གྲོང་ཁྱེར་ཡོངས་ཀྱི་ཁྱབ་ཁོངས་སུ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཚ་རླབས་ཤིག་སྔར་བས་འཕྱུར་བ་དང་། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་གཞི་རིམ་དུ་རྩ་བ་ཚུགས་པ་དང་འབྲས་བུ་སྨིན་པའི་འགན་ལེན་བྱ་ཆེད། ལྷ་ས་གྲོང་ཁྱེར་གྱིས“ལོ་རྒྱུས་སྦྱངས་ནས་གནས་ལུགས་གསལ་རྟོགས་དང་། ལོ་རྒྱུས་སྦྱངས་ནས་དད་སེམས་འཕེལ་བ། ལོ་རྒྱུས་སྦྱངས་ནས་སྤྱོད་བཟང་གོང་བཀུར། ལོ་རྒྱུས་སྦྱངས་ནས་ལག་ལེན་ནན་བསྟར”གྱི་དམིགས་ཚད་དང་བླང་བྱར་དམ་པོར་དམིགས་ཏེ་འགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་ནས་སྒྲོག་འགྲེལ་དང་། གཞི་རིམ་ལས་བྱེད་པས་ཡུག་ཁུལ་འགན་གཙང་བླངས་ནས་སྒྲོག་འགྲེལ། ཞིང་འབྲོག་སྒྲོག་འགྲེལ་བས་ཐ་སྐྱོང་སྒྲོག་འགྲེལ། ཏང་གི་སློབ་གྲྭའི་དགེ་རྒན་གྱིས་དཔེ་སྟོན་སྒྲོག་འགྲེལ། གྲོང་སྡོད་དགོན་སྡོད་ལས་བྱེད་པས་དངོས་སྡོད་སྒྲོག་འགྲེལ། བསམ་བློ་ཆབ་སྲིད་དགེ་རྒན་གྱིས་སློབ་ཁང་དུ་སྒྲོག་འགྲེལ་བཅས“སྒྲོག་འགྲེལ་དྲུག”ལ་ཤུགས་སྣོན་བརྒྱབ་སྟེ་ཏང་གི་ལོ་རྒྱུས་དང་། ཀྲུང་གོ་གསར་པའི་ལོ་རྒྱུས། སྒྱུར་བཅོས་སྒོ་དབྱེའི་ལོ་རྒྱུས། སྤྱི་ཚོགས་རིང་ལུགས་ཀྱི་འཕེལ་རྒྱས་ལོ་རྒྱུས། བོད་ས་གནས་དང་མེས་རྒྱལ་དབར་གྱི་འབྲེལ་བའི་ལོ་རྒྱུས་བཅས་དང་ཟུང་འབྲེལ་གྱིས། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་སྒྲོག་འགྲེལ་ལས་དོན་རིམ་པ་བཞིན་ཟབ་ཏུ་གཏོང་བ་དང་བརྒྱུད་སྤྲོད་ལ་སྐུལ་འདེད་བཏང་བས། རྒྱ་ཆེའི་ཏང་ཡོན་མང་ཚོགས་ཀྱིས་ཏང་གི་ལོ་བརྒྱའི་འོད་སྟོང་འཕྲོ་བའི་ལོ་རྒྱུས་འཕེལ་རིམ་དང་ངོ་མཚར་ཆེ་བའི་གྲུབ་འབྲས་ཁྲོད་ནས་ཤེས་རབ་སྦྱངས་བ། འཕེལ་རྒྱས་ཀྱི་ཡིད་ཆེས་འཕེལ་བ། བསམ་པའི་སྟོབས་ཤུགས་ཆེན་པོ་གཅིག་སྒྲིལ་བཅས་ཐུབ་ཡོད།
ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་འགོ་བཙུགས་ཚུན། ལྷ་ས་གྲོང་ཁྱེར་གྱིས《〈བོད་རང་སྐྱོང་ལྗོངས་ཀྱི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་སྒྲོག་འགྲེལ་ལས་དོན་གྱི་ཇུས་གཞི〉འགྲེམས་རྒྱུའི་སྐོར་གྱི་བརྡ་ཐོའི》བླང་བྱ་གཞིར་བཟུང་། 《ལྷ་ས་གྲོང་ཁྱེར་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་སྒྲོག་འགྲེལ་ལས་དོན་གྱི་ཇུས་གཞི》དང《ལྷ་ས་གྲོང་ཁྱེར་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་སྒྲོག་འགྲེལ་ཚོགས་པའི་ཁོངས་མི་གཞི་རིམ་དུ་གཅིག་སྡུད་ཟུར་ཁྲིད་དང་སྒྲོག་འགྲེལ་བྱེད་པའི་ཇུས་གཞི》བཟོས་ནས་བཀྲམ་སྟེ་སྒྲོག་འགྲེལ་གྱི་དམིགས་ཚད་ལས་འགན་དང་། སློབ་གསོ་གཏང་ཡུལ། སྒྲོག་འགྲེལ་གྱི་ནང་དོན། ལས་ཀའི་གོ་རིམ། ལས་ཀའི་བླང་བྱ་བཅས་ཁ་གསལ་བཏོན་ཡོད།
གྲོང་ཁྱེར་ཡོངས་ཀྱིས་ཏང་གི་སློབ་གྲྭའི་དགེ་རྒན་དང་གཞི་རིམ་གྱི་སྒྲོག་འགྲེལ་བས་གཙོ་བྱས་གྲོང་ཁྱེར་དང་། རྫོང(ཆུས) ཤང(གྲོང་རྡལ་དང་ཁྲོམ་གཞུང) གྲོང་ཚོ(གྲོང་ལྷན) དེ་བཞིན་སློབ་གསོ་དང་། འཐབ་ཕྱོགས་གཅིག་གྱུར། གཞུང་ཁོངས་རྒྱུ་ནོར་ཁོངས་གཏོགས་བཅས་ཀྱི་སྒྲོག་འགྲེལ་དཔུང་ཁག་511གི་སྒྲོག་འགྲེལ་བ་2508ཡོད། དེའི་ནང“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོའི་གཞི་རིམ་སྒྲོག་འགྲེལ་བ་2000ལྷག་ཙམ་ཏང་གི་ལོ་རྒྱུས་སྒྲོག་འགྲེལ་བའི་ནང་བསྡུས་ཏེ་སྒྲོག་འགྲེལ་གྱི་སྟོབས་ཤུགས་ཆེ་རུ་བཏང་ཡོད། “ཏང་གི་ལོ་རྒྱུས་སྦྱོང་བ་དང་། ཏང་གི་གཏམ་རྒྱུད་བརྗོད་པ། ཏང་གི་བཀའ་དྲིན་ལ་བསྟོད་གླུ་འབུལ་བ། ཏང་གི་རྗེས་སུ་འབྲང་བ”བཅས་ཀྱི་སྒྲོག་འགྲེལ་བྱེད་སྒོ་དང་ལྷ་ས་གྲོང་ཁྱེར་གྱི་སྒྲོག་འགྲེལ་བ་རྩེ་གྲའི་འགྲན་བསྡུར་ཆེན་པོ་སྐབས་དང་པོ་སྒྲིག་འཛུགས་བྱས་ནས་སྒྲོག་འགྲེལ་བ་རྩེ་གྲ་10དཔྱད་འདེམས་བྱས་ཡོད།
ཚོགས་སྤྱི་མི་འདྲ་བའི་ཏང་ཡོན་ལས་བྱེད་པའི་ཁྱད་ཆོས་ལ་དམིགས་ཏེ་ལྷ་ས་གྲོང་ཁྱེར་གྱིས་ཐབས་གཅིག་ཀུན་སྤྱོད་ཀྱི་སྟབས་བདེ་བའི་སྒྲོག་འགྲེལ་སློབ་གསོ་གཏོང་སྟངས་སྤངས་ཏེ། སྔོན་ཆད་ཀྱི་སྒྲོག་འགྲེལ་ཉམས་མྱོང་ཕྱོགས་སྡོམ་བྱས་པའི་རྨང་གཞིའི་ཐོག་སྒྲོག་འགྲེལ་བྱ་ཡུལ་ལ་རིགས་དབྱེ་དང་མིའི་ཁྱད་ཆོས་ལ་གཞིགས་ནས་སློབ་གསོ་བཏང་ཡོད། ཏང་ཡོན་ལས་བྱེད་པར་རིགས་པའི་གཞུང་ལུགས་ཀྱི་སྒྲོག་འགྲེལ་བྱེད་པར་དམིགས་ཏེ། རང་སྐྱོང་ལྗོངས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་སྒྲོག་འགྲེལ་ཚོགས་པ་དང་མཉམ་དུ“ལོ་་བརྒྱའི་ཏང་གི་ལོ་རྒྱུས་སློབ་སྦྱོང་གཏིང་ཟབ་བྱས་ཏེ། དེའི་ཁྲོད་ནས་བློ་གྲོས་དང་འབད་འབུངས་སྟོབས་ཤུགས་ལེན་པ”བརྗོད་དོན་གཙོ་བོར་བྱས་ནས་འགོ་ཁྲིད་ལས་བྱེད་པ་དང་། རིགས་གཅིག་མཁས་ཅན། མཁས་དབང་བཅས་གདན་དྲངས་ཏེ་ཕུན་སུམ་ཚོགས་པའི་དཔྱད་གཞིའི་ཡིག་རིགས་དང་། གསོན་ཉམས་ལྡན་པའི་གཏམ་རྒྱུད། བདེན་པ་བདེན་ཐུབ་ཀྱི་གྲངས་གཞི་བཅས་ལ་བརྟེན་ནས་གཅིག་སྡུད་སྒྲོག་འགྲེལ་གྱི་སྙན་སེང་ཚོགས་འདུ་འཚོགས་པ་རེད། གྲོང་ཁྱེར་ཐད་གཏོགས་ལས་ཁུངས་དང་། ཁེ་ལས། རྫོང(ཆུས)ཁག ཤང(གྲོང་རྡལ་དང་ཁྲོམ་གཞུང)ཁག་གི་ཏང་ཡོན་ལས་བྱེད་པས་ནན་ཏན་ཉན་ཏེ་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ཚོས་ལྷག་བསམ་རྣམ་དག་དང་། དད་པ། འགན་སེམས། འཇོན་ཐང་། འགན་འཁྲི། ཧུར་སེམས། སྤྱོད་གཙང་བཅས་སྦྱང་བརྩོན་ཧུར་ཐག་བྱས་ཡོད། ཞིང་འབྲོག་པ(གྲོང་མི)མང་ཚོགས་ཀྱིས་གྲུབ་འབྲས་དང་སྲིད་ཇུས་སྒྲོག་འགྲེལ་ལ་དམིགས་པ་དང་། “ནམ་ཡང་ཏང་གི་རྗེས་སུ་འབྲང་བའི”བརྗོད་དོན་གཙོ་བོར་དམིགས་པ། “གྲོང་གསེབ་དར་རྒྱས”ལ་ཞུགས་པ་དང་། “རང་རྟེན་ནུས་པ”ཆེ་རུ་གཏོང་བ། “ཡུན་རིང་བདེ་འཁོད”ལ་ལེགས་སྐྱེས་འབུལ་བ་སོགས་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་དངོས་ཡོད་གནད་དོན་དང་ཟུང་འབྲེལ་བྱེད་པ། དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས་ཀྱི་གཡུལ་ས་གང་ལེགས་སྤྱོད་པ། ཞིང་འབྲོག་མང་ཚོགས་སྒྲིག་འཛུགས་ཀྱིས“འགྱུར་ལྡོག་གསར་པ་གླེང་བ་དང་། གོ་སྐབས་གསར་པ་བརྗོད་པ། འཕེལ་རྒྱས་གསར་པ་ཤོད་པ”བཅས་ཀྱི་བཞུགས་མོལ་བྱེད་པ། རྒྱ་བོད་ཡིག་རིགས་གཉིས་ཀྱི《གཞི་རིམ་མང་ཚོགས་ཀྱི་ཏང་གི་ལོ་རྒྱུས་ཤེས་བྱའི་དྲི་བ་དྲིས་ལན》སྒྲིག་བཟོ་འགྲེམས་སྤེལ་བྱེད་པ་བཅས་གོ་བདེ་ཤེས་སླའི་སྐད་ཆར་བརྟེན་ནས། ཞིང་འབྲོག་མང་ཚོགས་ལ་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100སོང་རིང་གི་འོད་སྟོང་འཕྲོ་བའི་ལོ་རྒྱུས་འཕེལ་རིམ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70སོང་རིང་ཐོབ་པའི་གྲུབ་འབྲས་རླབས་ཆེན་སྒྲོག་འགྲེལ་བྱས་པ་དང་། རྒྱལ་ཁབ་ཀྱི་ལམ་ལུགས་དང་རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་གི“མངོན་གསལ་དོད་པའི་ལེགས་ཆ”གསུམ་སྒྲོག་འགྲེལ་བྱས་པ། རང་སྐྱོང་ལྗོངས་དང་ལྷ་ས་གྲོང་ཁྱེར་ཏང་ཨུད་དང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་སྒྲོག་འགྲེལ་བྱས་ཏེ་མང་ཚོགས་ཀྱིས་ཞིང་ཕན་དམངས་ཕན་སྲིད་ཇུས་ཁག་རྟོགས་པར་བྱས་ཡོད།
མིག་སྔའི་བར། གྲོང་ཁྱེར་ཡོངས་ཀྱིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་བརྗོད་དོན་གཙོ་བོར་བྱས་པའི་སྒྲོག་འགྲེལ་ཐེངས་10944བྱས་པར་མི་ཐེངས་875520ལ་སློབ་གསོ་ཐེབས་ཡོད།