དབུ་ཤོག>ཆེད་སྒྲིག
  • ད་ལྟའི་འཚོ་བ་བདེ་ཞིང་སྐྱིད་ལ་འཕེལ་རྒྱས་ཀྱི་ལམ་བུ་ཡངས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-07-29

    837541_yis_1627056000000_s.jpg

    “དེ་གོང་ལྷོ་ཁ་ནས་ལྷ་ས་བར་ཆུ་ཚོད་གཉིས་འགོར་གྱི་ཡོད། ད་ཆ་ཤུགས་འགྲེམས་མེ་འཁོར་ཤར་གཏོང་ཐུབ་པས་ཆུ་ཚོད་གཅིག་ལ་ལྷ་སར་སླེབས་ཀྱི་ཡོད། ད་ཐེངས་ང་ཤུགས་འགྲེམས་མེ་འཁོར་སྡོད་ཐེངས་དང་པོ་ཡིན་པས་ཧ་ཅང་དགའ་པོ་བྱུང”ཞེས་ས་མཐོའི“བསྐྱར་དར་རྟགས་ཅན”གྱི་མེ་འཁོར་ལ་སྡོད་མཁན་འགྲུལ་པ་ཁག་དང་པོའི་གྲས་ཡིན་པའི་ལྷོ་ཁ་གྲོང་ཁྱེར་བསམ་ཡས་གྲོང་རྡལ་གྱི་མང་ཚོགས་རིན་ཆེན་གྱིས་དགའ་ཚོར་ཆེན་པོའི་ངང་ནས་ཤུགས་འགྲེམས་མེ་འཁོར་ལས་བྱུང་བའི་སྐྱིད་སྣང་བརྗོད།

    ལྷ་ཉིང་ལྕགས་ལམ་ཤར་གཏོང་ཐུབ་པས་མེ་འཁོར་བསྡད་དེ་ཉིང་ཁྲིར་སྐྱོད་པའི་ཕུགས་བསམ་ད་ཆ་མངོན་འགྱུར་ཐུབ་ཡོད། “ཤུགས་འགྲེམས་མེ་འཁོར་བསྡད་དེ་བོད་ལྗོངས་སྐོར་བ”དེ་དར་སྲོལ་གསར་པ་ཞིག་ཏུ་འགྱུར་རེ་ཡོད་ལ། དེས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ལོ་རྒྱུས་རང་བཞིན་གྱི་གོ་སྐབས་ཀྱང་བཏོད་ཡོད།

    འགྲིམ་འགྲུལ་འཛུགས་སྐྲུན་དང་། ནུས་རྒྱུ་འགན་ལེན། ཐོན་ལས་འཕེལ་རྒྱས། རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་གཏོང་བ་སོགས་གང་ཡིན་རུང་། བོད་ཞི་བས་བཅིངས་འགྲོལ་མ་བཏང་གོང་གི་བྱ་གཞག་ཀུན་ཉམས་རྒུད་དུ་སོང་བ་ནས་བོད་ཞི་བས་བཅིངས་འགྲོལ་བཏང་ཚུན་གྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ཕྱིན་པའི་བར་དང་སྒྱུར་བཅོས་སྒོ་དབྱེ་བྱས་ཏེ་མགྱོགས་མྱུར་མདུན་སྐྱོད་བྱེད་པ་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་བར་གྱི་ལོ་ངོ་70ཡི་རིང་ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་། རྒྱལ་ཡོངས་ཀྱི་རོགས་སྐྱོར། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཐུན་མོང་འབད་འཐབ་བཅས་ཀྱི་འོག་རང་ལྗོངས་ཀྱི་དཔལ་འབྱོར་སྤྱི་འབོར་རྒྱུན་མཐུད་ངང་སྐས་རིམ་གསར་པར་སླེབས་པ་དང་། དཔལ་འབྱོར་གྲུབ་ཆ་ལེགས་སྒྲིག་གསར་པ་བྱུང་བ། སྒྱུར་བཅོས་དང་འཕེལ་རྒྱས་ལ་ཚད་བརྒལ་གསར་པ་བྱུང་བ། སྤུས་ཚད་དང་ཕན་འབྲས་མངོན་གསལ་དོད་པོས་ཆེ་རུ་སོང་བ། མང་ཚོགས་ཀྱི་བདེ་རྩ་རྒྱུན་མཐུད་ངང་ཆེ་རུ་ཕྱིན་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གཡུར་ཟའི་འབྲས་བུ་ཐོབ་པ་བཅས་བྱུང་ཡོད།

    ཉེ་དུས་རྒྱལ་ལམ་109རྒྱུད་ཀྱི་ནག་ཆུ་ནས་ལྷ་ས་བར་གྱི་ཚོད་འཛིན་རང་བཞིན་གྱི་ལས་གྲྭ་འཛུགས་སྐྲུན་ལ་སྐུལ་འདེད་བརྟན་པོ་གཏོང་བཞིན་ཡོད། ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་ལྷོ་མ་གྲོང་རྡལ་ཧ་རྭ་གྲོང་ཚོའི་གྲོང་མི་འོད་སྐྱིད་ཀྱི་ཁྱིམ་གཞུང་ལམ་གྱི་འགྲམ་དུ་གནས་ཡོད། ལོ་གཉིས་ལྷག་ཙམ་གོང་གྲོང་ཚོས་དབུལ་སྐྱོར་རླངས་འཁོར་རུ་ཁག་བཙུགས་ཏེ་ཨར་ལས་ནང་ཞུགས་པ་རེད། འོད་སྐྱིད་ཀྱང་རླངས་འཁོར་རུ་ཁག་གི་ཁོངས་མི་ཞིག་རེད།

    “མྱུར་བགྲོད་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་རྗེས། ལྷ་ས་བར་ཆུ་ཚོད་3ཙམ་ལས་འགོར་གྱི་མེད། སྐབས་དེ་དུས་རླངས་འཁོར་བཏང་ནས་སོང་ན་ཧ་ཅང་སྟབས་བདེ་པོ་ཡོད”ཅེས་འོད་སྐྱིད་ཀྱིས་ཡིད་སྨོན་ཆེན་པོས་བརྗོད།

    མངའ་རིས་ས་ཁུལ་རུ་ཐོག་རྫོང་ཐག་རིང་ལུང་ཁུག་ཏུ་གནས་ཤིང་། ཕུན་ཚོགས་ཚེ་རིང་ནི་རྫོང་དེའི་ཞིང་འབྲོག་ཐོན་རྫས་གསར་སྤེལ་ཀུང་སི་ཞིག་གི་ལས་མི་ཡིན་པ་དང་དུས་རྒྱུན་མ་བཅོས་རྒྱུ་ཆ་བསྡུ་ཉོ་དང་ཐོན་རྫས་ཕྱིར་འཚོང་གི་འགན་འཁུར་གྱི་ཡོད། ཁོང་གིས“རྫོང་གི་ས་ཐག་རིང་ཤོས་སུའང་ད་ཆ་གཞུང་ལམ་བསྐྲུན་ཡོད། གཞུང་ལམ་དེ་དག་མང་ཚོགས་འབབ་འཕར་ཡོང་བའི་འབྱོར་འབྲིང་ལམ་བུ་རེད”ཅེས་བརྗོད།

    ཞིང་འབྲོག་ཁུལ་དུ་དཔལ་འབྱོར་འཕེལ་རྒྱས་ཆེན་པོ་བྱུང་བ་དང་ཞིང་འབྲོག་པའི་འཚོ་བ་ཉིན་རེ་ལས་མ་འདས་པར་ལེགས་སུ་སོང་བ་ལས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཕྱིན་པ་ར་སྤྲོད་གང་ལེགས་བྱས་ཡོད།

    བསྡོམས་རྩིས་བྱས་པའི་གྲངས་གཞི་ལས་མངོན་གསལ། 1951ལོར་ལྗོངས་ཡོངས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་1.29ལས་མེད་པ་དང་། 2020ལོར་སླེབས་སྐབས་ལྗོངས་ཡོངས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་1900ལྷག་ཟིན་ནས་དཔལ་འབྱོར་གྱི་སྟོབས་ཤུགས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ་དང་དཔལ་འབྱོར་གྱི་གྲུབ་ཆ་རྒྱུན་མཐུད་ལེགས་སུ་སོང་ཡོད། 2020ལོར་ལྗོངས་ཡོངས་ཀྱི་སྤྱི་ཚོགས་འཛད་སྤྱོད་དངོས་ཟོག་སིལ་ཚོང་སྒོར་དུང་ཕྱུར་745.78ཟིན་པ་དེ་1959ལོ་ལས་ལྡབ་2192འཕར་ཡོད།

    ད་ཆ་ལྗོངས་ཡོངས་ཀྱི་གཞུང་ཁོངས་དང་དམངས་གཉེར་གྱི་དཔལ་འབྱོར་སྒྲིག་གཞི་སྣ་ཚོགས་མཉམ་དུ་གོང་འཕེལ་བྱུང་བ་དང་། རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་སོང་བ། ཐོན་ལས་སྣ་ཁ་ཕུན་སུམ་ཚོགས་སུ་སོང་བ། ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་ཀྱི་གྲུབ་ཆ་སྔར་བས་ལེགས་སུ་སོང་ཡོད།

    བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་མགྱོགས་མྱུར་དང་སྐྱོན་བྲལ་ངང་རྒྱུན་མཐུད་འཕེལ་རྒྱས་སོང་བ་དེ་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་རྒྱལ་ཡོངས་མི་དམངས་ཀྱི་ཤུགས་ཆེའི་རྒྱབ་སྐྱོར་དང་ཁ་འབྲལ་ཐབས་མེད།

    བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70སོང་རིང་། ཏང་ཀྲུང་དབྱང་གིས་བོད་ལ་དམིགས་བསལ་གྱི་གཟིགས་སྐྱོང་སྲིད་ཇུས་མང་པོ་བཟོས་གནང་བ་དེ་དག་ནོར་ཁྲལ་དངུལ་རྩ་དང་། རྨང་གཞིའི་སྒྲིག་བཀོད། ཐོན་ལས་འཕེལ་རྒྱས། སློབ་གསོ་འཕྲོད་བསྟེན། རིག་གནས་སྲུང་སྐྱོང་། སྐྱེ་ཁམས་ཤེས་དཔལ་སོགས་ཁྱབ་ཁོངས་ཁག་དང་འབྲེལ་བ་ཡོད། ཀྲུང་དབྱང་ནོར་སྲིད་ཀྱིས་བོད་ལ་གཏོང་སྤྲོད་སྤོ་སྒྱུར་བྱེད་ཤུགས་ལོ་རེ་བཞིན་ཆེ་རུ་བཏང་ནས་དུས་སྐབས་མི་འདྲ་བར་བོད་ཀྱི་ཡུན་རིང་འཕེལ་རྒྱས་དང་མི་དམངས་ཀྱི་འཚོ་བ་དང་འབྲེལ་བ་ཡོད་པའི་ལས་གྲྭ་དང་རྣམ་གྲངས་གལ་ཆེན་འབོར་ཆེན་ཞིག་གཅིག་རྗེས་གཉིས་མཐུད་ངང་བཀོད་སྒྲིག་བྱས་ཏེ་བོད་ཀྱི་མི་དམངས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་ཤུགས་ཆེན་བཏང་བས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཟམ་མི་ཆད་པར་ཟབ་ཏུ་ཕྱིན་ཡོད།

    འདས་ཟིན་པའི་འབད་འཐབ་ཀྱི་ལམ་བུར་ཕྱིར་ལྟ་བྱེད་པ་དང་མདུན་སྐྱོད་ཀྱི་འབད་འབུངས་ལམ་བུར་རྒྱང་ལྟ་བྱེད་སྐབས་ཏང་གི་འོད་ཟེར་མཐའ་མཚམས་ཕྱོགས་སུ་འཕྲོས་པ་དང་མཐའ་མཚམས་མི་དམངས་ཀྱི་སེམས་པ་ཏང་ལ་ཕྱོགས་ཡོད།

    དུས་རབས་གསར་པར་འབད་འབུངས་དང་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་བསྐྱོད་རྗེས། བོད་ཀྱི་འཕེལ་རྒྱས་ཀྱི་རྨང་གཞི་དེ་བས་སྲ་བརྟན་དང་། འཕེལ་རྒྱས་ཀྱི་གོ་སྐབས་དེ་བས་ལེགས་པ། འཕེལ་རྒྱས་ཀྱི་གཏིང་ཤུགས་དེ་བས་ཆེ་བ་བཅས་ཡོང་བར་ང་ཚོར་ཡིད་ཆེས་ཀྱིས་ཁེངས་ཡོད།

    བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་ལེན་བསྟར་ཏེ་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གང་མགྱོགས་བཏང་ཚེ། ང་ཚོས་དུས་རབས་གསར་པའི་བོད་ཀྱི་འཕེལ་རྒྱས་ཀྱི་ལེའུ་གསར་པ་རྩོམ་ཐུབ་ངེས་ཡིན་ལ། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་འབྱུང་འགྱུར་ཡང་དེ་བས་མཛེས་སྡུག་ལྡན་པ་ཞིག་ཡོང་ངེས་ཡིན་པ་ང་ཚོར་ཡིད་ཆེས་བརྟན་པོ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།