68 ཝང་ཅེའི་སྙིང་སྟོབས།
ཝང་ཅེ། 1942ལོར་སྐྱེས། ཧྲན་ཏུང་ཅིང་ཤང་རྫོང་ནས་ཡིན། ཅང་སུའུ་ཞུས་ཀྲོའུ་རུ་བཅའ་སྡོད་ཅི་ནན་དམག་ཁུལ་ཁང་གི་དཔུང་སྡེ་ཞིག་གི་འཐབ་འཛིང་པ་ཡིན། 1965ལོའི་ཟླ་7པར་ཐེངས་ཤིག་སྦྱོང་བརྡར་བྱེད་སྐབས་ཡུལ་དམག་འགེབས་སྲུང་བྱེད་ཆེད་དཔའ་ངར་ཆེན་པོས་རང་སྲོག་བློས་བཏང་ཡོད། ཝང་ཅེས་རང་ཉིད་ཀྱི་བྱ་སྤྱོད་ངོ་མར་བརྟེན་ནས“གཅིག་ནས་དཀའ་ངལ་ལ་མི་སྐྲག་པ་དང་གཉིས་ནས་ཤི་རྒྱུར་མི་སྐྲག་པའི་ཞུམ་པ་མེད་པའི་མི་ཞིག་བྱེད་ཀྱི་ཡིན”ཞེས་པའི་ཁོང་འཚོ་བཞུགས་སྐབས་ཀྱི་དཔའ་ངར་ལྡན་པའི་དམ་བཅའ་ལག་བསྟར་བྱས་ཡོད། མའོ་ཙེ་ཏུང་དང་། ཀྲོའུ་ཨེན་ལའེ། ཏེང་ཞའོ་ཕིང་སོགས་འབྱོར་མེད་གྲལ་རིམ་གྱི་གསར་བརྗེ་མཁས་ཅན་རྒན་གྲས་ཚང་མས་ཝང་ཅེ་དང་ཁོང་གི“མི་སྐྲག་པ་གཉིས”ཀྱི་སྙིང་སྟོབས་ལ་བསྔགས་བརྗོད་ཆེན་པོ་གནང་ཡོད།
69 “རིག་གནས་གསར་བརྗེ་ཆེན་པོ”
1966ལོའི་ཟླ་5པ་ནས་1976ལོའི་ཟླ་10པའི་བར་གྱི“རིག་གནས་གསར་བརྗེ་ཆེན་པོ”ནི་འགོ་ཁྲིད་པས་ནོར་འཁྲུལ་ངང་སྐུལ་སློང་བྱས་པ་ཞིག་དང་། གསར་བརྗེར་ངོ་རྒོལ་ཤོག་ཁག་གིས་བེད་སྤྱད་པ་ཞིག་ཡིན་ཞིང་། ཏང་དང་རྒྱལ་ཁབ་དང་མི་རིགས་ཁག་གི་མི་དམངས་ལ་ཆག་སྒོ་ཆེན་པོ་བཟོས་པའི་ནང་ཁུལ་གྱི་ཟང་ཟིང་ཞིག་རེད།
70 མཉམ་འབྲེལ་རྒྱལ་ཚོགས་ཁྲོད་ཀྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁྲིམས་མཐུན་གནས་བབ་སླར་གསོ་བྱས་པ།
1971ལོའི་ཟླ་10ཚེས་25ཉིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྐབས་26པའི་ཐོག་མཉམ་འབྲེལ་རྒྱལ་ཚོགས་ཁྲོད་ཀྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁྲིམས་མཐུན་ཁེ་དབང་ཡོངས་རྫོགས་སླར་གསོ་བྱ་རྒྱུ་དང་ཐའེ་དབན་དབང་འཛིན་ལས་ཁུངས་ཀྱི་འཐུས་མི་འཕྲལ་དུ་མཉམ་འབྲེལ་རྒྱལ་ཚོགས་དང་དེ་བཞིན་དེའི་ཁོངས་གཏོགས་ཀྱི་སྒྲིག་གཞི་མཐའ་དག་ནས་མཐར་སྐྲོད་གཏོང་རྒྱུའི་གྲོས་ཆོད་ཨང་2758ལ་གྲོས་འཆམ་བྱུང་བ་རེད། ཟླ་11ཚེས་1ཉིན་སྐར་ལྔའི་དར་དམར་མཉམ་འབྲེལ་རྒྱལ་ཚོགས་སུ་ཐོག་མར་བསྒྲེངས་པ་རེད།
71 ཀྲུང་གོ་དང་ཨ་རིའི་འབྲེལ་བ་རྒྱུན་གཏན་ཅན་དུ་གྱུར་པ།
1972ལོའི་ཟླ་2པར་ཨ་རིའི་ཙུང་ཐུང་ཉི་ཁེ་སུང་གིས་ཀྲུང་གོར་འཚམས་འདྲི་དང་ཀྲུང་ཨའི་ཧྲང་ཧའེ་ཡི《མཉམ་འབྲེལ་སྤྱི་བསྒྲགས》བཏོན་པ་དེ་ཐོག་ནས་སྔོན་ཆད་དུས་ཡུན་རིང་པོའི་ནང་རྣོ་ངར་ཆེ་བའི་འགལ་ཟླ་བྱུང་བའི་ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་དུས་དེ་ནས་བཟུང་འབྲེལ་བ་རྒྱུན་གཏན་ཅན་གྱི་འགྲོ་ལམ་ཐོག་བསྐྱོད་པ་མཚོན་ཡོད།
72 “མི་བཞི་ཤོག་ཁག”རྩ་མེད་བཏང་བ།
1976ལོའི་ཟླ་10ཚེས་6ཉིན་ཧྭ་གོ་ཧྥུང་དང་ཡེ་ཅན་དབྱིང་སོགས་ཀྱིས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚབ་ཞུས་ཏེ་ཅང་ཆིང་དང་། ཀྲང་ཁྲུན་ཆའོ། ཝང་ཧུང་ཝུན། ཡའོ་ཝུན་ཡོན་བཅས་དང་། དེ་བཞིན་ཤོག་ཁག་དེའི་པེ་ཅིང་དུ་ཡོད་པའི་རྐང་འཛིན་པར་ལོགས་འཇོག་ཞིབ་བཤེར་བྱས་ནས་ཅང་ཆིང་གི་གསར་བརྗེའི་ངོ་རྒོལ་ཚོགས་པ་རྩ་མེད་དུ་བཏང་བ་རེད། “མི་བཞི་ཤོག་ཁག”རྩ་མེད་བཏང་བས། “རིག་གནས་གསར་བརྗེ་ཆེན་པོ”མཇུག་འགྲིལ་བ་དང་། ཉེན་ཁའི་ཁྲོད་ནས་ཀྲུང་གོའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་བསྐྱབས་ཏེ་ཏང་དང་རྒྱལ་ཁབ་ལོ་རྒྱུས་ཀྱི་དུས་མཚམས་གསར་པ་ཞིག་ཏུ་སླེབས་པར་སྔོན་འགྲོའི་ཆ་རྐྱེན་བཏོད་ཡོད།
73 བདེན་དོན་ཚད་གཞིའི་གནད་དོན་ཐད་ཀྱི་གྲོས་བསྡུར་ཆེན་པོ།
1978ལོར་ཏེང་ཞའོ་ཕིང་དང་ཧུའུ་ཡའོ་པང་སོགས་བློ་མཐུན་གྱི་འགོ་ཁྲིད་དང་སྐུལ་སྤེལ་འོག་དོན་སྙིང་གལ་ཆེན་ལྡན་པའི་མར་ཁེ་སི་རིང་ལུགས་ཀྱི་སློབ་གསོའི་ལས་འགུལ་དང་བསམ་བློར་བཅིངས་འགྲོལ་གཏོང་བའི་ལས་འགུལ་ཞིག་སྤེལ་བ་རེད། 1978ལོའི་ཟླ་5ཚེས་11ཉིན《འོད་ཟེར་ཉིན་རེའི་ཚགས་པར》ཐོག《ལག་ལེན་ནི་བདེན་དོན་ལ་ཞིབ་དཔྱད་བྱེད་པའི་ཚད་གཞི་ཉག་གཅིག་ཡིན》ཞེས་པའི་རྩོམ་ཡིག་སྤེལ་བ་རེད། དུས་དེ་ནས་བཟུང་བདེན་དོན་གྱི་ཚད་གཞིའི་གནད་དོན་སྐོར་གྱི་གྲོས་བསྡུར་ཆེན་པོ་ཞིག་རྒྱལ་ཡོངས་སུ་བྱེད་འགོ་ཚུགས་པ་རེད། (མུ་མཐུད་འགོད་རྒྱུ)