གཟི་བརྗིད་དང་ཕུགས་བསམ་ལ་བརྟེན་ནས་གངས་ལྗོངས་ས་མཐོས་ངོ་མཚར་གཏམ་རྒྱུད་བརྩམས། འཛུགས་སྐྲུན་པ་ཁྲི་13ལྷག་ཙམ་གྱིས་ལོ་5ཡི་རིང་དཀའ་སྤྱད་འབད་འཐབ་བྱས་ཏེ་ས་མཐོར་གསོ་རླུང་དཀོན་པ་དང་། ལོ་མང་འཁྱགས་ས་ཡིན་པ། ཁོར་ཡུག་སྲུང་སྐྱོང་གི་འཛམ་གླིང་རང་བཞིན་གྱི་གནད་དོན་བཅས་དཀའ་གནད་ཆེན་པོ་གསུམ་ཁྱད་བསད་བྱས་པས། 2006ལོའི་ཟླ་7ཚེས་1ཉིན། འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་མཚོ་བོད་ལྕགས་ལམ་གྱི་ལམ་ཐིག་ཧྲིལ་པོར་མེ་འཁོར་ཤར་གཏོང་ཐུབ་ནས་ལྕགས་ལམ་གྱི་ལམ་ཐིག་རིང་ཤོས་དང་། ས་བབ་མཐོ་ཤོས། མྱུར་ཚད་མགྱོགས་ཤོས། ཁོར་ཡུག་ཆ་རྐྱེན་སྐྱོ་ཤོས་སོགས་འཛམ་གླིང་གི་ཨང་དང་པོ་མང་པོའི་ལོ་རྒྱུས་ཀྱི་ཟིན་ཐོ་བཏོད་པ་རེད།
ས་མཐོའི་ལམ་དྲའི་འགྲིམ་འགྲུལ་གྱི་རྣམ་པ་གསར་པ་བཏོད་པ།
2021ལོ་ནི་མཚོ་བོད་ལྕགས་ལམ་ཤར་གཏོང་ཐུབ་ནས་ལོ་15སོང་བའི་ལོ་ཞིག་རེད་ལ། མཚོ་བོད་ས་མཐོའི་ལྕགས་ལམ་མགྱོགས་མྱུར་འཕེལ་རྒྱས་ཕྱིན་པའི་ལོ་15ཡང་རེད།
2014ལོར་ལྷ་གཞིས་ལྕགས་ལམ་དུ་མེ་འཁོར་ཤར་གཏོང་ཐུབ་ནས་བོད་ཀྱི་ལྷོ་ནུབ་ས་ཁུལ་དུ་གཞུང་ལམ་ཁོ་ནར་བརྟེན་ནས་སྐྱེལ་འདྲེན་བྱེད་པའི་རྣམ་པར་རྦད་དེ་འགྱུར་ལྡོག་ཕྱིན་ཏེ། ལྷ་ས་ནས་གཞིས་རྩེ་བར་གཞུང་ལམ་སྐྱེལ་འདྲེན་བྱེད་སྐབས་ཆུ་ཚོད་6འགོར་བ་ནས་ལྕགས་ལམ་སྐྱེལ་འདྲེན་བྱེད་སྐབས་ཆུ་ཚོད་2དང་སྐར་མ་47བར་ཐུང་དུ་ཕྱིན་པས། གཞིས་རྩེ་གྲོང་ཁྱེར་གྱི་མི་རིགས་ཁག་གི་མི་དམངས་ཚོས་ལོ་མང་རེ་སྒུག་བྱས་པའི“ལྕགས་ལམ་གྱི་ཕུགས་འདུན”མངོན་འགྱུར་བྱུང་བ་རེད། 2021ལོའི་ཟླ་6པའི་ཟླ་མཇུག་བར། ལྷ་གཞིས་ལྕགས་ལམ་དུ་འགྲུལ་པ་མི་ཐེངས་ཁྲི་832.8སྐྱེལ་འདྲེན་དང་དངོས་ཟོག་ཏུན་ཁྲི་11.49དབོར་འདྲེན་བྱས་ཡོད།
འདི་ལོའི་ཟླ་6ཚེས་25ཉིན། ལྷ་ཉིང་ལྕགས་ལམ་དུ་མེ་འཁོར་ཤར་གཏོང་ཐུབ་པ་དང་བསྐྱར་དར་རྟགས་ཅན་གྱི་ས་མཐོའི་གློག་རླངས་ཤུགས་འགྲེམས་མེ་འཁོར་དུས་མཉམ་དུ་གཉེར་སྐྱོང་བྱེད་འགོ་ཚུགས་ཏེ་མཚོ་བོད་ས་མཐོར་ཐོག་མར་བཏང་བས། བསྐྱར་དར་རྟགས་ཅན་ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་31ལ་ལོ་རྒྱུས་རང་བཞིན་གྱི་སྒོ་ནས་ཡོངས་ཁྱབ་བྱུང་ཡོད།
བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་གྲུབ་འབྲས་གསར་པ་བཏོད་པ།
མཚོ་བོད་ལྕགས་ལམ་ཤར་གཏོང་ཐུབ་སྟེ་བོད་ནས་དབོར་འདྲེན་བྱེད་པའི་དངོས་ཟོག་ཧ་ཅང་མང་དུ་ཕྱིན་པས། མཚོ་སྔོན་དང་བོད་དུ་ལག་བསྟར་བྱེད་པའི“ཕྱོགས་ཡོངས་སྒོ་དབྱེའི་འཐབ་ཇུས་བཀོད་སྒྲིག”ཐད་སྒུལ་ཤུགས་དང་འདེགས་སྐྱོར་ནུས་ལྡན་བྱས་ཡོད།
ད་ཆ་ཁེ་ལས་དེ་བས་མང་བས་མཚོ་བོད་ལྕགས་ལམ་གྱི་སྐྱེལ་འདྲེན་བྱེད་ཤུགས་ཆེ་བ་དང་མ་གནས་དམའ་བའི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ་ས་གནས་ཁག་གི་ཚོང་ཟོག་མཚོ་བོད་ས་མཐོར་དབོར་འདྲེན་བྱས་པ་དང་། ས་མཐོའི་ཁྱད་ལྡན་དངོས་ཟོག་རྒྱལ་ཡོངས་དང་ཐ་ན་འཛམ་གླིང་དུ་ཁྱབ་པར་བྱས་ཡོད། དེས་མཚོ་བོད་ས་མཐོའི་མི་རིགས་ཁག་གི་མི་དམངས་ཀྱི་དངོས་པོ་དང་བསམ་པའི་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་སོང་ཡོད་ལ། མི་རིགས་མཐུན་སྒྲིལ་དང་རིག་གནས་སྣ་མང་མཉམ་འདྲེས་འཕེལ་རྒྱས་ལ་ཡང་སྐུལ་འདེད་བཏང་ཡོད།
2021ལོའི་ཟླ་6པའི་ཟླ་མཇུག་བར། མཚོ་བོད་ཚོགས་པ་ཀུང་སིས་རིམ་རྩིས་བྱས་ན་དངོས་ཟོག་ཏུན་དུང་ཕྱུར་6.9དབོར་བ་དང་། དངོས་ཟོག་དབོར་འདྲེན་བྱེད་ཚད་2006ལོའི་ཏུན་ཁྲི་2491ནས་2020ལོའི་ཏུན་ཁྲི་5019.8བར་འཕར་བ་ལས་རིམ་རྩིས་བྱས་ན་བོད་ནས་དངོས་ཟོག་དབོར་འདྲེན་བྱེད་ཚད་ཏུན་ཁྲི་6834.71ཟིན་ཡོད།
2021ལོའི་ཟླ་6པའི་ཟླ་མཇུག་བར། མཚོ་བོད་ཚོགས་པ་ཀུང་སིས་རིམ་རྩིས་བྱས་ན་འགྲུལ་པ་མི་ཐེངས་དུང་ཕྱུར་2.67སྐྱེལ་འདྲེན་བྱས་པ་ལས་བོད་ནས་འགྲུལ་པ་མི་ཐེངས་ཁྲི་2963.27སྐྱེལ་འདྲེན་བྱས་ཡོད།
སྐྱེ་ཁམས་སྲུང་སྐྱོང་གི་ལྗང་མདོག“མཁའ་ལམ”ཤར་གཏོང་བྱས་པ།
མཚོ་བོད་ལྕགས་ལམ་ཁུ་ཁུ་ཤིས་རི་དང་། གཙང་གསུམ་ཆུ་འགོ བྱང་ཐང་སོགས་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་བརྒྱུད་དགོས་ལ། “འཛམ་གླིང་ཡང་རྩེར”ཡང་གནས་ཡོད་པས་སྐྱེ་ཁམས་ཁོར་ཡུག་ཉམས་ཞན་ཡིན་སྟབས། མཚོ་བོད་ལྕགས་ལམ་གྱི་ཇུས་འགོད་དང་འཛུགས་སྐྲུན་ནས་གཉེར་སྐྱོང་དང་བདག་སྐྱོང་བར་ཐོག་མཐའ་བར་གསུམ་དུ“ཁོར་ཡུག་སྲུང་སྐྱོང་སྔོན་བསྟར”གྱི་འདུ་ཤེས་རྒྱུན་འཁྱོངས་བྱེད་བཞིན་ཡོད།
གཙོད་སོགས་རི་སྐྱེས་སྲོག་ཆགས་ཀྱི་འཚོ་སྡོད་ཁོར་ཡུག་སྲུང་སྐྱོང་བྱ་ཆེད། ལྕགས་ལམ་གྱི་ལམ་ཐིག་ཧྲིལ་པོར་རི་སྐྱེས་སྲོག་ཆགས་ཀྱི་ཆེད་སྤྱོད་འགྲོ་ལམ་33བཟོས་པ་དང་། འདམ་ར་སྲུང་སྐྱོང་བྱ་ཆེད་ས་བབ་མཐོ་ལ་གྲང་ངར་ཆེ་ཁུལ་དུ་འཛམ་གླིང་གི་མིས་བཟོས་འདམ་ར་ཐོག་མ་དེ་བསྐྲུན་པ། ལམ་རྒྱུད་ཀྱི་མཛེས་ལྗོངས་ལ་སྲུང་སྐྱོང་བྱ་ཆེད་ས་ངོས་དང་མེ་འཁོར་དུ་བཙོག་དངོས་འབུད་གཏོང་བྱས་པ། ལམ་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་ལེགས་སུ་གཏོང་ཆེད་ལེ་དབར་སྟོང་གི“ལྗང་མདོག་ཁྱམས་རིང”བཏོད་པ་བཅས་ཐུན་མོང་མ་ཡིན་པའི་ཁོར་ཡུག་སྲུང་སྐྱོང་གི་ཇུས་འགོད་དང་འཛུགས་སྐྲུན་གཉེར་སྐྱོང་གི་འདུ་ཤེས་དེ་དག་ལས་མཚོ་བོད་ལྕགས་ལམ་འདི་ཀྲུང་གོའི“ཁོར་ཡུག་སྲུང་སྐྱོང”གི་ལྕགས་ལམ་ཨང་དང་པོར་གྱུར་ཡོད།
ཞིབ་འཇུག་པས་མཚོ་བོད་ལྕགས་ལམ་ལམ་རྒྱུད་ཀྱི་རི་སྐྱེས་སྲོག་ཆགས་ཀྱི་འགྲོ་ལམ་དང་དེ་བཞིན་ཉེ་འཁོར་གྱི་རི་སྐྱེས་སྲོག་ཆགས་ཀྱི་འཚོ་གནས་གོམས་གཤིས་ལ་ཡུན་རིང་ལེ་ལག་ཚང་བའི་ལྟ་ཞིབ་ཚད་ལེན་དང་བརྟག་དཔྱད་བྱས་པ་བརྒྱུད། མཚོ་བོད་ལྕགས་ལམ་ཤར་གཏོང་བྱས་པའི་ལོ་15ཡི་རིང་། རི་སྐྱེས་སྲོག་ཆགས་ཀྱི་ཆེད་སྤྱོད་འགྲོ་ལམ་སྤྱོད་ཚད་2004ལོའི་56.6%ནས་2011ལོའི་རྗེས་ཀྱི་100%བར་རིམ་བཞིན་འཕར་ཡོད།
མཚོ་བོད་ལྕགས་ལམ་གྱི་ལམ་རྒྱུད་དུ་ཐང་རྒོད་མང་ཞིང་ཁྱབ་རྒྱ་ཆེ། ལྕགས་ལམ་འཛུགས་སྐྲུན་དང་གཉེར་སྐྱོང་བྱེད་རིང་ས་བབ་མཐོ་ཚད་སྨི་4700ཙམ་གྱི་ཀོ་ལུག་འདམ་རར་སྔོ་ཁེབས་སླར་གསོ་དང་བསྐྱར་འཛུགས་ཚོད་ལྟ་ཐོག་མར་ལེགས་གྲུབ་བྱུང་བ་མ་ཟད། མཐོ་གྲང་སྤང་ལྗོངས་སུ་མིས་བཟོས་འདམ་ར་བསྐྲུན་པའི་ཟིན་ཐོ་གསར་པ་བཏོད་ཡོད། ལྕགས་ལམ་ལམ་རྒྱུད་སྔོ་ལྗང་ཅན་དུ་འགྱུར་ཚད་སྤྱི་ལེ་805ཟིན་པ་དང་སྔོ་འགྱུར་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི་775ཟིན་པ་དེས་སྤྱིའི་ལམ་ཐག་གི་41%བཟུང་ཡོད།