ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱི་གཙོ་གནད་དམངས་འཚོའི་རྣམ་གྲངས་གྲས་ཤིག་ཡིན་པའི་ལྕགས་རོང་སྡེ་ཁུལ་གྱི་སྡོད་ཁང་སྐྱོ་ཁུལ་སྒྱུར་བཀོད་རྣམ་གྲངས་ལོ་གཉིས་ཙམ་ཨར་པོ་བརྒྱབ་པ་བརྒྱུད། མིག་སྔར་ཕྱོགས་ཡོངས་ནས་ལས་མཇུག་འགྲིལ་བ་དང་། སྡེ་ཁུལ་དེའི་གྲོང་མིས་གཅིག་རྗེས་གཉིས་མཐུད་ངང་ལྡེ་མིག་བླངས་ནས་ཁང་པར་མཛེས་བཟོ་བྱེད་བཞིན་ཡོད་པ་རེད།
ཉིན་ཤས་གོང་གྲོང་མི་371གིས་ལྕགས་རོང་སྡེ་ཁུལ་གྲོང་ལྷན་དུ་རྒྱན་བསྒྲུགས་ནས་དེ་སྔའི་ཁང་པ་ལས་ཆེ་བའི་རྩ་དོན་ལྟར་བཀོད་སྒྲིག་བྱས་པ་དང་དུས་མཚུངས། དེ་སྔའི་ཚོང་ལས་ཁྲོམ་གཞུང་དང་བོགས་གཏོང་ཁང་པའི་བསྡུར་ཚད་ཀྱང་1:1གིས་བརྗེ་པོ་གཅིག་མཚུངས་བརྒྱབ་ཡོད། ཁུལ་ཆུང་གི་ཁོར་ཡུག་ལེགས་སུ་ཕྱིན་ནས་གྲོང་མི་ཚོ་རྒྱ་ཆེ་ལ་དཀར་ཆ་དོད་པའི་ཁང་པར་སྡོད་པ་ཕུད། ཁུལ་ཆུང་གི་འཆར་འགོད་ལམ་གསུམ་ཡང་ཕྱོགས་ཡོངས་ནས་ཤར་གཏོང་ཐུབ་སྟེ་རྒྱ་ཆེ་ལ་གཙང་སྦྲ་དོད་པ་ཞིག་ཡོད།
གསར་འགོད་པ་ལྕགས་རོང་སྡེ་ཁུལ་དུ་སླེབས་སྐབས། སྡེ་ཁུལ་དེའི་གྲོང་མི་ཟླ་བ་ཚེ་རིང་རྣམ་པ་གསར་རྐྱང་གི་ལྕགས་རོང་སྡེ་ཁུལ་བདེ་སྐྱིད་ཁང་གི་སྡེ་ལས་སུ་ལྡེ་མིག་ལེན་པར་བསྐྱོད་པ་དང་། སྡེ་ལས་ཁུལ་ནས་ལྡེ་མིག་བླངས་རྗེས་དགའ་སྤྲོ་ངང་རང་ཉིད་ཀྱི་ཁང་པར་ལྟ་བར་ཕྱིན། ཁོང་གིས“སྡེ་ཁུལ་གྱིས་ཉེ་ཆར་ཁང་པའི་ལྡེ་མིག་ལེན་པར་ཡོང་བའི་བརྡ་ཐོ་བཏང་བྱུང་། དེ་རིང་ལེན་པར་ཡོང་བ་ཡིན། ངའི་ཁང་པ་ནི་སྨི་ངོས་གྲུ་120ལྷག་ཙམ་ཡོད་པ་དེ་རེད། ནང་མི་བཞི་པོ་དེའི་ནང་སྣང་དག་མེད། ཁང་པ་མཐོང་བའི་སྐབས་དེར་སེམས་ལ་དགའ་ཚོར་ཆེན་པོ་བྱུང་། གཞི་ནས་རྒྱ་ཆེ་ལ་དཀར་ཆ་དོད་པའི་ཁང་པར་སྡོད་རྒྱུ་བྱུང་། དེ་སྔའི་ཁང་པ་རྙིང་པ་ཡིན་པ་མ་ཟད། མཐའ་འཁོར་ཚང་མ་ས་རྡོའི་ལམ་ཡིན་པས་ཆར་དུས་སུ་འགྲོ་ལམ་ཚང་མ་བཙོག་ཆུ་རེད། ད་ཆ་འགྲོ་ལམ་ཡག་ཏུ་ཕྱིན་པ་མ་ཟད། ཁང་པ་གསར་པར་བསྡད་པ་དང་སྒོ་རའི་ཁོར་ཡུག་ཀྱང་ཧ་ཅང་ཡག་པོ་འདུག ང་ཚོའི་སྡེ་ཁུལ་གྱི་གྲོང་མི་ཚང་མའི་སེམས་ལ་དགའ་ཚོར་ཆེན་པོ་བྱུང་འདུག” ཅེས་བཤད།
སྡེ་ཁུལ་དེའི་གྲོང་མི་མིག་དམར་གྱིས་ཉིན་20ཡི་གོང་ནས་ཁང་པའི་ལྡེ་མིག་བླངས་པ་དང་། ད་ལྟ་ཁང་པར་མཛེས་བཟོ་བྱེད་བཞིན་ཡོད། ཁོང་གིས་གསར་འགོད་པར་དེ་སྔ་ལྕགས་རོང་སྡེ་ཁུལ་གྱི་སྡོད་ཁང་སྐྱོ་ཁུལ་གྱི་ཁང་པ་མང་ཆེ་བ་ཤིང་ལས་བརྒྱབ་པ་དང་ས་འདམ་གྱིས་ཐོག་བཀབ་ཡོད། ལོ་མང་སོང་ནས་ཉམས་གསོ་མ་བྱུང་བར་བརྟེན་ཁང་པ་ཚང་མ་གོག་ཧྲུལ་རེད། ད་ཆ་སྡོད་ཁང་སྐྱོ་ཁུལ་ཧྲིལ་པོར་གཙང་སྦྲ་དོད་པའི་ཐོག་ཁང་བསྐྲུན་པ་མ་ཟད། ལེ་ལག་གི་སྒྲིག་བཀོད་ཀྱང་ཆ་ཚང་པོ་ཡོད་པས་ཁོར་ཡུག་མཛེས་སྡུག་ལྡན་པའི་དེང་རབས་ཅན་གྱི་སྡེ་ལས་ཁུལ་ཆུང་ཞིག་རེད། ནང་མི་ཚང་མས་མཛེས་བཟོ་བྱས་ཚར་རྗེས་སྔ་ཙམ་ཁང་པ་གསར་པར་སྤོ་བའི་རེ་སྒུག་བྱེད་ཀྱི་ཡོད་ཅེས་བརྗོད།
“ལྕགས་རོང་སྡེ་ཁུལ་གྱི་སྡོད་ཁང་སྐྱོ་ཁུལ་སྒྱུར་བཀོད་རྣམ་གྲངས་ནི་དམངས་འཚོའི་རྣམ་གྲངས་གལ་ཆེན་ཞིག་ཡིན་པ་དང་། ཁྲེང་ཀོན་ཆུས་ཨུད་དང་ཆུས་སྲིད་གཞུང་གི་ཡང་དག་པའི་འགོ་ཁྲིད་འོག་དུས་ཐུང་ལོ་གཉིས་ནང་གྲོང་མི་དུད་ཚང་371ཚང་མ་ད་ཆ་གནས་སྤོ་བའི་དུས་མཚམས་སུ་སླེབས་ནས་དེ་སྔའི་ཆུ་མཁོ་སྤྲོད་དང་ཆུ་འབུད་དཀའ་བ་དང་འཚོ་བའི་ཁོར་ཡུག‘བཙོག་ཟིང་ཞན་གསུམ’སོགས་ཀྱི་གནད་དོན་ཐག་གཅོད་བྱུང་ནས་དཔལ་འབྱོར་ཡོང་འབབ་མངོན་གསལ་དོད་པོས་མཐོ་རུ་ཕྱིན་པས་གོང་རིམ་སྡེ་ཚན་དང་། གྲོང་མི། དེ་བཞིན་སྤྱི་ཚོགས་ལས་རིགས་ཁག་གི་ཁས་ལེན་མགྲིན་གཅིག་ཏུ་ཐོབ་ཡོད”ཅེས་ལྕགས་རོང་སྡེ་ཁུལ་གྱི་ཧྲུའུ་ཅི་ཨང་དང་པོ་སྐལ་བཟང་གཡུ་སྒྲོན་གྱིས་བཤད་ཅིང་། ཁོང་གིས་མིག་སྔར་གྲོང་མིས་གཅིག་རྗེས་གཉིས་མཐུད་ངང་ལྡེ་མིག་ལེན་བཞིན་ཡོད་པ་དང་། ཨར་པོའི་ཤུལ་ལུས་གནད་དོན་ཡོད་པའི་དུད་ཚང་ལ་སྡེ་ཁུལ་གྱི་འགན་འཁུར་བས་གཅིག་གྱུར་ཐོ་འགོད་དང་གཅིག་གྱུར་ཐག་གཅོད་བྱས་ནས་གནས་སྤོས་གྲོང་མིའི“བདེ་སྡོད་ཕུགས་འདུན”མངོན་འགྱུར་གང་ཐུབ་བྱེད་ཀྱི་ཡོད་ཅེས་བཤད།