དབུ་ཤོག>ཆེད་སྒྲིག
  • “ཧྲུའུ་ཅི་ཁོང་ནི་ང་ཚོའི་བློ་གཏད་བཅོལ་ས་ཡིན”

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-08-01

    2016ལོར་སྐལ་ལྡན་ཕུན་ཚོགས་ཀྱིས་ཀོང་པོ་རྒྱ་མདའ་རྫོང་ཨུད་ཀྱི་ཧྲུའུ་ཅི་དང་2021ལོར་བྲག་ཡིབ་ཆུས་ཨུད་ཀྱི་ཧྲུའུ་ཅིའི་འགན་ཁུར་བ་རེད། ཀོང་པོ་རྒྱ་མདའ་རྫོང་ཨུད་ཀྱི་ཧྲུའུ་ཅི་གནང་རིང་། ཁོང་གིས་ཞིང་འབྲོག་པ་ཚོར་བརྩེ་སེམས་ཟབ་མོ་འཆང་བཞིན་ཁོམ་པ་བྱུང་མ་ཐག་མི་སེར་གྱི་ཁྱིམ་དུ་ཕེབས་ཏེ་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཤེས་རྟོགས་དང་ཐག་གཅོད་གནང་གི་ཡོད།

    “ངས་གཞུང་ལས་ཁང་གི་སྒོ་ཕྱེ་ནས་བཞག་སྟེ་དོན་དག་གཅོད་པར་ཡོང་མཁན་མང་ཚོགས་ལ་སྟབས་བདེ་ཡོང་བ་བྱེད་ཀྱི་ཡོད”ཅེས་ཁོང་གིས་དེ་ལྟར་གསུངས་ཀྱི་ཡོད་ལ། དེ་ལྟར་གནང་གི་ཡོད།

    མི་དམངས་རྩ་བར་འཛིན་ནས་མང་ཚོགས་དང་སེམས་པ་གཅིག་ཏུ་འབྲེལ།

    “ལོ་ཤས་གོང་ཐེམ་ཐོའི་རྐྱེན་གྱིས་ཕྲུ་གུ་རྫོང་གྲོང་གི་སློབ་གྲྭར་གཏོང་ཐབས་བྲལ་བར་སེམས་ཁྲལ་བྱེད་པའི་སྐབས་སུ། ཧྲུའུ་ཅི་སྐལ་ལྡན་ཕུན་ཚོགས་བཙལ་ནས་རོགས་པ་གནང་རོགས་ཞུས་པ་ཡིན། ཁོང་གི་རོགས་རམ་འོག་ཕྲུ་གུ་རྫོང་གྲོང་སློབ་གྲྭར་གཏོང་ཐུབ་བྱུང”ཞེས་ཉང་ཕུ་ཤང་དབུ་ནང་གྲོང་ཚོའི་གྲོང་མི་དགའ་རབ་རྡོ་རྗེས་སེམས་འགུལ་ཐེབས་བཞིན་དེ་ལྟར་བརྗོད་བྱུང་།

    བྲག་ཆུ་གྲོང་རྡལ་དངོས་པ་གྲོང་ཚོའི་གྲོང་མི་འགྱུར་མེད་ལ་རླངས་འཁོར་གྱི་ལས་འཛོལ་བྱུང་ནས་རྐང་པ་གཉིས་ཆག་སྟེ་སྨན་ཁང་དུ་ལུས་པ་དང་སྨན་རིན་སྤྲོད་མི་ཐུབ་པར་ལུས། སྐལ་ལྡན་ཕུན་ཚོགས་ཀྱིས་གནས་ཚུལ་དེ་ཤེས་རྗེས། འཕྲལ་མར་འབྲེལ་ཡོད་སྡེ་ཚན་དང་འབྲེལ་བ་བྱས་ཏེ་ཐག་གཅོད་བྱེད་ཐབས་བཙལ་ནས་ནད་གཞི་ལྕི་པོ་ཕོག་པའི་མང་ཚོགས་དབུལ་པོར་རྫོང་གིས་སྨན་རིན་སྔ་རྟིང་གཏོང་བའི་རོགས་སྐྱོར་བྱེད་ཐབས་བཟོས་པ་རེད། དེ་ལྟར་འགྱུར་མེད་ཀྱི་སྨན་རིན་རྫོང་ནས་སྔ་རྟིང་བཏང་བ་རེད།

    ཕྲུ་གུ་སློབ་གྲྭར་སྐྱོད་པ་དང་། རྒན་རྒོན་གྱི་སྨན་བཅོས་གནད་དོན། འགྲིམ་འགྲུལ་གནད་དོན་སོགས་མང་ཚོགས་ཀྱི“དོན་ཆུང”ཚང་མ་ནི་ཁོང་གིས་དམ་འཛིན་བྱས་ནས་བསྒྲུབས་པའི་དོན་ཆེན་ཤ་སྟག་ཡིན།

    ཁོང་གི་མིག་དཔེའི་སྣེ་ཁྲིད་དང་སྒྲིག་འཛུགས་སྐུལ་འདེད་འོག་2016ལོ་ནས་བཟུང་རྫོང་ཡོངས་སུ“ཆ་སྒྲིག་གཉེན་འཚོལ”གྱི་བྱེད་སྒོ་སྤེལ་ཏེ་ལས་ཁུངས་དང་ཚན་པས་གྲོང་ཚོ་འགན་གཙང་ལེན་པ་དང་ཏང་ཡོན་ལས་བྱེད་པས་མང་ཚོགས་འགན་གཙང་བླངས་ནས་གཞི་རིམ་མང་ཚོགས་ཁྲོད་བསྐྱོད་དེ་འཕེལ་རྒྱས་ཀྱི་བསམ་ཕྱོགས་གསལ་བཟོ་དང་དཀའ་ངལ་དངོས་ཐག་གཅོད་བྱས་པར་བརྟེན། མང་ཚོགས་ཀྱིས་ལས་དོན་སྒྲུབ་སྐབས་བློ་གཏད་བཅོལ་ས་ཡོད་པ་དང་། ཏང་དང་མང་ཚོགས་དབར་གྱི་འབྲེལ་བ་དེ་བས་ཟབ་ཏུ་ཕྱིན་པ། ལས་བྱེད་པ་དང་མང་ཚོགས་དེ་བས་འཆམ་མཐུན་བྱུང་བ། བརྟན་ལྷིང་གི་རྨང་གཞི་དེ་བས་བརྟན་དུ་ཕྱིན་པ་བཅས་ཀྱི་རྣམ་པ་བཟང་པོ་མངོན་ཡོད། 

    ཐོན་ལས་ཀྱི་རྒྱ་སྟོབས་ཆེ་རུ་ཕྱིན་ནས་མང་ཚོགས་ཀྱི་ཕྱུག་འགྱུར་ལམ་བུ་ཡངས་སུ་ཕྱིན་པ།

    ཀོང་པོ་རྒྱ་མདའ་རྫོང་ནི་ཡུལ་སྐོར་གྱི་ཐོན་ཁུངས་འབེལ་བའི་རྫོང་ཆེན་དང་ཁྱད་ལྡན་ཞིང་འབྲོག་ལས་ཀྱི་རྫོང་ཆེན་ཞིག་ཡིན་མོད། ཐོན་ལས་རྒྱ་ཆེ་ཡང་སྟོབས་ཆེན་པོ་མེད་པ་དང་། འཕེལ་རྒྱས་ཀྱི་ནུས་པ་ཞན་པ། མང་ཚོགས་འབབ་འཕར་ཕྱུག་འགྱུར་གྱི་ལམ་བུ་གུ་དོག་པ་བཅས་ཀྱི་གནད་དོན་ལས་དཔལ་འབྱོར་འཕེལ་རྒྱས་ལ་འགོག་རྐྱེན་འཕྲད་ཡོད།

    མང་ཚོཌ་གང་མགྱོགས་དབུལ་སྒྲོལ་ཐུབ་ནས་འཚོ་བ་ཡག་པོ་ཞིག་སྐྱེལ་ཐུབ་པ་བྱ་རྒྱུ་ནི། རྫོང་ཨུད་ཀྱི་ཧྲུའུ་ཅིའི་འགན་འཁུར་རྗེས་ཁོང་གིས་ཐག་གཅོད་བྱ་རྒྱུའི་བྱ་བ་དང་པོ་དེ་རེད།

    ཚན་རིག་དང་མཐུན་པའི་ངང་རིགས་པས་ཁུངས་སྐྱེལ་དང་བརྟག་ཞིབ་ཡང་ཡང་བྱས་པ་བརྒྱུད། ཀོང་པོ་རྒྱ་མདའ་རྫོང་གི་ཐོན་ཁུངས་ལེགས་ཆར་གཞི་ཚུགས་ནས་ཐོན་ལས་དར་རྒྱས་གཏོང་རྒྱུ་དེ་དཔལ་འབྱོར་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི་ལས་འགན་གལ་ཆེན་ལ་བརྩིས་ཏེ་ཡུལ་སྐོར་ཐོན་ལས་ཐད། བྲག་གསུམ་མཚོའི་མཛེས་ལྗོངས་ཁུལ་སྣེ་འདྲེན་དུ་བྱས་ཏེ་རྒྱལ་ཁབ་ཀྱི་5Aརིམ་པའི་མཛེས་ལྗོངས་ཁུལ་བསྐྲུན་པ་དང་མཛེས་ལྗོངས་ཁུལ་གྱི“དབང་གསུམ”འབྲེལ་བ་ཐག་གཅོད་བྱས་ནས་ཡུལ་སྐོར་གྱི་རྨང་གཞི་དང་། ཡུལ་སྐོར་གྱི་ཞབས་ཞུ། ཡུལ་སྐོར་གྱི་ནང་དོན། ཡུལ་སྐོར་ཐོན་ལས་བཅས་ཀྱི་ལས་དོན་ཡག་པོ་བསྒྲུབས་ཏེ་ཡུལ་སྐོར་ཁྲོད་ནས་མང་ཚོགས་དེ་བས་མང་བར་ཡོང་འབབ་རག་པ་བྱས་ཡོད། བོད་ཕག་ཐོན་ལས་ཐད། ཐོན་ལས་འཁོར་འབྲེལ་གྱི་རྒྱ་སྟོབས་ཆེ་རུ་གཏོང་རྒྱུར་དམ་འཛིན་བྱས་ཏེ་ཡུལ་ཕག་སྲུང་སྐྱོང་དང་། གཞི་ཁྱོན་ཆེན་པོས་གསོ་ཚགས། ཐོན་རྫས་ཞིབ་སྤེལ། ལས་སྣོན་ཞིབ་ཚགས་སོགས་ལྷུ་ཚིགས་ཁག་གི་ལས་དོན་ཡག་པོ་བསྒྲུབས་ནས་བོད་ཕག་དེ་མང་ཚོགས་འབབ་འཕར་ཕྱུག་འགྱུར་གྱི་འབབ་ཁུངས་སུ་འགྱུར་བར་བྱས་ཡོད།

    ཁོང་གིས“‘དབང་གསུམ’འབྲེལ་བ་ཐག་གཅོད་བྱས་རྗེས། ང་ཚོས་རྫོང་ཡོངས་ཀྱི་སྟོབས་ཤུགས་གཅིག་སྡུད་བྱས་ནས་ལོ་གསུམ་ནང་མ་དངུལ་སྒོར་དུང་ཕྱུར་2ལྷག་ཙམ་བཏང་སྟེ་རྣམ་གྲངས་125གཉེར་བ་བརྒྱུད། བྲག་གསུམ་མཚོའི་རྣམ་པར་འགྱུར་ལྡོག་ཆེན་པོ་བྱུང་བ་དང་ཆབས་ཅིག་དྲེལ་པའི་ཞབས་ཞུ་དང་ཞིང་ནང་ཡུལ་སྐོར་སོགས་དཔལ་འབྱོར་ལས་རིགས་འཕེལ་རྒྱས་ཤུགས་ཆེན་བཏང་ནས་མང་ཚོགས་དེ་བས་མང་བ་ཡུལ་སྐོར་ལས་རིགས་ནང་ཞུགས་པར་བརྟེན་མཉམ་སྐྲུན་མཉམ་སྤྱོད་ཀྱི་འཕེལ་རྒྱས་ཀྱི་རྣམ་པ་ཐོན་ཡོད” ཅེས་བརྗོད། ས་ཁོངས་ཡུལ་སྐོར་དང་བོད་ཕག་ཐོན་ལས་ལ་བརྟེན་ནས། ད་ཆ་ཀོང་པོ་རྒྱ་མདའ་རྫོང་ཐོན་ལས་དར་བའི་རྫོང་ལ་གྱུར་པ་དང་མང་ཚོགས་ཁྲི་1ལྷག་ཙམ་གྱིས་ཐོན་ལས་འཕེལ་རྒྱས་ལ་བརྟེན་ནས་ཕྱུག་པོའི་ལམ་དུ་བསྐྱོད།

    “སྦྲ་གུར་ཏང་ཀྲི་པུའུ”དེ་གང་མཁོ་གང་སྐྱོད་ཀྱི“གསར་བརྗེའི་མཁར་རྫོང”ལ་བསྒྱུར་བ།

    ཀོང་པོ་རྒྱ་མདའ་རྫོང་ནི་ས་མ་འབྲོག་གི་རྫོང་ཞིག་ཡིན་པ་དང་རྫོང་ཡོངས་ཀྱི་གྲོང་ཚོ་ཕྱེད་ཀ་ནི་འབྲོག་ལས་གྲོང་ཚོ་རེད། ཕྱུགས་འཚོ་བའི་དུས་སུ་གཞི་རིམ་ཏང་ཡོན་དང་མང་ཚོགས་ཟླ་བ་ཁ་ཤས་འབྲོག་རར་སྡོད་པས། ཏང་འཛུགས་སྐྱོང་གི་བྱེད་སྒོ་དུས་ཐོག་ཏུ་སྤེལ་མི་ཐུབ་པ་དང་ཏང་ཡོན་སྒྲིག་འཛུགས་བྱེད་མི་ཐུབ་པའི་གནས་ཚུལ་ཐོན་གྱི་ཡོད།

    “ཏང་ཡོན་གང་དུ་ཡོད་ན། ཏང་འཛུགས་སྐྱོང་ལས་དོན་དེ་གར་སྤེལ་བ་དང་། མང་ཚོགས་གང་དུ་ཡོད་ན། ཀྲི་པུའི་ཞབས་ཞུ་དེ་གར་སྤེལ་བའི་བསམ་ཕྱོགས་ལ་གཞིགས་ཏེ་འབྲོག་ཁུལ་གྱི་ཐོན་སྐྱེད་ཁྱད་ཆོས་དང་ཟུང་འབྲེལ་གྱིས་ང་ཚོས‘སྦྲ་གུར་ཏང་ཀྲི་པུའུ’བཙུགས་ནས་ཏང་འཛུགས་སྐྱོང་གི་ལས་དོན་སྤེལ་རྒྱུའི་ཐག་བཅད་པ་ཡིན”ཞེས་སྐལ་ལྡན་ཕུན་ཚོགས་ཀྱིས་བརྗོད།

    “སྦྲ་གུར་ཏང་ཀྲི་པུའུ”14བཙུགས་རྗེས། འབྲོག་ཁུལ་དུ་ཏང་འཛུགས་སྐྱོང་གི་ལས་དོན་སྤེལ་དཀའ་བའི་གནད་དོན་ཐག་གཅོད་ཐུབ་པ་མ་ཟད། དམངས་ཕན་ཞབས་ཞུའི་ནུས་པ་འདོན་སྤེལ་ཐུབ་ནས་འབྲོག་ཁུལ་གྱི་ཏང་འཛུགས་སྐྱོང་ཐད་ཏང་ནང་ཁུལ་གྱི་བྱེད་སྒོ་སྤེལ་ས་ཡོད་པ་དང་མང་ཚོགས་ལ་ཞབས་འདེགས་ཞུ་བའི་འཐབ་ས་ཡོད་པ་བྱས་ཡོད། ད་ཆ“སྦྲ་གུར་ཏང་ཀྲི་པུའུ”དེ་གང་མཁོ་གང་སྐྱོད་ཀྱི“གསར་བརྗེའི་མཁར་རྫོང”ལ་གྱུར་ཡོད།

    སྤྱི་མདའ་གྲོང་རྡལ་སྒམ་གྲོང་ཚོའི་ཏང་ཡོན་རྒན་གྲས་ཀུན་དགའ་ལོ་80ལྷག་ཙམ་ལ་སླེབས་ཀྱང་ད་དུང་ཏང་ཡོན་གྱི་འོས་འགན་ཞབས་ཞུའི་རུ་ཁག་ནང་ཧུར་ཐག་ཞུགས་ཏེ་ཏང་གི་དམངས་ཕན་སྲིད་ཇུས་དྲིལ་བསྒྲགས་བྱེད་ཀྱི་ཡོད། ཁོང་ནི་གྲོང་ཁྱེར་ཡོངས་ཀྱི་ཞིང་འབྲོག་པའི་དཔེ་བཟང་སྒྲོག་འགྲེལ་པ་ཞིག་ཡིན། སྐལ་ལྡན་ཕུན་ཚོགས་འཕྲད་རིམ་བཞིན་ཁོང་གིས“ཏང་དང་ང་ཚོ་གཞི་རིམ་མང་ཚོགས་ཀྱི་སེམས་པ་གཅིག་ཏུ་སྦྲེལ་ཡོད། ཏང་གི་སྲིད་ཇུས་ཡག་པོ་འདུག ངས་མུ་མཐུད་ཏང་རྩ་འཛུགས་ཀྱི་རྗེས་སུ་འབྲངས་ནས་མང་ཚོགས་ལ་དོན་དངོས་མང་ཙམ་བསྒྲུབ་ཀྱི་ཡིན”ཞེས་བརྗོད་ཀྱི་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།