགས་འབྲེལ་ཡོད་ཁྲིམས་སྲོལ་གྱི་དགོངས་དོན་གཞིར་བཟུང་། རྫོང་རིམ་པའི་རིག་དངོས་སྲིད་འཛིན་གཙོ་གཉེར་སྡེ་ཚན་གྱིས་དེ་མཚུངས་ཀྱི་ཞིབ་མཆན་དབང་ཆ་ཁག་9རྩིས་ལེན་བྱས་པ་རེད།
བྱེད་པོའི་འགན་འཁྲི་དོན་འཁྱོལ་ནན་པོ་བྱས་ནས་རིག་དངོས་སྲུང་སྐྱོབ་ཀྱི་རྣམ་གྲངས་ལ་སྐུལ་འདེད་ཧུར་ཐག་བཏང་བ།
ལྷ་ས་གྲོང་ཁྱེར་རིག་གནས་རིག་དངོས་ཅུས་ཀྱི་བརྩོན་ལེན་ཧུར་ཐག་འོག གོང་རིམ་རིག་དངོས་སྲུང་སྐྱོབ་ཀྱིས་མ་དངུལ་གཏོང་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་བ་དང་2020ལོར་ཁྱོན་མ་དངུལ་སྒོར་དུང་ཕྱུར་1.73བཏང་སྟེ་གཙོ་གནད་རིག་དངོས་སྲུང་སྐྱོབ་ཚན་པར་སྲུང་སྐྱོབ་རང་བཞིན་གྱི་ཉམས་གསོ་བྱས་ཡོད། “ལོ་ལྔ་ཚན་བཅུ་གསུམ་པའི”རིག་དངོས་བདེ་འཇགས་སྲུང་སྐྱོབ་ལས་གྲྭའི་སྟག་ལུང་དགོན་སྲུང་སྐྱོབ་ཉམས་གསོའི་ལས་གྲྭ་དང་། ཐང་སྐྱ་དགོན་སྲུང་སྐྱོབ་ཉམས་གསོའི་ལས་གྲྭ དབེན་པ་རི་དགོན་སྲུང་སྐྱོབ་ཉམས་གསོའི་ལས་གྲྭ་བཅས་ཚང་མ་ལས་མཇུག་འགྲིལ་བ་རེད། མྱུར་སྐྱོབ་རང་བཞིན་གྱི་ཉམས་གསོའི་རྣམ་གྲངས་13ལག་བསྟར་བྱས་པའི་ནང་ཞི་བདེ་དགོན་གྱི་བདེ་འཇགས་མེ་ཟོན་ལས་གྲྭ་དང་ཀྲུང་དབྱང་མི་དམངས་སྲིད་གཞུང་གི་བོད་སྡོད་འཐུས་མིའི་གཞུང་དོན་ཁང་གི་ཁུལ་རྙིང་ཉམས་གསོ་འགྲེམས་སྟོན་ལས་གྲྭ་3ལས་མཇུག་འགྲིལ་བ་དང་རྣམ་གྲངས་གཞན་དག་ལག་བསྟར་བྱེད་བཞིན་ཡོད་པ་རེད། རྒྱལ་ཁབ་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོབ་ཀྱི་ཆེད་དོན་ཁ་གསབ་མ་དངུལ་གྱི་རྣམ་གྲངས་13ཡོད་པའི་ནང་། ཐར་པ་དགོན་སྲུང་སྐྱོབ་ལས་གྲྭ་དང་། རྒྱས་སྐྱིད་དགོན་སྲུང་སྐྱོབ་ལས་གྲྭ སེ་ར་དགོན་གྱི་གསང་སྤྱོད་ཉམས་གསོ་སྒྱུར་བཀོད། ཆོས་གོང་རྗེས་ཤུལ་ཞིབ་འཇུག་སྲུང་སྐྱོང་བཅས་རྣམ་གྲངས་4ལས་མཇུག་འགྲིལ་བ་མ་ཟད། ལས་གྲྭ་གཞན་དག་ཚང་མ་ལག་བསྟར་བྱས་ཟིན་པ་རེད།
“ལོ་ལྔ་ཚན་བཅུ་བཞི་པའི”རིག་དངོས་སྲུང་སྐྱོབ་རྣམ་གྲངས་ཀྱི་དགོས་མཁོ་གསེད་བཀྲོལ་དང་། རིགས་པས་ཁུངས་སྐྱེལ། ཡིག་ཆ་བཟོ་བ་བཅས་ཀྱི་ལས་དོན་སྤེལ་བ་དང་འབྲེལ་དུས་ཐོག་ཏུ་གོང་ཞུ་བྱས་ཡོད། ལྗོངས་རིག་དངོས་ཅུས་ཀྱིས་ཐོག་མའི་ཞིབ་བཤེར་བྱས་པ་བརྒྱུད་ལྷ་ས་གྲོང་ཁྱེར་གྱི“ལོ་ལྔ་ཚན་བཅུ་བཞི་པའི”རིག་དངོས་སྲུང་སྐྱོབ་རྣམ་གྲངས་ཁྱོན་25གཏན་འཁེལ་བྱས་པའི་ནང་རིག་དངོས་དུས་བདེའི་ལས་གྲྭ་15དང་། གསར་བརྗེའི་རིག་དངོས་སྲུང་སྐྱོབ་ལས་གྲྭ་3 རྟེན་རྫས་བཤམས་མཛོད་ཁང་འཛུགས་སྐྲུན་རྣམ་གྲངས་3 གནའ་རྫས་སྔོག་འདོན་ལས་གྲྭ་1 རྟེན་རྫས་བཤམས་མཛོད་ཁང་དུ་ཉར་ཚགས་བྱས་པའི་གནས་སྤོ་ཐུབ་པའི་རིག་དངོས་སྲུང་སྐྱོབ་རྣམ་གྲངས་1 གྲོང་ཁྱེར(ས་ཁུལ)རྟེན་རྫས་བཤམས་མཛོད་ཁང་གི་སྔོན་འགོག་རང་བཞིན་གྱི་སྲུང་སྐྱོབ་སྒྲིག་བཀོད་རྣམ་གྲངས་2བཅས་ཡོད་པ་རེད།
དྲིལ་བསྒྲགས་ལ་ཤུགས་སྣོན་དང་སྤེལ་རེས་ལ་སྐུལ་འདེད་བཏང་བས་རིག་དངོས་སྲུང་སྐྱོབ་ཀྱི་ཁོར་ཡུག་བཟང་པོ་ཞིག་ཆགས་པ།
ཉེ་བའི་ལོ་ཤས་རིང་། བོད་ལྗོངས་འབྲི་གཡག་རྟེན་རྫས་བཤམས་མཛོད་ཁང་དུ་མི་ཚོགས་ཀྱིས་ཁེངས་ཤིང་། ཀྲེ་ཅང་རང་བྱུང་རྟེན་རྫས་བཤམས་མཛོད་ཁང་གིས་གཉེར་བའི《འབྲི་གཡག་ཀྲེ་ཅང་དུ་འགྲེམས་སྟོན་བྱེད》ཅེས་པའི་ས་མཐོའི་འབྲི་གཡག་གི་རིག་གནས་འགྲེམས་སྟོན་ལ་ལྟ་སྐོར་བྱེད་མཁན་མི་ཐེངས་133460ཟིན་པ་དང་དྲ་ཐོག་ནས་འགྲེམས་སྟོན་ལ་ལྟ་མཁན་མི་ཐེངས་ཁྲི་50ལྷག་ཙམ་ཟིན་ཡོད། འགྲེམས་སྟོན་ཐོག་ཉར་ཚགས་དངོས་རྫས་800ལྷག་ཙམ་འགྲེམས་སྟོན་བྱས་ནས“འབྲི་གཡག་དང་འགྲོགས་པ”དང“ས་མཐོའི་གཅེས་ནོར”“ཀྲེ་ཅང་གི་བརྩེ་སེམས”བཅས་ཚན་པ་གསུམ་ལ་དབྱེ་ནས། འབྲི་གཡག་གི་རིག་གནས་དང་བོད་སྐྱོར་ལས་དོན་གྱི་ཐོག་མའི་བསམ་འདུན་དང་འགན་འཁྲི་མངོན་པར་བྱས་ཡོད།
ལྷ་ས་གྲོང་ཁྱེར་གྱིས་བྱེད་ཐབས་སྣ་ཚོགས་ལ་བརྟེན་ནས་རིག་དངོས་སྲུང་སྐྱོབ་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་དང་རིག་དངོས་སྲུང་སྐྱོབ་ལས་དོན་དྲིལ་བསྒྲགས་ཧུར་ཐག་བྱས་པས། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱི་རིག་དངོས་སྲུང་སྐྱོབ་ཀྱི་འདུ་ཤེས་ཟབ་ཏུ་ཕྱིན་ཡོད། “རིག་གནས་ཤུལ་བཞག་ཉིན་མོ”དང་། “རྒྱལ་སྤྱིའི་རྟེན་རྫས་བཤམས་མཛོད་ཁང་ཉིན་མོ” “གཤམ་སྤེལ་ལྔ”སོགས་ཀྱི་བྱེད་སྒོར་བརྟེན་ནས་རིག་དངོས་སྲུང་སྐྱོབ་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་བཀྲམ་པ་དང་དྲིལ་བསྒྲགས་བྱས་པ་དང་། རིག་དངོས་རྗེས་ཤུལ་གལ་ཆེན་དུ་རིག་དངོས་སྲུང་སྐྱོབ་ཀྱི་ཁྲིམས་སྲོལ་སྦྱར་བ། རིག་དངོས་ཤེས་བྱ་ཁྱབ་གདལ་བཏང་བ། ཤེས་རྟོགས་ཡག་པོ་མ་བྱུང་བའི་དབང་གིས་རིག་དངོས་ལ་གཏོར་སྐྱོན་མ་ཕོག་སྔོན་འགོག་བྱས་པ། ལས་བྱེད་པ་དང་མང་ཚོགས་ཀྱི་རིག་དངོས་སྲུང་སྐྱོབ་ཀྱི་འདུ་ཤེས་ཟབ་ཏུ་ཧུར་ཐག་བཏང་བ་བཅས་བྱས་པས། “རིག་དངོས་སྲུང་སྐྱོབ་བྱེད་པར་མི་ཚང་མར་འགན་འཁྲི་ཡོད་པའི”སྤྱི་ཚོགས་ཀྱི་ཁོར་ཡུག་བཟང་པོ་ཞིག་ཆགས་པར་བྱས་ཡོད།