ཟླ་བདུན་པའི་བྱང་རྩྭ་ཐང་ནི་ཤིན་ཏུ་མཛེས་པའི་རི་མོ་ཞིག་དང་མཚུངས། ཉེ་ཆར། གསར་འགོད་པ་ནག་ཆུ་གྲོང་ཁྱེར་འབྲི་རུ་རྫོང་རླན་ཆུ་ཤང་ས་དམར་གྲོང་ཚོར་སྐྱོད་སྐབས། གྲོང་ཚོའི་ཁོད་སྙོམས་པའི་ཨར་འདམ་ལམ་བུ་དག་ནི་ཕན་ཚུན་ཕྱོགས་བཞི་མཚམས་བརྒྱད་ལ་ཁྱབ་ཡོད་པ་དང་། དུད་ཁྱིམ་ཚང་མའི་སྒོ་འགྲམ་དུ་སྐར་ལྔའི་དར་དམར་ལྷབ་ལྷུབ་ཏུ་གཡོ་བཞིན་བཀྲག་མདངས་ལྷག་པར་འཚེར།
ས་དམར་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་པད་མ་ཚེ་དབང་གིས་ས་དམར་གྲོང་ཚོར་ཁྱོན་དུད་ཚང་63དང་། ཏང་ཡོན་36 གྲ་སྒྲིག་ཏང་ཡོན་4བཅས་ཡོད་པ་དང་། ས་དམར་གྲོང་ཚོའི་ཏང་ཀྲི་པུས་ཐོག་མཐའ་བར་གསུམ་དུ་ཏང་གི་སྲིད་ཇུས་དོན་འཁྱོལ་ནན་པོ་བྱ་རྒྱུ་ཚད་གཞིར་འཛིན་པ་དང་། ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པོ་གཟི་བརྗིད་མཚན་སྙན་དུ་བརྩིས་ཏེ་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཏང་གི་རྗེས་སུ་འབྲང་བཞིན་ཡོད་ཅེས་ངོ་སྤྲོད་བྱས།
ས་དམར་གྲོང་ཚོའི་ཏང་ཀྲི་པུས་གྲོང་ཚོའི་དཔལ་འབྱོར་འཕེལ་རྒྱས་དང་དམངས་འཚོ་ལེགས་གཏོང་ལ་སྣང་ཆེན་བྱས་ཏེ། མང་ཚོགས་དེ་བས་མང་བས་འབྲོག་པའི་སྲོལ་རྒྱུན་གྱི་འཚོ་བ་སྐྱེལ་སྟངས་ལ་འགྱུར་ལྡོག་བཏང་སྟེ་བློ་སྤོབས་ཆེན་པོས་གསར་གཏོད་བྱས་ནས་བྱ་གཞག་གཏོད་དགོས་པའི་ལྕག་སྐུལ་བྱས་པ་རེད།
“གྲོང་མི་ཕྱུག་པོ་ཆགས་མི་ཐུབ་པ་ནི་གྲོང་ཚོར་ཕྱུག་འགྱུར་ལམ་བུ་མེད་པ་མ་ཡིན་པར་ཁོང་ཚོར་གསར་གཏོད་བྱེད་ཕོད་པའི་བསམ་བློ་མེད་པས་རེད”ཞིང་འབྲོག་མང་ཚོཌ་ཀྱི་སྣེ་ཁྲིད་དེ་འབྱོར་འབྲིང་ཕྱོཌ་སུ་བསྐྱོད་ཆེད། ས་དམར་གྲོང་ཚོའི་ཏང་ཀྲི་པུའི་སྐབས་རིམ་བྱུང་ཚན་ཁག་གིས་ཕྱུག་འགྱུར་གྱི་རྩལ་ནུས་སློབ་སྦྱོང་ཧུར་ཐག་བྱས་ནས་གྲོང་ཚོའི་དཔལ་འབྱོར་མཉམ་ལས་ཁང་བཙུགས་པ་བརྒྱུད་གྲོང་ཚོའི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་ཁྲིད་བྱས་པ་རེད།
“ས་དམར་གྲོང་ཚོའི་ད་ཡོད་དཔལ་འབྱོར་མཉམ་ལས་ཁང་3ལ་ལོར་ཆ་སྙོམས་ཡོང་འབབ་སྒོར་ཁྲི་49ཟིན་པ་དང་། ངལ་རྩོལ་ལས་གནས་70ལྷག་ཙམ་མཁོ་འདོན་བྱས་ཤིང་། དུད་ཚང་དབུལ་པོ་27གྱི་མི་101ལ་སྐུལ་ཁྲིད་བྱས་པར་དུད་ཚང་དབུལ་པོར་ལོ་ལྟར་འབབ་འཕར་སྒོར་ཁྲི་2ཡོད་པ་དང་། རིམ་རྩིས་བྱས་ན་འཚམས་འདྲིའི་དངུལ་སྒོར་ཁྲི་30ལྷག་ཙམ་སྤྲད་ཡོད”ཅེས་པད་མ་ཚེ་དབང་གིས་བརྗོད། ས་དམར་གྲོང་ཚོའི་ཀླུ་ཡུལ་ཞིང་འབྲོག་པའི་དཔལ་འབྱོར་མཉམ་ལས་ཁང་ནི་རླན་ཆུ་ཤང་ཏང་ཨུད་དང་སྲིད་གཞུང་གིས་གཙོ་གནད་ཐོག་རོགས་སྐྱོར་བྱས་པའི་སྣེ་འདྲེན་ཁེ་ལས་ཤིག་རེད། 2018ལོར་ཤང་ཏང་ཨུད་དང་སྲིད་གཞུང་གིས་མཐུན་སྦྱོར་ཧུར་ཐག་བྱས་པ་བརྒྱུད། བོད་སྐྱོར་རྣམ་གྲངས་ལས་ཀླུ་ཡུལ་མཉམ་ལས་ཁང་ལ་རོགས་སྐྱོར་མ་དངུལ་སྒོར་ཁྲི་281བརྩོན་ལེན་ཐུབ་ནས་མཉམ་ལས་ཁང་གི་ཐོན་སྐྱེད་གཉེར་སྐྱོང་གི་གཞི་ཁྱོན་སྔར་བས་ཆེ་རུ་བཏང་བས་མཉམ་ལས་ཁང་གི་ཕན་འབྲས་ཆེ་རུ་སོང་བ་དང་ཆབས་ཅིག་ངལ་རྩོལ་ལས་གནས་དེ་བས་མང་བ་མཁོ་འདོན་ཐུབ་པ་དང་། དུད་ཚང་དབུལ་པོ་དེ་བས་མང་བར་འབབ་འཕར་ལ་སྐུལ་ཁྲིད་ཐུབ་ནས་དབུལ་སྒྲོལ་འགག་སྒྲོལ་དང་གྲོང་གསེབ་དར་རྒྱས་ཀྱི་ལས་དོན་ཁྲོད་ནུས་པ་གལ་ཆེན་ཐོན་ཏེ་མཉམ་ལས་ཁང་གཞན་དག་གི་སློབ་སྦྱོང་མིག་དཔེར་གྱུར་ཡོད།
གཞི་རིམ་གྱི་དམག་འཐབ་མཁར་རྫོང་ཞིག་ཡིན་པའི་ས་དམར་གྲོང་ཚོའི་ཏང་ཀྲི་པུའུ་ལ་དམངས་གཅེས་དམངས་ཕན་གྱི་འདུ་ཤེས་ཟབ་མོ་ཡོད་པ་དང་། མང་ཚོགས་ཀྱིས་བསམ་བློ་གཏོང་སར་བསམ་བློ་གཏོང་བ་དང་མང་ཚོགས་ཀྱིས་སེམས་ཁྲལ་བྱེད་སར་སེམས་ཁྲལ་བྱས་ཏེ་གྲོང་མིའི་སེམས་ཁྲལ་དང་དཀའ་ངལ་བསལ་ཡོད། དཀའ་ངལ་ཡོད་པའི་ཁྱིམ་ཚང་ལ་རོགས་སྐྱོར་དང་འཚམས་འདྲི་བྱེད་པ་དང་། གྲོང་ཚོར་ཟམ་པ་དང་ལམ་བཟོ་བ། གྲོང་མིར་འོས་འགན་སྨན་བཅོས་བྱེད་པ་སོགས་དུས་དང་རྣམ་པ་ཀུན་ཏུ“མང་ཚོགས་ཁྲོད་ནས་ཡོང་བ་དང་མང་ཚོགས་ཁྲོད་སྐྱོད་པའི”བསམ་བློ་ལག་ལེན་བསྟར་བཞིན་ཡོད།
མང་ཚོགས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་ཆེད། གྲོང་ཚོའི“ཨུ་ལྷན་གཉིས”དང་ཏང་ཀྲི་པུའི་མཛུབ་ཁྲིད་འོག་ས་དམར་གྲོང་ཚོས་རྒན་རྒོན་གྱི་སྒྱུ་རྩལ་རུ་ཁག་དང་གཞོན་ནུའི་སྒྱུ་རྩལ་རུ་ཁག་བཙུགས་པ་རེད། དུས་ཆེན་འཆར་རིམ་བཞིན་གྲོང་ཚོའི་རིག་གནས་ཁང་དུ་དགའ་སྤྲོའི་རྣམ་པས་ཁེངས་ཤིང་། གསར་བརྗེའི་གླུ་གཞས་གཏོང་བ་དང་། དགའ་སྤྲོའི་ངང་སྒོར་གཞས་རྒྱག་པ། ཏང་གི་སྲིད་ཇུས་སྒྲོག་འགྲེལ་བྱེད་པ་སོགས་རིག་རྩལ་བྱེད་སྒོ་སྣ་ཚོགས་ངོ་མཚར་ཆེ་ལ་གྲོང་མིའི་རིག་གནས་འཚོ་བ་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་དང་བདེ་སྐྱིད་ལྡན་པའི་འཚོ་བའི་སྟོན་གྲངས་རྒྱུན་ཆད་མེད་པར་མཐོ་རུ་འགྲོ་བཞིན་ཡོད།
འདི་ལོ་ས་དམར་གྲོང་ཚོར“ལྗོངས་ཡོངས་ཀྱི་གཞི་རིམ་ཏང་འཛུགས་སྐྱོང་གི་དཔེ་སྟོན་ས་ཚིགས”ཀྱི་གཟི་བརྗིད་མཚན་སྙན་ཐོབ་ཡོད། པད་མ་ཚེ་དབང་གིས་ང་ཚོས་གཟི་བརྗིད་སྒུལ་ཤུགས་སུ་བྱས་ཏེ་གཞི་རིམ་ཏང་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་གི་ནུས་པ་སྔར་བས་འདོན་སྤེལ་གང་ལེགས་བྱས་ནས་ཚད་གཞི་དང་སྤུས་ཚད་མཐོ་བའི་སྒོ་ནས་མུ་མཐུད་ལས་དོན་ཁག་ཡག་པོ་བསྒྲུབ་རྒྱུ་ཡིན་ཞེས་བརྗོད།