དབུ་ཤོག>ཆེད་སྒྲིག
  • གོས་དཀར་ལྷ་རྗེས་སྲོག་ཉེན་ལ་མ་འཛེམས་པར་མདུན་དུ་བསྐྱོད།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  པའེ་ཅན་ཧྥུང་།   |     སྤེལ་དུས།  2021-07-23

    832618_yis_1626969600000_s.jpg

    འདི་ནི་སྨན་དོན་མི་སྣས་ཝུའུ་ཧན་ལུས་རྩལ་ལྟེ་གནས་ཀྱི་སྟབས་བསྟུན་སྨན་ཁང་མདུན་དུ་མཐེ་བོང་བསྒྲེངས་ནས་རང་ཉིད་ཀྱི་ལས་རོགས་ལ་ལྕག་སྐུལ་བྱེད་བཞིན་པ། (དཔྱད་གཞིའི་པར་རིས)

    རིམས་འགོག་གི་འཐབ་ས་དང་པོའི་སྨན་དོན་མི་སྣ་ལས་གྲུབ་པའི་དཔའ་བོའི་ཚོགས་སྤྱིར“དུས་རབས་ཀྱི་མིག་དཔེ”ཞེས་པའི་མཚན་སྙན་ཐོབ་ཡོད།

    2020ལོའི་ལོ་འགོར་ཏོག་གསར་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་པའི་འཐབ་རྩོད་ཁྲོད། རྒྱ་ཆེའི་སྨན་དོན་མི་སྣས་སྲོག་ཉེན་ལ་མ་འཛེམས་པར་མདུན་སྐྱོད་ཀྱིས་ནད་བཅོས་སྲོག་སྐྱོབ་བྱས་ཡོད། རྒྱལ་ཡོངས་ཀྱི་སྨན་དོན་མི་སྣ་ཁྲི་བརྒྱ་གྲངས་ཀྱིས་རིམས་འགོག་གི་འཐབ་ས་དང་པོར་འབད་འཐབ་བྱས་ཏེ་ནད་དུག་གང་སར་མཆེད་པའི་མུན་ནག་ཁྲོད་འོད་སྣང་སྦྱིན་པ་དང་འཆི་གསོན་དང་འཐབ་ནས་སྲོག་སྐྱོབ་པའི་རྣམ་པ་ནི་མི་སེམས་འགུལ་བ་ཞིག་ཡོད།

    ཧུའུ་པེ་ཞིང་ཆེན་དང་ཝུའུ་ཧན་གྲོང་ཁྱེར་གྱི་སྨན་དོན་མི་སྣ་ཁྲི་54ཡིས་ནད་དུག་དང་འཐབ་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་རྒྱག་འགོ་ཚུགས་ཡོད། རྒྱལ་ཁབ་ཀྱི་སྨན་བཅོས་རུ་ཁག་346དང་སྨན་དོན་མི་སྣ་ཁྲི་4ལྷག་ཙམ་གྱིས་ཐེ་ཚོམ་སྤུ་ཙམ་ཡང་མེད་པར་འཐབ་ས་མདུན་མར་བསྐྱོད། ཧྭ་ཀྲུང་ཚན་རྩལ་སློབ་ཆེན་ཐུང་ཅི་གསོ་རིག་སློབ་གླིང་གི་ཞོར་གཏོགས་ཐུང་ཅི་སྨན་ཁང་གིས་རང་འགུལ་ངང་སྨན་ཁང་གི་ཁུལ་གཉིས་སྒྱུར་བཀོད་བྱས་ཏེ་ཏོག་གསར་རིམས་ནད་ཕོག་པའི་ནད་པ་དང་སྲོག་ལ་ཉེན་ཁ་འཕྲད་པའི་ནད་པ་3300ལྷག་ཙམ་ལ་སྨན་བཅོས་བྱས་ནས་ཝུའུ་ཧན་གྱི་ནད་པ་ཚབས་ཆེན་གཅིག་སྡུད་ངང་སྨན་བཅོས་བྱེད་མང་ཤོས་ཀྱི་དམིགས་བཙུགས་སྨན་ཁང་ལ་གྱུར་ཡོད། ནད་པ་སྐྱོབ་བཅོས་བྱེད་རིང་ཐུང་ཅི་སྨན་ཁང་གིས་ཧུའུ་པེར་རོགས་སྐྱོར་བྱེད་མཁན་སྨན་བཅོས་རུ་ཁག་གཞན་དག་དང་མཉམ་དུ་ཡན་ལག་རུ་ཆུང་8བཙུགས་པས་ནད་པ་ཚབས་ཆེན་སྐྱོབ་བཅོས་བྱེད་མཁན“གདོང་མཆོང་ལེན་ཤོག”ཅེས་འབོད་ཀྱི་ཡོད།

    ཧུའུ་པེར་རོགས་སྐྱོར་བྱེད་མཁན་དམག་དཔུང་གི་སྨན་བཅོས་རུ་ཁག་གི་རུ་མི་4000ལྷག་ཙམ་གྱིས་བཀའ་འབྱོར་མ་ཐག་འགན་འཁྲི་ལྕི་པོ་ཕྲག་ཏུ་འཁུར་ནས་ཅིང་དབྱིན་ཐེན་སྨན་ཁང་དང་། ཧན་ཁོའུ་སྨན་ཁང་། ཝུའུ་ཁྲང་སྨན་ཁང་། ཧོ་ཧྲེན་ཧྲན་སྨན་ཁང་། ཝུའུ་ཧན་ཐའེ་ཁང་ཐུང་ཅི་སྨན་ཁང་། ཧུའུ་པེ་ཞིང་ཆེན་མ་བུ་བདེ་སྲུང་སྨན་ཁང་ཀོང་ཀུའུ་སྨན་ཁང་ཁུལ་བཅས་ལ་བཅའ་སྡོད་བྱས་ཏེ་རང་ཉིད་ཀྱི་ཚེ་སྲོག་ལ་བརྟེན་ནས་གཞན་གྱི་ཚེ་སྲོག་བསྲུངས་པ་དང་མི་དམངས་བུ་ཕྲུག་དམག་གིས་ཏང་དང་མི་དམངས་ལ་ལྷག་བསམ་རྣམ་དག་བྱེད་ལུགས་མཚོན་ཡོད། དབུས་རྒྱུད་འཐབ་ཁུལ་སྤྱི་ཁྱབ་སྨན་ཁང་རིམས་འགོག་ཏང་ཡོན་འཕྲལ་སྒྲུབ་རུ་ཁག་གིས་དཀའ་ངལ་ལ་མ་འཛེམས་པར་གདོང་མཆོང་བྱས་ཡོད། ཁོང་ཚོས་ཉིན་མཚན་དབྱེར་མེད་ངང་ཚན་རིག་དང་མཐུན་པའི་སྐྱོབ་བཅོས་ཀྱི་འཐབ་ས་དང་པོར་འགག་སྒྲོལ་བྱས་ཏེ་སྨན་བཅོས་ཇུས་གཞི་འཚོལ་ཞིབ་བྱས་ཏེ་སྲ་ཞིང་བརྟན་པའི་བདེ་འཇགས་སྲུང་ཡོལ་བཏོད་ཡོད། དམག་དོན་ཚན་རིག་ཁང་གི་དམག་དོན་གསོ་རིག་རིགས་གཅིག་མཁས་ཅན་ཚོགས་ཆུང་གིས་ནད་དུག་ལ་མི་སྐྲག་པར་མ་དཔེ་བརྟག་དཔྱད་བྱས་ཁར་དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་གྱིས་རིམས་འགོག་སྨན་ཁབ་ཞིབ་བཟོ་བྱས་ནས“ཚན་ཞིབ་ཁུ་ཚུར”གྱི་ཚད་ཤིང་བཏོད་པ་དང“ཚན་ཞིབ་དམག་ཧྲག”གི་སྤུས་རྟགས་བཏོད་དེ་ཚན་རྩལ་རིམས་འགོག་འཕྲལ་སྒྲུབ་རུ་ཁག་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཡོད།

    པེ་ཅིང་སྨན་ཁང་དང་། པེ་ཅིང་ཞེ་ཧོ་སྨན་ཁང་། ཀྲུང་རི་མཛའ་གྲོགས་སྨན་ཁང་། པེ་ཅིང་སློབ་ཆེན་སྨན་ཁང་དང་པོ། པེ་ཅིང་སློབ་ཆེན་མི་དམངས་སྨན་ཁང་། པེ་ཅིང་སློབ་ཆེན་སྨན་ཁང་གསུམ་པ་བཅས་སྨན་ཁང་6གིས་ཧུའུ་པེར་རོགས་སྐྱོར་བྱེད་པའི་རྒྱལ་ཁབ་ཀྱི་སྨན་བཅོས་རུ་ཁག་བཙུགས་པས་ཧུའུ་པེར་རོགས་སྐྱོར་བྱེད་མཁན་རིམས་འགོག་སྟོབས་ཤུགས་གལ་ཆེན་ལ་གྱུར་ནས་ཉེན་ཁ་ཆེ་ཤོས་དང་དཀའ་ཚེགས་ཆེ་ཤོས་ཀྱི་སྲོག་ཉེན་འཕྲད་པའི་ནད་པ་སྐྱོབ་བཅོས་ལས་འགན་ཁུར་ཏེ་ཝུའུ་ཧན་སྲུང་སྐྱོང་དམག་འཐབ་དང་ཧུའུ་པེ་སྲུང་སྐྱོང་དམག་འཐབ་ལ་རྒྱལ་ཁ་ལེན་ཕྱིར་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། ཧུའུ་པེར་རོགས་སྐྱོར་བྱེད་མཁན་ཀྲུང་གོ་ཀྲུང་ལུགས་གསོ་རིག་ཚན་རིག་ཁང་གི་རྒྱལ་ཁབ་ཀྲུང་ལུགས་གསོ་རིག་སྨན་བཅོས་རུ་ཁག་གིས་ཝུའུ་ཧན་ཅིང་དབྱིན་ཐེན་སྨན་ཁང་འཛུགས་རྒྱུར་སྐུལ་འདེད་བཏང་བ་དང་ནད་ཁུལ་གཅིག་ཡོངས་སུ་འགན་གཙང་བླངས་ནས་ཀྲུང་ལུགས་གསོ་རིག་སྨན་རྫས་ཀྱིས་ཏོག་གསར་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་པའི་གཡུལ་ས་བདེ་བླག་ངང་བཏོད་ཡོད། ཁོང་ཚོས་ཞིབ་བཟོ་བྱས་པའི་དུག་སེལ་སྨན་ཐོ་དེ་ཏོག་གསར་རིམས་ནད་སྨན་བཅོས་བྱེད་པའི་ཁྲོད་ནུས་པ་ཆེ་ཤོས་ཀྱི་སྨན་ཐོར་གྱུར་ཡོད།

    ལེ་ཧྲེན་ཧྲན་སྨན་ཁང་ལ་རོགས་སྐྱོར་བྱེད་མཁན་ལེའོ་ཉིང་དང་། ཧྲང་ཧའེ། ཀོང་ཏུང་བཅས་ཀྱི་སྨན་བཅོས་རུ་ཁག་གི་སྨན་དོན་མི་སྣ་སྟོང་ཕྲག་མང་པོས་ནད་དུག་དང་འཐབ་རྩོད་དྲག་པོ་བྱས་ནས་ནུས་ཤུགས་ཡོད་རྒུས་ནད་པ་བསྐྱབས་ཡོད། ཝུའུ་ཧན་ལ་རོགས་སྐྱོར་བྱེད་མཁན་ཅང་སུའུ་ཞིང་ཆེན་མི་དམངས་སྨན་ཁང་གི་ནད་ཚབས་ལྕི་བའི་སྨན་བཅོས་རུ་ཁག་གིས་སྔ་རྗེས་སུ་ཝུའུ་ཧན་གྲོང་ཁྱེར་གྱི་སྨན་ཁང་དང་པོ་དང་ཝུའུ་ཧན་ཅིན་དབྱིན་ཐེན་སྨན་ཁང་གི་ནད་ཚབས་ལྕི་བའི་ལྟ་སྐྱོང་ནད་ཁུལ་དུ་སྤོས་ནས་ནད་པར་མུ་མཐུད་གསོན་པའི་རེ་བ་སྦྱིན་ཡོད། ཧུའུ་པེར་རོགས་སྐྱོར་བྱེད་མཁན་སི་ཁྲོན་སློབ་ཆེན་ཧྭ་ཤིས་སྨན་ཁང་གི་ནད་ཚབས་ལྕི་བའི་རོགས་སྐྱོབ་སྨན་བཅོས་རུག་ཁག་གིས་ཁྱོན་སྨན་དོན་མི་སྣ་175ཝུའུ་ཧན་ལ་ཛ་དྲག་ངང་རོགས་སྐྱོར་བྱེད་པར་བཏང་བ་དང་། ཝུའུ་ཧན་སློབ་ཆེན་མི་དམངས་སྨན་ཁང་གི་སྨན་ཁང་ཤར་མ་དང་ཝུའུ་ཧན་གྲོང་ཁྱེར་གྱི་རྒྱ་གྲམ་དམར་པོ་ཚོགས་པའི་སྨན་ཁང་དུ་བཅའ་སྡོད་བྱས་ཚུན་ཉེན་ཁ་ཆེ་བ་དང་ནད་ཚབས་ཆེ་བའི་ནད་ཁུལ་7འགན་གཙང་བླངས་ནས་ནད་ཚབས་ལྕི་བའི་ནད་པ་དང་ཉེན་ཆེའི་ནད་པ་བརྒྱ་གྲངས་ཀྱི་སྲོག་བསྐྱབས་ཡོད། ཐེན་ཅིན་གྲོང་ཁྱེར་གྱིས་ཁ་གཏད་རོགས་སྐྱོར་བྱས་པའི་ཨེན་ཧྲི་ཀྲོའུ་ཡི་ནད་ཡམས་ཚོད་འཛིན་ལས་དོན་རུ་ཁག་གིས་ནུས་ཤུགས་ཡོད་རྒུས་རིམས་ནད་རིག་པའི་བརྟག་དཔྱད་ཀྱི་མྱུར་ཚད་དང་སྤུས་ཚད་མགྱོགས་མྱུར་མཐོ་རུ་བཏང་སྟེ། ས་ཆ་དེ་གར་མཁྲེགས་སར་གཏུག་ཕོད་པའི་ནད་ཡམས་ཚོད་འཛིན་གྱི་དཔུང་ཁག་ཅིག་བཏོད་ཡོད།

    རིམས་འགོག་གི་འཐབ་ས་དང་པོའི་སྨན་དོན་མི་སྣ་ལས་གྲུབ་པའི་དཔའ་བོའི་ཚོགས་སྤྱིའི་བྱས་རྗེས་རྣམས་སྤྱི་མཐུན་རྒྱལ་ཁབ་ཀྱི་བྱས་རྗེས་རྡོ་རིང་སྟེང་བརྐོས་ཏེ་ནམ་ཡང་གནས་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།