དབུ་ཤོག>ཆེད་སྒྲིག
  • ​ཀྲུང་གོ་གུང་ཁྲན་ཏང་མིས“འཛམ་གླིང་ཡང་རྩེར”འབད་འཐབ་བྱས་པའི་སྐོར་གྱི་གཏམ་རྒྱུད། (སྨད་ཆ)

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2021-07-29

    གུང་ཁྲན་ཏང་ཡོན་གྱིས་བརྩེ་སེམས་བཅངས་པའི་ཚད་གཞི་མཐོ་ཤོས་ནི་མི་དམངས་ལ་དགའ་ཞེན་བྱེད་པ་དེ་རེད།

    “ལོ་འདི་དག་རིང་ཁྱེད་རང་གཅིག་པུས་ཕྲུ་གུ་དང་རྒན་རྒོན་ལ་ལྟ་སྐྱོང་བྱས་པས་དཀའ་ལས་ཁག་སོང་། ངས་ཁྱེད་ཚོར་དགོངས་པ་མ་ཚོམ་ཞུ་རྒྱུ་ཡིན། རྗེས་སུའང་ཁྱེད་ཚོར་ཁ་གསབ་བྱེད་པའི་གོ་སྐབས་བྱུང་མ་སོང……”

    འདི་ནི་ཁྱོ་ག་ཞིག་གིས་ཆུང་མར་བྲིས་པའི་ཡི་གེ་སྟེ། གཏམ་རྒྱུད་ཀྱི་མི་སྣ་གཙོ་བོ་ནི་ཝང་ཀྲེན་ཁྲེང་ཡིན་ཞིང་། 1959ལོར་རྒྱལ་ཁབ་ཀྱི་འབོད་སྐུལ་དང་ལེན་བྱས་ཏེ་ཧྲན་ཐོའུ་འགག་སྒོ་ནས་བོད་དུ་ལས་དོན་སྒྲུབ་པར་ཡོང་། ནང་མིར་འཕྲིན་ཡིག་འདི་མ་བསྐུར་གོང་ཝང་ཀྲེན་ཁྲེང་འཁོར་འཛོལ་ཐོན་ནས་རྐྱེན་ལམ་དུ་ཤོར་བ་དང་སྐབས་དེ་དུས་གཞི་ནས་ལོ་29རེད།

    འཕྲིན་ཡིག་ནང་གི་ཡིག་འབྲུ་རེ་རེ་ལས་ཝང་ཀྲེན་ཁྲེང་གི་སྐྱོ་གདུང་དང་འཕྲེང་སེམས་ཚོར་ཐུབ་ལ། དེ་ནི་ཏང་ཡོན་ལས་བྱེད་པ་ཁག་གཅིག་ཕ་ཡུལ་དང་གཉེན་ཉེ་ལས་གྱེས་ནས་བོད་དུ་འབད་འབུངས་ལྷོད་མེད་བྱེད་པའི་དངོས་བྲིས་ཤིག་ཀྱང་རེད།

    གུང་ཁྲན་ཏང་ཡོན་གྱི་འགན་འཁྲི་ལས་ཁོང་གིས་དཀའ་ཚེགས་ཁྲོད་ལྡོག་མེད་ཀྱི་གདམ་ག་བྱས་པ་དེ་ནི་སྤྱི་ཡོངས་ལ་བསྟུན་ནས་མི་སྒེར་དང་ཁྱིམ་ཚང་གི་ཁེ་ཕན་བློས་གཏོང་དང་ནང་མིར་བཅངས་པའི་བརྩེ་སེམས་དེ་རྒྱལ་ཁབ་དང་། མི་རིགས། མི་དམངས་བཅས་ལ་འཆང་རྒྱུ་དེ་རེད།

    ཁུང་ཧྥན་སེན་ནི་འགོ་ཁྲིད་ལས་བྱེད་པའི་མིག་དཔེ་རེད། ཁོང་འཚོ་བཞུགས་སྐབས་བོད་སྐྱོར་ཐེངས་གཉིས་བྱས་རྗེས་བོད་དུ་བཞུགས་ནས་ལས་དོན་བསྒྲུབས། “དེ་ནི་དཀའ་ངལ་ཆེན་པོ་ཁྱད་བསད་བྱས་པ་ཞིག་ཡིན། སྐབས་དེ་དུས་ཁོང་གི་ཨ་མ་ལོ་ན་མཐོ་པོ་ཡིན་པ་དང་། བཟའ་ཟླའི་གཟུགས་པོ་ཡང་ཡག་པོ་མེད་པའི་ཁར་ཕྲུ་གུ་གསུམ་པོ་ཡང་ཆུང་ཆུང་ཡིན་པ་རེད” བློ་མཐུན་ཁུང་ཧྥན་སེན་གྱི་དྲན་གསོ་ཁང་གི་ཀོན་ཀྲང་ཀའོ་ཧྲན་གྱིས“གུང་ཁྲན་ཏང་ཡོན་གྱི་ཏང་གཤིས་དེ་ཐོག་མར་ཏང་རྩ་འཛུགས་ཀྱི་བཀོད་སྒྲིག་དང་ལེན་ཞུས་ཏེ་མི་དམངས་ཀྱི་དགོས་མཁོ་ཆེ་སར་ཕྱིན་ནས་ལས་དོན་སྒྲུབ་པའི་ཐད་ནས་མངོན་དགོས”ཞེས་བཤད།

    ཁུང་ཧྥན་སེན་གྱི་སྙིང་སྟོབས་ལ་སློབ་སྦྱོང་དང་ཁུང་ཧྥན་སེན་ལྟ་བུའི་ལས་བྱེད་པ་ཡག་པོ་ཞིག་བྱེད་པ་ནི་བོད་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ཚོས་ཏང་གཤིས་ཀྱི་དད་སེམས་ཆེ་རུ་གཏོང་བའི་དོན་གཉེར་བྱེད་ས་དེ་རེད། ཁུང་ཧྥན་སེན་གྱི“གུང་ཁྲན་ཏང་ཡོན་གྱིས་བརྩེ་སེམས་བཅངས་པའི་ཚད་གཞི་མཐོ་ཤོས་ནི་མི་དམངས་ལ་དགའ་ཞེན་བྱེད་པ་དེ་རེད”ཅེས་པ་ནི་བོད་ཀྱི་ཏང་ཡོན་ལས་བྱེད་པའི་ཐུན་མོང་གི་བསམ་པའི་རྒྱུ་ནོར་དུ་གྱུར་ཡོད། 

    རྒན་ཡོལ་ཞུས་ནས་ལོ་10ལྷག་ཙམ་སོང་ཡང་ཧུད་རིགས་ལས་བྱེད་པ་ཝང་ཧུའེ་ཧྲེང་གི་སྐོར་མངའ་རིས་ཁུལ་དུ་མི་མང་པོས་སྔར་བཞིན་གླེང་གི་ཡོད།

    1950ལོར་སྐྱེས་པའི་ཝང་ཧུའེ་ཧྲེང་ལོ་18ལ་སླེབས་དུས་པེ་ཅིང་གི་གཞོན་ནུ་ཤེས་ཡོན་ཅན་ཡིན་པའི་ངོས་ནས་རང་མོས་ངང་མཐའ་མཚམས་རོགས་སྐྱོར་ནང་ཞུགས་ནས་པའེ་ཏ་ཧོང་དུ་ལས་དོན་སྒྲུབ་པར་བསྐྱོད། 1981ལོར་ཁོང་གིས་རྩ་འཛུགས་ལ་ས་ཐག་རིང་ཞིང་དཀའ་ཚེགས་ཆེ་བའི་མངའ་རིས་ས་ཁུལ་དུ་ལས་དོན་སྒྲུབ་པར་འགྲོ་རྒྱུའི་རེ་ཞུ་བྱས་ནས་ས་གནས་དེ་གར་རྒན་ཡོལ་མ་ཞུས་བར་གྱི་ལོ་30རིང་ལེགས་སྐྱེས་ཕུལ་ཏེ་བྱ་སྤྱོད་དངོས་ལ་བརྟེན་ནས་ཏང་ཞུགས་དམ་བཅའ་ལག་ལེན་བསྟར་ཡོད།

    ལས་བྱེད་པ་དང་མང་ཚོགས་མང་པོ་ཞིག་གིས་གསར་འགོད་པར་ཝང་ཧུའེ་ཧྲེང་ཕྱིར་གཞུང་དོན་དུ་འགྲོ་དུས་རྟག་པར་དུས་གཏན་རླངས་འཁོར་ནང་སྡོད་ཀྱི་ཡོད་ལ། ནང་མི་ལས་ཁུངས་ཀྱི་རླངས་འཁོར་ལ་ཞོར་དུ་སྡོད་དུ་འཇུག་གི་མེད། ཁོང་གི་བཟའ་ཟླ་བོད་དུ་སླེབས་རྗེས་ལས་ཀ་ཞིག་འཚོལ་བ་ནི་ལས་སླ་པོ་ཞིག་ཡིན་ཡང་ཁོང་གིས་བཀོད་སྒྲིག་མ་བྱས་པས་མཐར་བཟའ་ཟླས་ཐེར་ཆུང་ནང་སྔོ་ཚལ་ལོ་བཅུ་གྲངས་བཙོངས་པ་རེད། ལས་ཁུངས་ནས་ཁོང་ལ་ས་ཁུལ་རིམ་པ་གཞོན་པའི་ཐོབ་ཐང་ལྟར་སྡོད་ཁང་ཞིག་བཀོད་སྒྲིག་བྱས་ཀྱང་དང་ལེན་མ་བྱས་པར་དེ་སྔའི་སྡོད་ཁང་རྙིང་པ་དེ་རང་དུ་སྡོད་ཀྱི་ཡོད།

    མངའ་རིས་སུ་ཁུང་ཧྥན་སེན་ནི་མི་གཅིག་མིན་པར་སྲ་ཞིང་བརྟན་པའི་མཉམ་སྡེབ་ཅིག་རེད།

    ལི་ཧྥེང་ནི་ཧྲའན་ཤིས་ཞིང་ཆེན་གྱི་བོད་སྐྱོར་སྨན་པ་ཞིག་ཡིན་ཞིང་། 2019ལོར་བོད་སྐྱོར་ལ་འགྲོ་རྩིས་བྱེད་སྐབས་ནང་མི་དང་གྲོགས་པོ་ཚོས་བོད་སྐྱོར་བྱ་ཡུལ་དེའི་ས་བབ་མཐོ་བ་དང་། དཀའ་ཚེགས་ཆེ་ལ་ལམ་ཐག་ཀྱང་རིང་པོ་ཡོད་པས་མི་འགྲོ་རྒྱུའི་ཞུ་བ་འཐེན་ཡང་། “བོད་སྐྱོར་ནི་ཆབ་སྲིད་ཀྱི་ལས་འགན་ཞིག་ཡིན་པས་ནང་མི་ཚོར་སློབ་གསོ་བརྒྱབ་མཐར་རྒྱབ་སྐྱོར་བྱས་བྱུང”སྐབས་དེ་དུས་ཀྱི་གདམ་གར་ལི་ཧྥེང་འགྱོད་པ་སྤུ་ཙམ་ཡང་སྐྱེ་ཡི་མེད།

    2020ལོའི་ཟླ་6ཚེས་19ཉིན་གྱི་མཚན་མོ་ཛ་དྲག་གི་ཁ་པར་འབྱོར་ནས་ལི་ཧྥེང་འཕྲལ་མར་སྒར་རྫོང་མི་དམངས་སྨན་ཁང་དུ་ཡོང་དགོས་ལུགས་བཤད། སྨན་ཁང་དུ་སླེབས་རྗེས་ས་ཁུལ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་ཧྲུའུ་ཅིས་ཁོང་ལ“ཁྱེད་རང་གུང་ཁྲན་ཏང་ཡོན་ཡིན་ནམ། ད་ཆ་མཐའ་མཚམས་སུ་ཕྱི་བཅོས་ཚན་ཁག་གི་སྨན་པ་དགོས་ཀྱི་ཡོད་པས། ཁྱེད་རང་འགྲོ་འདོད་ཡོད་དམ”ཞེས་དྲིས། ཏང་ལོ་ལོ10ལྷག་ཙམ་ཡོད་པའི་སྨན་པ་ལི་ཧྥེང་འཕྲལ་མར་མཐའ་མཚམས་སུ་བསྐྱོད་པ་རེད། དེ་རྗེས་ཀྱི་ཟླ་ཕྱེད་ལྷག་ཙམ་རིང་ལི་ཧྥེང་གིས་མཐའ་མཚམས་སུ་མཐའ་སྲུང་འཐབ་འཛིང་པར་སྐོར་སྐྱོད་སྨན་བཅོས་བྱས་པ་རེད།

    གུང་ཁྲན་ཏང་ཡོན་ནི་དཀའ་ངལ་སེལ་ཆེད་ལས་དོན་སྒྲུབ་པ་དང་འཐབ་རྩོད་བྱེད་པར་སྐྱོད་མཁན་ཞིག་ཡིན་པས་དཀའ་ཚེགས་ཆེ་སར་དེ་བས་སྐྱོད་དགོས།

    ས་བབ་མཐོ་ཚད་སྨི་4800ཟིན་པའི་ནག་ཆུ་གྲོང་ཁྱེར་ཉི་མ་རྫོང་ནི་བོད་ལྗོངས་ཀྱི་དཀའ་ཚེགས་ཆེ་ཤོས་རྫོང་གི་གྲས་ཤིག་རེད། 2019ལོའི་ཟླ་7པར་ཀྲུང་གོ་རྒྱ་མཚོ་རྡོ་སྣུམ་གྱི་བོད་སྐྱོར་ལས་བྱེད་པ་ཧྥུའུ་ཞའོ་ཡུས་ཉི་མ་རྫོང་དུ་ཡོང་ནས་ས་གནས་དེ་གའི་རྗེས་ལུས་ཀྱི་སློབ་ཁྲིད་སྒྲིག་བཀོད་མཐོང་རྗེས“སློབ་གྲྭར་འགྱུར་ལྡོག་གཏོང་རྒྱུའི”སེམས་ཐག་བཅད་པ་རེད། ད་ཆ། རྣམ་པ་གསར་རྐྱང་དུ་གྱུར་པའི་ཉི་མ་རྫོང་ཆ་ཚང་སློབ་ཆུང་དགེ་སློབ་ཡོངས་ཀྱི་མིག་མདུན་དུ་མངོན་ཡོད།

    གཅིག་རྗེས་གཉིས་མཐུད་དང་དཀའ་བར་མ་འཛེམས་པར་མདུན་དུ་སྐྱོད། བོད་རང་སྐྱོང་ལྗོངས་རྩིས་བཤེར་ཐིང་གི་དེ་སྔའི་གྲོང་སྡོད་ལས་བྱེད་པ་ངག་དབང་སྒྲོལ་དཀར་མ་གྲོངས་གོང་མལ་གྲོ་གུང་དཀར་རྫོང་རྩ་ཞོལ་ཤང་སོགས་སུ་གྲོང་སྡོད་བྱེད་མྱོང་། མ་གཞི་གྲོང་སྡོད་ལས་དོན་ནི་ལོ་གཅིག་ལ་བརྗེ་རེས་ཐེངས་རེ་བྱེད་ཀྱི་ཡོད་མོད། འོན་ཀྱང་ཁོང་གིས་གཞི་རིམ་དུ་ལོ་4བསྟུད་མར་ལས་དོན་བསྒྲུབས་པས་མཐར་གྲོང་སྡོད་ཀྱི་འཐབ་ས་དང་པོར་གྲོངས་པ་རེད། ད་ཆ་གྲོང་སྡོད་ལས་བྱེད་པ་ཁག་བཅུ་བརྗེ་པོ་བརྒྱབ་ཟིན་ཡོད།

    གྲངས་གཞི་ལས་མངོན་གསལ། རང་ལྗོངས་སུ་མིག་སྔར་ཏང་ཡོན་བསྡོམས་ཁྲི་42.6ཡོད་པ་དེ་དག་གིས་ལས་གནས་མི་འདྲ་བའི་སྟེང་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་བཏོན་ནས་ས་མཐོའི་མི་དམངས་ཀྱིས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པར་སྣེ་ཁྲིད་དེ་འབད་འབུངས་མདུན་སྐྱོད་བྱེད་བཞིན་ཡོད།

    གངས་ལྗོངས་ས་མཐོའི་ལྟ་ན་སྡུག་པའི་མཛེས་ལྗོངས་ལས་མི་རྣམས་ཀྱི་སེམས་བག་ཡངས་སུ་ཕྱིན་ཡོད་ལ། གུང་ཁྲན་ཏང་མིའི་ལྕགས་དང་ངར་ལྕགས་ལྟ་བུའི་སྙིང་སྟོབས་དང་བླ་ན་མེད་པའི་ཀུན་སྤྱོད་ལས་ས་མཐོར་དུས་རབས་ཀྱི་གཟི་བརྗིད་རབ་ཏུ་འཕྲོ་བར་བྱས་ཡོད།  (ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་7ཚེས་19ཉིན་གློག་འཕྲིན་འབྱོར་པ་གཞིར་བཟུང)

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།