འདི་ནི་ལོ་རྒྱུས་དེབ་ཐེར་དུ་བཀོད་པའི་རྒྱུགས་ལན་ཞིག་ཡིན་ཞིང་། བཙན་རྒྱལ་རིང་ལུགས་ཀྱི་ཕྱོགས་གཏོགས་བོད་ནས་མཐར་སྐྲོད་བཏང་བ་དང“བོད་རང་བཙན”གྱི་ལྐོག་གཡོ་ཐལ་བའི་རྡུལ་དུ་བརླགས་ནས་བོད་ཞི་བས་བཅིངས་འགྲོལ་བཏང་བ་དང་། བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་མེད་པར་བཟོས་ནས་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་བཙུགས་ཤིང་། “སའི་གོ་ལའི་སྣེ་གསུམ་པར”ལྕགས་ལམ་བསྐྲུན་ནས“འཛམ་གླིང་ཡང་རྩེར”“དུས་ཐུང་ལོ་བཅུ་གྲངས་ནང་ལོ་ངོ་སྟོང་གི་མཆོང་སྐྱོད་ཀྱི”མི་ཡུལ་གྱི་ངོ་མཚར་བཏོད་ཡོད།
འདི་ནི་གཅིག་ལ་གཅིག་འབྲེལ་གྱི་མི་སེམས་འགུལ་བའི་གཏམ་རྒྱུད་ཅིག་ཡིན་ཞིང་། དམག་སྡེ་བཅོ་བརྒྱད་པའི་ཅུན་ཀྲང་ཀྲང་གོ་ཧྭ་ཡིས་བུ་མོ་ཁྲིད་དེ་རྒྱང་སྐྱོད་ལ་ཞུགས་ནས་ལོ་གསུམ་ལ་སླེབས་པའི་བུ་མོ་ནན་ནན་ནི་དམག་དཔུང་བོད་དུ་བསྐྱོད་པའི་ལམ་བར་དུ་ཚེ་ལས་འདས་པའི“འཐབ་འཛིང་པ”དང་པོ་དེ་ཡིན་པ་དང་། ཁྲོན་བོད་གཞུང་ལམ་སྐྲུན་རིང་ཆ་སྙོམས་སྤྱི་ལེ་རེར་མི་གཅིག་ཚེ་ལས་འདས་པ། བོད་སྐྱོར་ཐེངས་གཉིས་བྱས་རྗེས་བོད་དུ་ལས་དོན་སྒྲུབ་ནས་བཞུགས་པའི་ཁུང་ཧྥན་སེན་གྱིས་ཚེ་སྲོག་གངས་ལྗོངས་ས་མཐོར་ཕུལ་བ། བོད་ལ་ཁ་གཏད་རོགས་སྐྱོར་བྱས་ཚུན་བོད་སྐྱོར་ལས་བྱེད་པ་16ཚེ་ལས་འདས་པ་དང་2020ལོ་ཁོ་ནར་བོད་དུ་ལས་གནས་ཐོག་ཚེ་ལས་འདས་པའི་གཞུང་ལས་པ་60ལྷག་ཙམ་ཟིན་པ་དེ་ཞི་བདེའི་དུས་སུ་ཚེ་ལས་འདས་མང་ཤོས་ཀྱི་ཚོགས་སྤྱིའི་གྲས་ཤིག་རེད།
བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70སོང་རིང་། ཀྲུང་གོ་གུང་ཁྲན་ཏང་མི་མི་རབས་ནས་མི་རབས་བར་གྱིས་རྒྱུན་གཏན་མིར་ཡོད་རིགས་དོར་བ་དང་རྒྱུན་གཏན་མིར་ལོངས་སུ་སྤྱོད་རྒྱུ་ཡོད་རིགས་དོར་ནས་གངས་ལྗོངས་ས་མཐོར་གཞི་ཚུགས་ཏེ་བློ་བརྟན་འགྱུར་མེད་ཀྱིས་དཀའ་སྤྱད་འབད་འཐབ་བྱས་ཡོད།
ཁོང་ཚོས་གསོ་རླུང་དཀོན་ཡང་སྙིང་སྟོབས་མི་ཉམས་པ་དང་། དཀའ་ཚེགས་ཆེ་ཡང་དཀའ་ངལ་ལ་མི་སྐྲག་པ། ས་བབ་མཐོ་ཡང་གོ་རྟོགས་དེ་བས་མཐོ་བ་བཅས་ལ་བརྟེན་ནས་གཟུགས་གཞི་ས་མཐོའི་ཁོར་ཡུག་ལ་འཕྲོད་པར་བྱས་པ་དང་བརྟན་སྲུང་ལ་བརྟེན་ནས་རྒྱལ་ཁབ་ལ་བཅངས་པའི་བརྩེ་བ་མངོན་པར་བྱས་ཏེ་བརྗིད་ཆགས་ས་མཐོར་བསམ་པའི་མཐོ་ས་བཏོད་ཡོད།
ཐོག་མའི་བསམ་འདུན་ལ་འགྱུར་བ་མེད་པར་འགན་འཁྲི་ཕྲག་ཏུ་ཁུར།
2015ལོའི་ཟླ་4ཚེས་25ཉིན། ནེ་པ་ལར་ས་ཡོམ་ཆེན་པོ་རིམ་པ་8.1བརྒྱབ་ནས་བོད་ལྗོངས་སྐྱིད་གྲོང་འགག་སྒོ་དེ“ཁེར་ཆགས་གླིང་ཕྲན”དུ་གྱུར། མི་སྣ་ཁག་བགོས་ཀྱིས་གནས་སྤོ་བྱས་ཏེ་མཐའ་མཚམས་ཞིབ་བཤེར་ས་ཚིགས་ལྟ་སྲུང་རུ་འབྲིང་བརྟན་སྲུང་བྱེད་མཁན་དཔོན་དམག་21དེ་གར་བསྡད་པའི་ཁྲོད་གུང་ཁྲན་ཏང་ཡོན་11ཡོད་པ་དང་། ཁོང་ཚོས་ཁ་ཆེམས་ཡི་གེ་བྲིས་ཏེ་དཔོག་དཀའ་བའི་གནས་ཚུལ་ཐོན་པའི་གྲ་སྒྲིག་བྱས།
“རྒྱལ་སྒོ་ནི་རྒྱལ་ཁབ་ཀྱི་མཚོན་རྟགས་ཡིན། རྒྱལ་ཁབ་ཀྱིས་འགག་སྒོ་ང་ཚོར་རྩིས་སྤྲད་པས་ང་ཚོས་བརྟན་པོར་སྲུང་དགོས”ཞེས་པ་དེ་ནི་གཞིས་སྲུང་དཔོན་དམག་ཚོའི་ཐུན་མོང་གི་བསམ་ཚུལ་རེད།
དཀའ་ཚེགས་དང་ཉེན་ཁའི་མདུན་དུ་གུང་ཁྲན་ཏང་མིས་འཆི་གསོན་རྒྱབ་བསྐྱུར་གྱིས་སྲ་ཞིང་བརྟན་པའི་གསར་བརྗེའི་སྙིང་སྟོབས་ལ་བརྟེན་ནས“འཛམ་གླིང་ཡང་རྩེའི”ཁོར་ཡུག་ཞན་པོ་དང་འཐབ་སྟེ་དཀའ་ངལ་རེ་རེ་བཞིན་སེལ་ཐབས་བྱས།
བོད་ཀྱི་མཁའ་རླུང་ཁྲོད་གསོ་རླུང་འདུས་ཚད་དེ་བདེ་ཐང་ཁུལ་གྱི་60%ཡས་མས་ལས་ཟིན་གྱི་མེད་པས་མི་མང་པོས“དཀའ་ཚེགས་ཆེ་བའི་ཁུལ”དུ་བརྩི་ཡི་ཡོད། བོད་རྙིང་པའི་སྐབས་ཀྱི་མངའ་རིས་ས་གནས་སྲིད་གཞུང་གིས་དམག་མི་གཅིག་ཀྱང་གཏོང་མི་དགོས་པར་ས་མཐོའི་གནམ་གཤིས་ཞན་པོ་ཁོ་ནས་བཅིངས་འགྲོལ་དམག་བྱང་ཐང་ས་མཐོར་ཤི་རྒྱུ་རེད་ཅེས་འུད་ཤོབ་བཤད་ཡོད།
འོན་ཀྱང་ས་མཐོའི་ཁོར་ཡུག་ཞན་པོ་ལས་གུང་ཁྲན་ཏང་མི་མི་རབས་ནས་མི་རབས་བར་བོད་ལ་ཡོང་བ་དང་། བོད་ལ་བཅིངས་འགྲོལ་གཏོང་བ། བོད་ལྗོངས་འཛུགས་སྐྲུན་བཅས་ཀྱི་གོམ་སྟབས་བཀག་ཐུབ་མེད།
བོད་ཞི་བས་བཅིངས་འགྲོལ་བཏང་བའི་དུས་འགོར་དམག་སྡེ་བཅོ་བརྒྱད་པའི་ཅུན་ཀྲང་ཀྲང་གོ་ཧྭས“ད་ཐེངས་བོད་ལ་འགྲོ་དོན་ནི་བོད་མི་དམངས་ཀྱི་གཏན་འཇགས་གླ་པ་བྱེད་ཆེད་ཡིན”ཞེས་པའི་དམ་བཅའ་བསྒྲགས་པ་དང་། དམག་སྡེ་བཅོ་བརྒྱད་པའི་ཆབ་སྲིད་ཨུ་ཡོན་ཐན་ཀོན་སེན་དང་བཟའ་ཟླ་མཉམ་དུ་བོད་ལ་ཡོང་ནས་ནར་མ་སོན་པའི་བུ་ཕྲུག་དང་ཁ་གྱེས་ཏེ་དྲན་གདུང་མྱངས་དགོས་བྱུང་བ་མ་ཟད། ཁོང་གི་བཟའ་ཟླ་བོད་དུ་མངལ་ཤོར་ནས་གཅོང་ནད་ཕོག་པ་དང་། བོད་སྐྱོད་དཔུང་སྡེའི་དཔོན་དམག་ཚོས“དཀའ་སྡུག་ཆེན་པོ་སྤྱོད་པ་དང་ངལ་དུབ་ཆེན་པོ་མྱོང་བའི”འབོད་ཚིག་ལ་བརྟེན་ནས“ལོ་གསུམ་ནང་བརྗེ་རེས་ཐེངས་གཅིག”ནས“ཡུན་རིང་བོད་སྐྲུན”གྱི་བསམ་བློའི་འགྱུར་ལྡོག་བྱུང་ཡོད།
གྲངས་གཞི་ལས་མངོན་གསལ། 1951ལོ་ནས་1978ལོའི་བར་ཀྲུང་དབྱང་གིས་རྒྱལ་ཡོངས་ནས་ལས་བྱེད་པ་ཁྲི་3ལྷག་ཙམ་བོད་དུ་ལས་དོན་སྒྲུབ་པར་མངགས་པ་དང་། 1994ལོ་ནས་2020ལོའི་བར་ཀྲུང་དབྱང་གི་རྒྱལ་ཁབ་ལས་ཁུངས་དང་། ཀྲུང་དབྱང་ཁེ་ལས། ཁ་གཏད་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་སོགས་ཚན་པའི་ཕུལ་བྱུང་ལས་བྱེད་པ་9682བོད་ལྗོངས་འཛུགས་སྐྲུན་ལ་རོགས་སྐྱོར་བྱེད་པར་ཡོང་བ་རེད།
“ང་ཚོ་གུང་ཁྲན་ཏང་མི་ནི་ས་བོན་དང་མི་དམངས་ནི་ས་ཞིང་ལྟ་བུ་རེད། ང་ཚོ་གནས་གང་དུ་སླེབས་ན་དེ་གའི་མི་དམངས་དང་འབྲེལ་བ་དམ་ཟབ་བྱས་ཏེ་མི་དམངས་ཁྲོད་རྩ་བ་ཚུགས་ནས་འབྲས་བུ་སྨིན་པ་བྱེད་དགོས”གུང་ཁྲན་ཏང་མི་མི་རབས་ནས་མི་རབས་ཀྱིས་བོད་དུ་ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་ལ་བརྟན་པོར་བཅངས་ནས་དཀའ་ངལ་སྣ་ཚོགས་ཁྱད་བསད་ཀྱིས་ཁེར་རྐྱང་བཟོད་ཐུབ་པ་དང་དཀའ་སྡུག་མྱོང་ཕོད་པའི་ངང་མི་རིགས་ཁག་གི་མང་ཚོགས་དང་མཉམ་དུ་དཀའ་ཚེགས་ཆེ་ཞིང་ཆ་རྐྱེན་ཞན་པའི་འོག་སྒེར་སེམས་མེད་པར་ལང་ཚོ་དང་ལོ་ཟླ་སྐྱེས་སུ་ཕུལ་ནས“ཡུན་རིང་བོད་སྐྲུན་དང་མཐའ་མཚམས་ཁྱིམ་དུ་བརྩི་བའི”འབོད་སྐུལ་དང་ལེན་བྱས་ཏེ“སྡུག་བསྲན་ཁྱད་པར་ཐེག་པ་དང་། དམག་འཐབ་ཁྱད་པར་འཇོན་པ། བཟོད་བསྲན་ཁྱད་པར་ཐུབ་པ། མཐུན་སྒྲིལ་ཁྱད་པར་ཐུབ་པ། ལེགས་སྐྱེས་ཁྱད་པར་འབུལ་བ”བཅས་ཀྱི“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”ཐུན་མོང་ཐོག་བཏོད་ཡོད།
ས་མཐོར་ལས་དོན་སྒྲུབ་པར་དཀོན་ཤོས་ནི་གསོ་རླུང་དང་རྩ་ཆེ་ཤོས་ནི་སྙིང་སྟོབས་རེད།
བོད་ལྗོངས་ནག་ཆུ་གྲོང་ཁྱེར་ཨ་མདོ་རྫོང་གི་དེ་སྔའི་རྫོང་ཨུད་ཀྱི་ཧྲུའུ་ཅི་ཞུང་ཁྲོན་ལ་བཅར་འདྲི་བྱེད་སྐབས་ཁོང་གིས“ཨ་མདོར་ལས་དོན་ལོ་9སྒྲུབ་རིང་སོ་14བུད་སོང”ཞེས་བརྗོད།
མིག་སྔར་ཞུང་ཁྲོན་ལ་ཀླད་རྩ་འཁུམ་པ་དང་འཕར་རྩར་ཁྲག་རྡོག་ཆགས་པ་སོགས་ཀྱི་ནད་གཞི་ཡོད་པས་ལོ་འཁོར་མོར་སྨན་སྣ་ཁ་བཅུ་གྲངས་ཟ་དགོས་ཀྱི་ཡོད། ཞུང་ཁྲོན་གྱིས། བོད་དུ་སྙིང་སྟོབས་ཏོག་ཙམ་མེད་ན་སྡོད་ཐབས་བྲལ་བས་ཏང་གི་ལས་བྱེད་པ་ཞིག་ཡིན་པའི་ངོས་ནས་དེ་སྔོན་ནས“ཏང་དང་མི་དམངས་ཀྱི་ཆེད་དུ་ཡོད་ཚད་བློས་གཏོང་རྒྱུའི”དམ་བཅའ་བཞག་ཡོད་ལ། ཏང་དང་སྲིད་གཞུང་གི་སྲིད་ཇུས་ལག་བསྟར་ཡག་པོ་བྱེད་པ་དང་མང་ཚོགས་འཚོ་བ་ཡག་པོ་སྐྱེལ་རྒྱུ་ཡོང་ཆེད་གཟུགས་པོའི་ནད་གཞི་ཚང་མ་བཟོད་ཐུབ་པ་འདུག་ཅེས་བརྗོད།