དབུ་ཤོག>ཆེད་སྒྲིག
  • “90ནང་སྐྱེས”ཤིག་གིས“བོད་སྐྱོད་པ་རྒན་གྲས”ལ་བཅངས་པའི་བརྩེ་སེམས།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2021-07-26

    ལོ་ལྔའི་གོང“90ནང་སྐྱེས”ཀྱི་སློབ་གྲྭ་ཆེ་མོ་བ་ཀྲང་ཆིང་ཁྲུང་གིས་བོད་དུ་ལས་ཀ་བྱེད་པར་ཡོང་རྒྱུའི་སེམས་ཐག་གཅོད་སྐབས་སླད་ཕྱིན་རང་ཉིད་བོད་དུ་སྡོད་རིང་གི་གྲོགས་པོ་གལ་ཆེ་ཤོས་ནི་དུས་རབས་20པའི་དུས་འགོར་སྐྱེས་པའི་རྒན་རྒོན་ཚོ་ཡིན་ཞིང་། རྒན་རྒོན་དེ་དག་གིས་ཁོང་གི་མི་ཚེའི་ལམ་བུར་ཤུགས་རྐྱེན་ཆེན་པོ་ཐེབས་སྲིད་པ་བསམ་པའི་ཡུལ་ལའང་མེད།

    འདི་ལོ་ལོ་29ལ་སླེབས་པའི་ཀྲང་ཆིང་ཁྲུང་སློབ་ཆེན་ཐོན་རྗེས་རང་འགུལ་ངང་བོད་དུ་ལས་ཀ་བྱེད་པར་ཡོང་། ལས་གནས་ཐོག་བསྐྱོད་རྗེས་ཁོང་གིས་གོམ་སྟབས་བརྟན་པོས་མི་ཚེའི་ལམ་བུར་མདུན་སྐྱོད་བྱས། 2018ལོར་ཁོང་སྤོ་བོ་རྫོང་གི་ཐོག་ཁང་དམར་པོའི་འགྲེམས་སྟོན་ཁང་དུ་ལས་གནས་བཀོད་སྒྲིག་བྱས།

    བོད་ཀྱི་ཤར་རྒྱུད་དུ་གནས་པའི་ཉིང་ཁྲི་གྲོང་ཁྱེར་སྤོ་བོ་རྫོང་ནི་བོད་ཞི་བས་བཅིངས་བཀྲོལ་གཏོང་རྒྱུའི་སྐོར་གྱི《གྲོས་མཐུན་དོན་ཚན་བཅུ་བདུན》ལ་མིང་རྟགས་བཀོད་པ་ཁྱབ་བསྒྲགས་བྱས་རྗེས་ཀྱི་བཅིངས་འགྲོལ་དམག་བོད་དུ་དཔུང་སྐྱོད་བྱེད་པའི་ལམ་བར་གྱི་ས་ཚིགས་གལ་ཆེན་ཞིག་ཡིན་ལ་ཁྲོན་བོད་གཞུང་ལམ་གྱི་བར་བརྒྱུད་ས་ཆ་ཞིག་ཀྱང་རེད། རྫོང་གྲོང་དུ་ཐོག་སོ་གཉིས་ལྡན་གྱི་གསར་བརྗེའི་ཐོག་ཁང་དམར་པོ་ཞིག་ཡོད་པ་དེ་ནི་དེ་སྔའི་སྤོ་བོ་རྫོང་ཁྲབ་རྨོག་ལྟེ་གནས་རྫོང་ཨུད་གནས་ཡུལ་ཡིན་པ་དང་། དེས“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དང“ལམ་གཉིས་ཀྱི་སྙིང་སྟོབས”གངས་ལྗོངས་ས་མཐོར་གྲུབ་པ་དང་འཕེལ་རྒྱས་འགྲོ་བའི་ལོ་རྒྱུས་ཀྱི་དཔང་པོ་བྱེད་བཞིན་མཆིས།

    ཁོང་གི་བཅར་འདྲི་དང་ལེན་བྱེད་མཁན་བགྲེས་སོང་དང་པོའི་མིང་ལ་ཝང་ཁྲང་ཨན་ཟེར་བ་དང་། བགྲེས་སོང་ཁོང་གིས་ངོ་ལོག་ཇག་པའི་འཇབ་རྒོལ་ཕོག་ཚུལ་དང་ཁོང་གི་འཐབ་གྲོགས་ཀྱིས་རང་སྲོག་བློས་བཏང་བའི་སྐོར་སོགས་དང་ལྷག་པར་དུ་སྙིང་འགུལ་བླ་དར་གྱི་དམག་འཐབ་དང་ཟིལ་རླབས་དགུང་འཕྱུར་གྱི་འཛུགས་སྐྲུན་སྐོར་ལྷུག་པོར་གླེང་སྐབས་ཀྲང་ཆིང་ཁྲུང་ཧ་ལས་པར་གྱུར། ཀྲུའུ་ཏུང་དབྱིང་ནི་བུད་མེད་འཐབ་འཛིང་པ་ཞིག་ཡིན་པ་དང་། ཁོང་གིས་དཔུང་སྐྱོད་བྱེད་རིང་ཁྲོན་བོད་གཞུང་ལམ་ཤར་གཏོང་མ་ཐུབ་གོང་རླངས་འཁོར་དང་འཕྲུལ་ཆས་ཁག་གཅིག་གི་ལྷུ་ལག་བཤིག་ནས་ཆུ་བོ་སྒྲོལ་དགོས་ལུགས་བརྗོད།

    “རྒན་རྒོན་དེ་དག་མཐོང་སྐབས་ཐོག་ཁང་དམར་པོ་ཐེངས་དང་པོར་མཐོང་བ་ལྟར་ཁོང་ཚོས་ང་ཚོ་བསྒུགས་ནས་ཡུན་རིང་སོང་བ་ལྟར་གྱི་ཚོར་སྣང་ཞིག་ངང་གིས་སྟེར་གྱི་འདུག”ཅེས་ཀྲང་ཆིང་ཁྲུང་གིས་བརྗོད། ཁོང་གིས་ཐོག་ཁང་དམར་པོའི་ལས་ཀ་བརྩིས་ལེན་སྐབས་ལག་ཏུ་འབྱོར་བའི་དཔྱད་གཞིའི་ཡིག་རིགས་ཤོག་ལྷེ་གཅིག་ལས་མེད། འོན་ཀྱང་རྒན་རྒོན་ཁག་གཅིག་གིས་དེ་སྔའི་ཉིན་ཐོ་དང་ཟིན་བྲིས་བཏོན་སྟབས་སྐབས་ཤིག་རིང་བརླག་པའི་ལོ་རྒྱུས་གསལ་ལེར་འཆར།

    ཝང་ཞའོ་ཡུས་ཟེར་བའི་བགྲེས་སོང་དང་ཀྲང་ཆིང་ཁྲུང་ཐུག་སྐབས་ཁོང་ལ་སྐྲན་ནད་ཕོག་ཟིན་པ་དང་། ཀྲང་ཆིང་ཁྲུང་ཡོང་དོན་ཤེས་རྗེས་བགྲེས་སོང་ཁོང་གིས་འཕྲལ་མར་རང་ཉིད་ཀྱི་ཉིན་ཐོའི་དེབ་17ཞལ་འདེབས་རྒྱག་རྒྱུའི་ཁས་བླངས། དེབ་དེ་དག་ཐོག་ཁང་དམར་པོའི་ད་ལྟའི་འགྲེམས་ཁང་གི་རྩ་ཆེ་ཤོས་ཀྱི་ནོར་བུར་གྱུར།

    སྐབས་དེར་ཀྲང་ཆིང་ཁྲུང་ལ་སེམས་འགུལ་ཆེན་པོ་ཐེབས་པ་ནི“ཁོང་ཚོ་ནི་ཐོག་ཁང་དམར་པོ་དང་འདྲ་བར་བསམ་པའི་མཆོག་ནོར་ཞིག་ཡིན་པ”དེ་རེད།

    2018ལོ་ནས་ད་བར་ཁོང་གིས་ལམ་ཐག་སྤྱི་ལེ་ཁྲི་13བསྐྱོད་ནས་ད་ལྟ་འཚོ་བཞུགས་གནང་བཞིན་པའི“བོད་སྐྱོད་པ་རྒན་གྲས”200ལྷག་ཙམ་ལ་བཅར་འདྲི་བྱས་པ་དང་སྐར་མ་7000ལྷག་ཙམ་གྱི་བཅར་འདྲིའི་དཔྱད་གཞི་གསོག་འཇོག་བྱས་ཡོད། རྒན་རྒོན་དེ་དག་གི་ཆ་སྙོམས་ལོ་ཚད་ལོ་92ཙམ་ཡིན་པ་དང་གཞོན་ཤོས་ཀྱང་ལོ་84ལ་སླེབས་ཀྱི་ཡོད། བགྲེས་སོང་ཁག་གཅིག་གི་གཟུགས་པོ་ཐང་པོ་མེད་སྟབས་ཁོང་ཚོ་དང་གླེང་མོལ་བྱེད་སྐབས་སྟབས་བདེ་མེད། འོན་ཀྱང་ཀྲང་ཆིང་ཁྲུང་ཁོང་ཚོར་བཅར་འདྲི་བྱ་རྒྱུར་ཧ་ཅང་དགའ་པོ་ཡོད།

    འཐབ་འཛིང་པ་རྒན་གྲས་ཤིག་གིས་ཁོང་ལ་རང་ཉིད་ཀྱིས་དེ་སྔ་བརྟག་ཞིབ་བྱེད་སྐབས་བྲིས་པའི་ཟིན་བྲིས་བསྟན་ཞིང་། དེའི་ནང་བརྟག་ཞིབ་བྱེད་སའི་ས་ཁུལ་དུ་དུད་ཚང་ག་ཚོད་ཡོད་པ་དང་། མི་ག་ཚོད་ཡོད་པ། དུད་ཚང་རེར་ཕོ་མོ་ག་ཚོད་ཡོད་པ། ཁྱིམ་དུ་སྒོ་ཕྱུགས་ག་ཚོད་ཡོད་པ་སོགས་བྲིས་པ་མ་ཟད། ད་དུང་ངལ་རྩོལ་ཡོ་བྱད་གང་ཞིག་སྤྱོད་པ་དང་ཐ་ན་ལག་ཆའི་བཟོ་ལྟ་རི་མོར་ཕབ་ཡོད།

    “ཞི་བས་བཅིངས་འགྲོལ་བཏང་བའི་ཐོག་མའི་དུས་སུ་གཞི་རིམ་གྱི་སྲིད་དབང་ད་དུང་བཙུགས་མེད་པས་བརྟག་དཔྱད་ཞིབ་འཇུག་གི་ཚད་གཞི་འདི་འདྲར་སླེབས་པ་བྱེད་པར་མི་སེར་གྱི་ཁྱིམ་དུ་གཞིས་ཆགས་ནས་དུད་ཚང་རེ་རེ་བཞིན་ལ་འདྲི་རྩད་བྱེད་དགོས་ཀྱི་ཡོད། དེ་ནི་ང་ཚོའི་གུང་ཁྲན་ཏང་ཡོན་རྒན་གྲས་ཀྱི་དེ་སྔའི་ལས་ཀའི་སྤྱོད་ཚུལ་ཞིག་རེད”ཅེས་ཀྲང་ཆིང་ཁྲུང་གིས་བརྗོད། ཀྲང་ཆིང་ཁྲུང་གིས། འཐབ་འཛིང་པ་རྒན་གྲས་དེ་དག་ཁྲོད་མང་ཆེ་བས་བོད་སྐད་ཤོད་ཤེས་པ་དང་ལ་ལས་ཡུལ་སྐད་ཀྱང་ཆུ་རྒྱུག་རྒྱུག་ཤོད་ཤེས་ཀྱི་ཡོད། དེར་བརྟེན་གཉའ་གནོན་ཕོག་མྱོང་བའི་ཞིང་བྲན་གྱིས་ཁོང་ཚོར་ཡིད་ཆེས་ཆེན་པོ་བྱེད་ཀྱི་ཡོད་ཅེས་བརྗོད།

    སྤོ་བོ་རྫོང་ཡན་ལག་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅི་དང་པོ་མེའོ་ཕི་དབྱི་དང་ཞིང་བྲན་པད་མ་རྡོ་རྗེའི་དབར་གཏམ་རྒྱུད་ཅིག་བརྗོད་རྒྱུ་ཡོད་པ་སྟེ། ཁྲོན་བོད་གཞུང་ལམ་སྐྲུན་རིང་བཅིངས་འགྲོལ་དམག་གིས་ས་གནས་དེ་གའི་མང་ཚོགས་སྐྱེལ་འདྲེན་ནང་ཞུགས་རྒྱུའི་སྐུལ་སློང་བྱས་པ་རེད། པད་མ་རྡོ་རྗེའི་ཨ་ཁུ་ལས་ཡུལ་དུ་རྨས་སྐྱོན་ཕོག་ནས་སྟབས་མ་ལེགས་པར་ཚེ་ལས་འདས། ཞིང་བྲན་ལམ་ལུགས་ད་དུང་མེད་པ་བཟོས་མེད་པའི་དབང་གིས《གྲོས་མཐུན་དོན་ཚན་བཅུ་བདུན》གཞིར་བཟུང་ཞིང་བྲན་ལ་སྤྲད་རྒྱུའི་གླ་ཆ་དང་ཁ་གསབ་དངུལ་ཞིང་བྲན་བདག་པོ་བརྒྱུད་ནས་དུད་ཚང་ཁག་ལ་བགོ་གི་ཡོད་མོད། འོན་ཀྱང་ཞིང་བྲན་བདག་པོས་བཅིངས་འགྲོལ་དམག་གིས་པད་མ་རྡོ་རྗེའི་ཁྱིམ་ལ་སྤྲད་པའི་ཁ་གསབ་ལྐོག་ཟ་བྱས་པ་དེ་མཐུན་སྦྱོར་ཐེངས་མང་བྱས་ཀྱང་གྲུབ་འབྲས་གང་ཡང་ཐོབ་མེད།

    སྲིད་ཇུས་ལ་གཏོར་བཤིག་གཏོང་མི་རུང་ལ་མང་ཚོགས་ལ་གྱོང་གུན་དེ་བས་གཏོང་མི་རུང་བས་མེའོ་ཕི་དབྱིས་སོ་སོའི་བཟའ་འབྲུ་མང་པོ་མེད་ཀྱང་དེ་ནས་ཕྲན་ཙམ་པད་མ་རྡོ་རྗེའི་ཁྱིམ་ལ་བགོས།

    “སྐབས་དེ་དུས་པད་མ་རྡོ་རྗེས‘བཅིངས་འགྲོལ་དམག་མི་བརྒྱུད་ངས་གུང་ཁྲན་ཏང་ངོ་ཤེས་པ་དང་གུང་ཁྲན་ཏང་ལ་ཡིད་ཆེས་སྐྱེས་བྱུང’”ཞེས་བཤད་པ་དང་། དེ་དང་འདྲ་བའི་གཏམ་རྒྱུད་བགྲང་གིས་མི་ལངས་བ་ཡོད། ཏང་གི་དམག་དཔུང་གིས་ལྷག་བསམ་ཟོལ་མེད་ངང་བོད་མི་དམངས་ལ་བརྩེ་སེམས་མཚོན་པར་བྱས་ཡོད་ཅེས་ཀྲང་ཆིང་ཁྲུང་གིས་བརྗོད།

    ལོ་གསུམ་ལྷག་ཙམ་རིང་བཅར་འདྲི་བྱས་པ་བརྒྱུད་ཀྲང་ཆིང་ཁྲུང་དང་རྒན་རྒོན་མང་པོ་གྲོགས་པོར་གྱུར། གངས་ལྗོངས་ས་མཐོར་ལས་ཀ་བྱེད་སྐབས་ཕ་ཡུལ་དང་གཉེན་ཉེ་དང་ཁ་བྲལ་བས་གཞོན་ནུ་དེ་ཡུལ་པོ་ཡོང་སྲིད་ཀྱང་བཅར་འདྲིའི་ཟིན་ཐོ་ལྟ་རིམ་བཞིན་དཀའ་སྡུག་ཚད་མེད་མྱངས་མྱོང་ཡང་སྔར་བཞིན་སྤྲོ་སྣང་ལྡན་ལ་བློ་གཤོགས་ཆེ་བའི་རྒན་རྒོན་དེ་དག་གིས་ཁོང་གི་སེམས་པ་རྣལ་ལ་ཕབ་ནས་ཐོག་མའི་བསམ་འདུན་དེ་བས་བརྟན་དུ་སོང་།

    2019ལོའི་ལོ་མཇུག་ནས་ཀྲང་ཆིང་ཁྲུང་གིས་རང་ཉིད་ཀྱི་བཅར་འདྲིའི་ནང་དོན་དེ་དག་སྤྱད་ནས་འོས་འགན་སྒྲོག་འགྲེལ་བྱས་པ་དང་ད་བར་བོད་དུ་ཏང་གི་སློབ་ཚན་200ལྷག་ཙམ་ཁྲིད་ཡོད། “ཏང་གི་ལོ་རྒྱུས་རྡོ་རིང་ཐོག་བརྐོས་པ་ཙམ་མིན་པར་དེ་བས་མི་དམངས་ཀྱི་སེམས་ལ་ཟུག་པ་བྱེད་དགོས། དེར་བརྟེན་ང་ལ་ཏང་གི་སློབ་ཚན་འདི་ལྟ་བུ་ནམ་ཡང་སྒྲོག་འགྲེལ་བྱེད་པའི་ཕུགས་འདུན་ཞིག་ཡོད་ཅེས”ཀྲང་ཆིང་ཁྲུང་གིས་བཤད། (ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་འབྱོར་བའི་གློག་འཕྲིན)

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།